SPCD-KABUM-02-KHA-005

From Khyentse Lineage - A Tsadra Foundation Project
Revision as of 15:27, 3 June 2024 by Jeremi (talk | contribs)
Wylie title SPCD-KABUM-02-KHA-005.pdf
Location 'phags mchog bka' 'bum
Volume 2, Text 5, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

༄༅། །བསྐྱེད་རིམ་གྱི་ཁྲིད་ཡིག་ཡང་ཡིག་ཟབ་པའི་མན་ངག་ཅེས་བྱ་བ་བཞུགས་སོ།། དཔལ་ལྡན་བླ་མ་རྫོགས་པའི་སངས་རྒྱས་དངོས། །མཁྱེན་བརྩེ་ནུས་པས་གང་འདུལ་དེར་སྟོན་ཅིང་། །ཁྱད་པར་སྨིན་གྲོལ་ལམ་བཟང་འགོད་མཛད་པའི། །བཀའ་དྲིན་མཚུངས་མེད་རྣམས་ལ་གུས་ཕྱག་འཚལ། །རྒྱལ་བའི་ཆོས་སྒོ་མཐའ་ཡས་གསུངས་པ་ཀུན། །ཉམས་ལེན་སྐབས་སུ་བསྐྱེད་རྫོགས་གཉིས་སུ་འདུ། །གང་ཟག་གསར་བུ་སྤྲོས་བཅས་དགའ་བ་རྣམས། །མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་པར་བྱ། །དེ་ཡང་ཚིག་ཚོགས་བཤད་པའི་རིམ་པ་རྣམས། །ཡན་དུ་བཞག་ནས་ཆོ་གའི་འགྲོས་དང་བསྟུན། །ལག་ལེན་སྙིང་པོ་ཤིན་ཏུ་འཇུག་བདེ་ཕྱིར། །མཁས་གྲུབ་རྣམས་ཀྱི་གསུང་སྒྲོས་ཡང་ཟབ་ལས། །གཅེས་པར་བཏུས་ཏེ་གཞན་ལའང་ཕན་སེམས་བཅས། །བདག་གིས་སོར་མོའི་ཟློས་གར་ཅུང་ཟད་བསྒྱུར། །དེའང་རྒྱལ་བ་རྡོ་རྗེ་འཆང་གིས་གདུལ་བྱ་སེམས་ཅན་གྱི་སྐལ་པ་དང་འཚམས་པའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཀུན་གྱི་སྐྱེལ་སོ་ནི་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེའི་ལམ་ནི་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་སུ་འདུས་ཏེ། སྣང་བ་རྡོ་རྗེ་འཆར་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུང་པའི་དོན་ནི་རྣམ་མང་ངོ་། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཞེས་དང་། གསང་འདུས་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བསྟེན། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཞེས་གསུངས་པ་ལྟར། འདིར་བསྐྱེད་རིམ་སྒོམ་ཚུལ་ཆོ་གའི་འགྲོས་དང་སྦྱར་ནས་གོ་བདེར་བརྗོད་པ་ལ། ཐོག་མར་སྨིན་བྱེད་ཀྱི་དབང་ཐོབ་དགོས། དེ་མ་ཐོབ་ན་ཉན་པ་ཙམ་ཡང་མི་དབང་ན་སྒྲུབ་པ་སོགས་ལྟ་ཅི་སྨོས། དབང་དེ་ཡང་ཐོབ་པ་ཙམ་གྱིས་མི་ཆོག་དེའི་སྲོག་རྩ་བའི་བླ་མའི་སྐུ་གསུང་ཐུགས་སོགས་ཀྱི་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་ནུས་ན་མ་བསྒོམས་ཀྱང་སྐྱེ་བ་བདུན་ན་གྲོལ་བར་གསུངས། མ་ནུས་ན་གང་བརྩམ་གྱི་འབྲས་བུ་ཕྱིན་ཅི་ལོག་ཏུ་འགྱུར་བས་ཚེ་འདིར་བཀྲ་མི་ཤིས་ཤིང་། ཕྱི་མ་རྡོ་རྗེའི་དམྱལ་བ་ལས་འགྲོ་ས་མེད་པས་རྣམ་ཀུན་བག་ཡོད་ཀྱི་གཞི་བཟུང་བ་གལ་ཆེའོ། །དང་པོ་སྦྱང་གཞི་ནི་མདོ་སྔགས་ཐུན་མོང་དུ་གྲགས་པ་ལྟར་ན། ཆོས་ཉིད་དེ་བཞིན་ཉིད་དེ་བདེ་བར་གཤེགས་པའི་སྙིང་པོ། སྦྱང་བྱ་ནི་དེ་ལྟར་མ་རྟོགས་པའི་རྩལ་སྣང་ལ་བདག་ཏུ་བཟུང་བས་གནས་དོན་ལུས་ཀྱི་འཁྲུལ་སྣང་སྟེ་ཀུན་འབྱུང་ལས་ཉོན་དང་ཟག་བཅས་འབྲས་བུ་ཆ་དང་བཅས་པའོ། །སྦྱོང་བྱེད་ནི་སྤྱིར་ཐེག་ཆེན་གྱི་དགེ་རྩ་ཆེ་ཕྲ་གང་རུང་དང་། གསང་སྔགས་ལྟར་ན་འཁོར་འདས་སྣང་སྲིད་ཐམས་ཅད་ཡེ་སངས་རྒྱས་པའི་རང་བཞིན་དུ་ལྟ་བས་ཐག་བཅད་དེ་ལམ་ཐབས་ཤེས་བསྐྱེད་རྫོགས་ཀྱི་རིམ་པ་དབྱེར་མེད་ཉིད་དུ་བརྩོན་པའོ། སྦྱང་འབྲས་ནི། གློ་བུར་གྱི་སྒྲིབ་པ་གཟུང་འཛིན་མཐའ་དག་ལས་གྲོལ་ཏེ་དག་པ་གཉིས་ལྡན་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་གཞི་ལ་གནས་པའི་ཡོན་ཏན་མཐའ་དག་མངོན་དུ་གྱུར་པ་འབྲས་བུའོ། །མདོར་ན་རང་བཞིན་གནས་པའི་གཞི་ཡེ་ནས་འཆིང་བ་ལས་འདས་པ་ནི་སྦྱང་གཞི། འཁྲུལ་བ་བཏགས་པའི་གཞི་མེད་སྣང་བ་གློ་བུར་རྣམས་ནི་སྦྱང་བྱ། དེའི་སྦྱོང་བྱེད་ཡེ་ཤེས་ལམ་བདེན་གྱི་ཆ་གྱུར་འཁོར་དང་བཅས་པ་ནི་སྦྱོང་བྱེད་ལམ། འཁྲུལ་བ་དག་པའི་ཆ་ནི་བྲལ་བའི་འབྲས་བུ་ཡིན་ནོ། །དེའང་དོན་བསྡུ་ན། སྦྱང་གཞི་འོད་གསལ་སྙིང་པོ། སྦྱང་བྱ་གློ་བུར་དྲི་མ། སྦྱོང་བྱེད་བསྐྱེད་རྫོགས་རིམ་པ། སྦྱང་འབྲས་སྐུ་དང་ཞིང་ཁམས་མཐུན་པ་ཡིན་པས། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱང་འབྲས་རྣམས་གོ་མྱོང་ཅི་རིགས་པ་དང་འབྲེལ་བསྒྲུབ་བྱའི་ལྷ་ནི། ཆོས་ཉིད་དོན་གྱི་ལྷ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་འཁོར་ལོ་སྟེ་དེའི་ངང་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་འདུ་འབྲལ་མེད་ཀྱང་། དེ་ལྟར་མ་རྟོགས་པའི་དབང་གིས་རང་དང་ལྷ་ཐ་དད་སྣང་ནས། བདག་འཆིང་བ་ཀུན་ལྡན་ལས་ཉོན་གྱི་སྦུབས་སུ་འཐུམ། ལྷ་ནི་རྣམ་གྲོལ་ཡེ་ཤེས་ཀྱི་སྐུ་ཅན་ཏེ་རང་དོན་མཐར་ཕྱིན་ལ་གཞན་དོན་མཁྱེན་བརྩེ་ནུས་པ་ཚད་མེད་པའི་སྒོ་ནས་སྐུ་ཚད་མ་དང་། གསུང་རིག་སྔགས་དང་། ཐུགས་ཏིང་ངེ་འཛིན་གྱི་འཇུག་པའི་སྒོ་ནས་དངོས་གྲུབ་ཡིད་བཞིན་སྩོལ་ཞིང་རྣམ་གྲོལ་གཏན་དུ་བདེ་བའི་གོ་འཕང་ལ་ངེས་པར་འགོད་པའི་ཕྲིན་ལས་བསླུ་མེད་མཛད་པ་ཡིན།། ༈ །།དེ་ལྟར་སྒྲུབ་ཚུལ་ལ་ཕྱི་ནང་གསང་གསུམ་སྟེ་འདི་ནི་ཕྱི་ལྟར་སྒྲུབ་ཚུལ་གྱི་དབང་དུ་བྱས་ལ། དང་པོ་སྐྱབས་འགྲོ་སེམས་བསྐྱེད་གཉིས་ཏེ། གང་ལ་སྐྱབས་སུ་འགྲོ་ན་བླ་མ་མཆོག་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས། གང་སྐྱབས་སུ་འགྲོ་ན་རང་གཞན་སེམས་ཅན་ཐམས་ཅད། རྒྱུ་ཅི་ཕྱིར་འགྲོ་ན་སྐྱབས་གནས་ཀྱི་ཡོན་ཏན་ཤེས་པ། སྤྱིར་འཁོར་བའི་སྡུག་བསྔལ། སྒོས་རང་དོན་ཡིད་བྱེད། ཡང་སྒོས་ཐ་མལ་འཁྲུལ་འཛིན་གྱི་ཞེན་རྟོག་ལས་སྐྱོབ་པའི་ཕྱིར། ཚུལ་ཇི་ལྟར་ན་ཀུན་རྫོབ་ཏུ་སྟོན་པ་ལམ་གྲོགས་སོགས་ཀྱི་ཚུལ་དང་། དུས་ཇི་སྲིད་བྱང་ཆུབ་ཀྱི་བར་ཏེ་སྐྱབས་ཡུལ་རང་རྒྱུད་དུ་མ་གྲུབ་བར་དུ་སྐྱབས་སུ་མཆི་སྙམ་ནས་སྐྱབས་ཡུལ་གསལ་བཏབ་དང་ངག་འདོན་ལན་གསུམ་འདོན་ནོ།། ༈ །།དེ་ནས་སེམས་བསྐྱེད་ལ། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་མེད་ཀྱི་འབྲས་བུ་ཉིད་ཐོབ་པར་འདོད་པས་འབྲས་བུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་དང་། རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་དེ་ཀུན་རྫོབ་བརྡ་ལས་བྱུང་བ་ལྟར་བསྒོམ་མོ།། ༈ །།དེ་ནས་སྔོན་འགྲོ་ལ་འགལ་རྐྱེན་བགེགས་བསལ་བ་དང་། མཐུན་རྐྱེན་སྒྲུབ་པ་དང་གཉིས་ཡོད། དང་པོ་ལ་རང་སེམས་སྟོང་པ་ཉིད་ཀྱི་རང་རྩལ་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སོགས་མཚམས་ལྷ་གང་ཡིན་གྱི་སྐུར་ལམ་གྱིས་གསལ་བཏབ་ནས། བགེགས་གཏོར་བསང་སྦྱང་གིས་སྟོང་པར་བྱས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་རྫས་འདོད་ཡོན་ལྔ་ལྡན་གྱི་བཅུད་ཀྱིས་ཁེངས་པར་མོས་ལ། ཨོཾ་གྱིས་མ་དག་པའི་དྲི་མ་སྦྱངས། ཨཱཿས་རྫས་རྣམས་མང་པོར་སྤེལ། ཧཱུྃ་གིས་རང་རང་གང་མོས་ཀྱི་ལོངས་སྤྱོད་འཆར་བར་བྱས། ཞེས་ཟག་བཅས་ཀྱི་དྲི་མ་བསལ་ནས་ཡེ་ཤེས་ཀྱི་བདུད་རྩིར་སྦར་ཏེ་བྱིན་གྱིས་བརླབ་བོ། །ཐུགས་རྗེའི་འོད་ཟེར་གྱིས་བགེགས་རྣམས་མདུན་དུ་བཀུག་ལ་གཏོར་མ་སྔགས་དང་ཕྱག་རྒྱས་བསྔོས། བདེན་པའི་ཚིག་བརྗོད་ལ་གཏོར་མ་ཕྱི་རོལ་དོར། གལ་ཏེ་བསྒོ་བའི་བཀའ་ལ་མི་ཉན་པ་བར་གཅོད་རྩོམ་པའི་རིགས་རྣམས་ལ། བདག་ཉིད་ཁྲོ་བོའི་རྒྱལ་པོ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་མཚོན་མེ་དཔུང་གི་ཆར་མི་ཟད་པ་སྤྲོས་པས་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་མོས་ཏེ། གུ་གུལ་གྱིས་བདུག་ཡུངས་ཐུན་གྱིས་བྲབ། དྲག་སྔགས་བརྗོད་ཅིང་། དེ་ནས་མཚམས་བཅད་ཀྱི་རྐུན་པོ་ཕྱིར་ཕྱུང་ནས་སྒོ་བསྡམས་པ་ལྟར་སྤྲུལ་པའི་ཁྲོ་མཚོན་གྱི་ཚོགས་རྣམས་ཚུར་འདུས་ཞུ་ལུགས་སུ་འབྲེལ་བའི་རྣམ་པ་ཅན་གྱི་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་གྱེན་ལངས་དང་ཆུ་རྒྱུག་སྤེལ་མའི་བརྩེགས་པའི་རྭ་བ་དབྱིབས་ཟླུམ་པོ་མཐོ་ཞིང་ཡངས་པ་ལྕགས་རི་ལྟ་བུས་བསྐོར་བ། དེ་སྟེང་རྡོ་རྗེའི་གུར་དབུས་མཐོ་ཞིང་མཐའ་རིམ་གྱིས་གཞོལ་བ་ཕྱིར་འཕྱང་བ་སོགས་རྒྱ་གུར་གྱི་ཐོད་འདྲ་བ་རྭ་བ་ལ་ཁ་གཅོད་བཏབ་པ་ལྟར་ཕུབ་ཅིང་། རྭ་གུར་བསྒྲིལ་མཚམས་ནས་ནང་དུ་རྡོ་རྗེ་དྲྭ་བའི་སྟེང་ཁེབ་པའི་བླ་བྲེ་དང་། རྭ་གུར་གྱི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་ཁོ་ན་བསྣོལ་ཞིང་སྒྲིལ་བ་རྡོ་རྗེ་རྭ་བས་གཡོགས་པ་གུར་གྱི་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་དང་། རྭ་བའི་སྐེད་པ་ལ་རྡོ་རྗེའི་ཕྲེང་བས་བཅིང་བ། རྡོ་རྗེ་ཐམས་ཅད་ཀྱི་མདོག་སྔོན་པོ། དེ་ལས་སྤྲུལ་པའི་ཁྲོ་མཚོན་མེ་དཔུང་རྡོ་རྗེའི་ཚྭ་ཚྭ་འཕྲོ་བས་བགེགས་དང་བར་ཆད་ཐམས་ཅད་བསྲུང་ཞིང་མདོར་ན་བསྐལ་པའི་རླུང་ཡང་མི་ཐར་བའི་ནང་དུ་བསྲུང་བྱ་མི་ནོར་འཁོར་བཅས་ཚུད་པར་བསྒོམ་མོ།། ༈ །།དེ་ནས་བྱིན་དབབ་པ་ནི། གང་དབབ་པར་བྱ་བ་ཡེ་ཤེས་ལྷ་ཡི་འབྲས་ཆོས་རྣམ་ལྔའི་གཟི་བརྗིད་བྱིན་རླབས་ཆེན་པོ། གང་ལ་དབབ་ན་བདག་སྒྲུབ་པ་དང་གནས་ཁང་སྒྲུབ་པའི་ཡོ་བྱད་དང་བཅས་པ་ལ། གང་གི་ཆེད་དུ་དབབ་ན་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་གཙོ་བོར་གྱུར་པ་དངོས་གྲུབ་ཐམས་ཅད་ཐོབ་རུང་བའི་ནུས་མཐུའི་གཟི་བྱིན་བསྐྱེད་པ། ཚུལ་ཇི་ལྟར་དབབ་ན་རང་ཉིད་ཀྱི་མོས་གུས་དྲག་པོས་བསྐུལ་བས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཏིལ་གྱི་གང་བུ་ཁ་ཕྱེས་པ་ལྟར་མཁའ་ཁྱབ་ཏུ་སད་པ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་མཚོ་ཆེན་པོ་ལ་ཁ་བ་བབ་པ་ལྟར་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བྱིན་གྱིས་རློབས་པར་བསམ་ལ་བྱིན་འབེབ་ཀྱི་ཚིག་དབྱངས་བཅས་བརྗོད་ཅིང་ཁྱད་པར་གྱི་རྫས་བདུག་ཅང་ཏེའུ་སོགས་འཁྲོལ་ལོ།། ༈ །།དེ་ནས་མཆོད་པ་བྱིན་རླབས་སྤྱིར་སྦྱོང་བ་ལ། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་འཕྲོས་པས་རཾ་ལས་མེ་བྱུང་བས་མཆོད་རྫས་ཀྱི་མ་དག་པའི་ཉེས་སྐྱོན་བསྲེགས། ཡྃ་ལས་རླུང་བྱུང་བས་དངོས་འཛིན་གཏོར། ཁྃ་ལས་ཆུ་བྱུང་བས་བག་ཆགས་བཀྲུས། སྭ་བྷཱ་བའི་སྔགས་སོགས་ཀྱིས་རང་བཞིན་སྟོང་པར་སྦྱངས་ཏེ་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལས་མཉམ་པར་བཞག་ཅིང་། ཐུན་མོང་ཕྱི་ནང་གི་ཉེར་སྤྱོད་རྣམས། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ལས་རང་རང་གི་ས་བོན་ལས་བྱུང་བའི་ཡིད་དུ་འོང་བའི་ལྷ་རྫས་ཀྱི་མེ་ཏོག་སོགས་ཕྱི་མཆོད་དང་། རང་བྱུང་གི་རྫས་དབང་པོ་ལྔའི་མེ་ཏོག་སོགས་ནང་གི་ཉེར་སྤྱོད། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་བདུན་སོགས་མཆོད་རྫས་ཀྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་མཆོད་རྫས་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས་ནམ་མཁའི་ཁམས་གང་བར་དམིགས་ལ་སྔགས་སོགས་བརྗོད། ཁྱད་པར་སྨན་གཏོར་རཀྟ་གསུམ་སྟེ་སྨན་ཕུད་ནི། རང་བྱུང་བདེ་སྐྱོང་གི་སྣོད་ཀ་པཱ་ལར། བཅུད་བདེ་གཤེགས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་རྫས། དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་གླང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཤ་ཆེན་གྱི་དྭངས་མ། ནུབ་ཏུ་རྟ་ཤ་དང་རྡུལ། བྱང་དུ་གླང་ཆེན་གྱི་ཤ་དང་དྲི་ཆུ་རྣམས་རིམ་བཞིན། ཧྲཱིཿཔཱྃ་ཧཱུྃ་ལཱྃ་ཏྲྃ་མཱྃ་ཨོཾ་མཱུྃ་ཨཱ་ཏཱྃ་རྣམས་ལས་རིགས་ལྔ་ཡབ་ཡུམ་བཅུ་བསྐྱེད། མཉམ་པར་སྦྱོར་བའི་མཚམས་ནས་བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྤྱན་དྲངས། འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ་ནས་རིགས་ལྔ་ཡབ་ཡུམ་ལ་ཐིམ་པས་མཁའ་གསང་ནས་བདུད་རྩི་དཀར་དམར་གྱི་རྣམ་པ་བྱུང་། ཐོད་པའི་ནང་ཁེངས། མཐར་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་བསམ་ལ་སྔགས་བརྗོད། གཏོར་མ་ནི། གཏོར་གཞོང་རིན་པོ་ཆེའི་སྣོད་ས་གཞི་དང་མཉམ་པར་གཏོར་རྫས་འདོད་ཡོན་གྱི་ཕུང་པོ་ལྷ་རྣམས་ཇི་ལྟར་དགྱེས་པའི་ལོངས་སྤྱོད་ཀྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་མཁའ་ཁྱབ་ཏུ་སྤྲུལ་ཞིང་སྤེལ་བ་དང་། སྤྱིར་གཏོར་མ་ལ་ཤེས་པ་གསུམ་སོགས་བཤད་པ་ཡོད་ཀྱང་འདིར་མཆོད་རྫས་སུ་ཤེས་པར་བྱའོ། །རཀྟ་ནི། ཡུམ་གྱི་མཁའ་མཚོན་བྱེད་བྷནྡྷ་རློན་པ་སྐྲ་དང་བཅས་པའི་ནང་དུ། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་མམ། ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། སེམས་སྣང་མེད་གཟུགས་མེད་ཀྱི་ཁམས་ཏེ་སྒོ་གསུམ་དུ་ཞེན་ཅིང་ཆགས་པའི་ཀུན་རྟོག་ཐམས་ཅད། བསྡུས་ཤིང་སྦྱང་བས་ཆགས་མེད་བདེ་བ་ཆེན་པོའི་རཀྟའི་རྒྱ་མཚོར་བསྐྱིལ་བ་འདོད་ཡོན་གྱི་ཡོན་ཏན་འཕྲོ་བའི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་བའོ།། ༈ །།ད་ནི་དངོས་གཞིའི་རིམ་པ་ལ་སྐུ་གསུང་ཐུགས་ཏེ། དང་པོ་སྐུ་ལ་ཏིང་འཛིན་རྣམ་གསུམ། དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་སྤྱན་དྲངས། བཞུགས་གསོལ། ཕྱག་འཚལ་མཆོད་བསྟོད་ལ་སོགས་ཏེ། མདོར་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ད་ལྟར་རང་རེ་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་སྟོང་གསལ་འགག་མེད་ཀྱི་ཡེ་ཤེས་སྤྲོས་པའི་མཚན་མ་དང་བྲལ་བའི་རང་བཞིན་མཉམ་པ་ཉིད་དུ་བཞག་པས་རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་གདོད་མ་ནས་རྣམ་པར་དག་པའི་ངོ་བོ་མཐོང་བ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ནས། ཀུན་སྣང་གི་ཏིང་ངེ་འཛིན་ནི། སྟོང་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ལ་འཁོར་འདས་གཉིས་སུ་མ་གྲུབ་པས་རང་རྩལ་ལ་སྒྱུ་མའི་མཚང་མ་ཤེས་པས་བསླུས་པ་ལྟར། འཁོར་བའི་གནས་སུ་རང་དབང་མེད་པར་འཁྱམས་པའི་འགྲོ་བ་འདི་དག་གཏན་དུ་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་ནས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་འཛིན་མེད་སྒྱུ་མ་ལྟ་བུར་སྐྱེས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནོ། །རྒྱུ་ཡི་ཏིང་ངེ་འཛིན་ནི། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་སྤྲུལ་པ་ནི་ཡི་གེ་ཨཱཿཧཱུྃ་ཧྲཱིཿསོགས་སོ་སོའི་ས་བོན་གཙོ་བོའི་སྐུ་མདོག་དང་མཐུན་པ་དྭངས་མའི་སྲོག་ཆེན་པོ་ཉིད་རྣམ་པ་ཤིན་ཏུ་དྭངས་ཤིང་གསལ་ལ་གང་དུའང་འགྱུར་བ་མེད་ཅིང་ཅིར་ཡང་འཆར་དུ་རུང་བའི་གསལ་བརྟན་མི་ཕྱེད་པར་བྱས་པ་དེ་རྒྱུའི་ཏིང་ངེ་འཛིན་རྣམ་གསུམ་འདིས་མདོར་ན་འཆི་བར་སྐྱེ་གསུམ་གྱི་བག་ཆགས་སྦྱང་བ་དང་། སྦྱང་འབྲས་སྐུ་གསུམ་གྱི་རྟེན་འབྲེལ་འགྲིགས་པ་དང་། སྦྱོང་བྱེད་ཁམས་རང་གི་ངོ་བོའང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཏེ། འདི་ལ་གོ་མྱོང་ཅི་རིགས་སྐྱེས་ན་བསྐྱེད་རིམ་ཕྱི་མ་རྣམས་ཀྱི་དག་སྦྱོང་རེ་རེ་བཞིན་ཞིབ་པར་མ་གྲུབ་ཀྱང་འགལ་བ་ཆུང་སྟེ། དོན་གྱི་གནས་རྣམས་འདིར་ཚང་བ་ཡིན་པས་ཐོག་མར་འདི་ཁོ་ན་ལ་གོམས་འདྲིས་བྱ་རྒྱུ་གལ་ཆེ་གསུངས།། ༈ །།ད་ནི་འབྱུང་རིམ་བསྐྱེད་པ་ལ། གོང་གི་སྲུང་འཁོར་གྱི་ནང་དུ་ནམ་མཁའ་གནས་པའི་རྒྱུ་ཡི་ས་བོན་ལས་ཨེ་ཡྃ་སོགས་ཆད་པ་ལས་འོད་ཟེར་འཕྲོས་པས་འབྱུང་བ་ལྔ་དང་དེར་འཛིན་གྱི་ཞེན་རྟོག་སྦྱང་། འབྱུང་ལྔའི་དྭངས་མ་ཡེ་ཤེས་ལྔའི་ཡོན་ཏན་ཐམས་ཅད་བསྡུས་ཏེ་ཞུ་བ་ལས་ཨེ་ལས་ནམ་མཁའ་མཐིང་ནག་ཆོས་འབྱུང་གི་གདེངས་ཀ་གྱེན་དུ་རྒྱས་ཤིང་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། དེའི་སྟེང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་དབྱིབས་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ལ་འོད་ཟེར་ལྗང་ནག་གི་མུ་ཁྱུད་ཅན། རྃ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་པ་ལ་མེ་ལྕེ་འབར་བས་བསྐོར་བ། བྃ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོའི་མཐའ་ལ་འོད་ཟེར་དཀར་པོས་བསྐོར་བ། ལྃ་ལས་ས་ཡི་དཀྱིལ་འཁོར་གསེར་གྱི་རང་བཞིན་གྲུ་བཞི་ལ་འོད་ཟེར་སེར་པོས་བསྐོར་བ། སུྃ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་བཞི་པ་དབྱིབས་གྲུ་བཞི་ལ་མཐར་ལྕགས་རིས་བསྐོར་བ་རྣམས་རེག་ལ་མ་འབྱར་བ་བསྒོམ།། ༈ །།དེ་ནས་གཞལ་ཡས་ཁང་ལ་ས་བོན་ལས་ཡི་གེ་བྷྲཱུྃ་ཁ་དོག་ལྔ་ལྡན་ཆད་རི་རབ་ཀྱི་སྟེང་དུ་བབས་ནས་འཕྲོ་འདུས་འོད་དུ་ཞུ་བ་ལས། རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་གྲུབ་པ། ངོ་བོ་ཡེ་ཤེས་ལྔའི་རང་བཞིན་རྣམ་པ་དབྱིབས་དང་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་སྟེ་རྒྱུ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་ཅན་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་ལྟེ་བ་ཟླུམ་པོ་ལེབ་ཆགས་ཅན་ཁ་དོག་ལྗང་གུ་གེ་སར་དམར་པོ་ཟིལ་ཕོང་དང་བཅས་པ། དེ་སྟེང་ཉི་དཀྱིལ་དྭངས་ཤིང་གསལ་བ་གེ་སར་དང་མཉམ་པ་དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་ལྟེ་བ་མཐིང་ག་གྲུ་བཞི་པ་ཤར་གྱི་ར་གསུམ་དཀར་པོ་སོགས་ཕྱོགས་མདོག་ཅན། དེའི་ལྟེ་བའི་གཞི་ལ་གཞལ་ཡས་ཁང་ཀུན་ནས་གྲུ་བཞི་པ་རིན་པོ་ཆེ་ལྔའི་རྩིག་པ་ཕྱི་རིམ་ནང་ནས་གཙོ་བོའི་ཁ་དོག་དང་མཚུངས་པའི་ཕྱི་རིམ་ལྔ་ཅན་ཕྱིའི་འགྲམ་སྨད་ན་འདོད་ཡོན་གྱི་སྣམ་བུ་རིན་པོ་ཆེ་དམར་པོའི་སྟེགས་བུས་བསྐོར་བ་ལ་ཤར་སྟོད་ནས་རིམ་པར་མཆོད་པའི་ལྷ་མོ་གཉིས་གཉིས་ཞལ་ནང་བསྟན་དུ་ཡོད་དེ་སྐུ་མདོག་ཕྱག་མཚན་ཀྱང་། པི་ཝཾ་མ་སྔོན་མོ། གླིང་བུ་མ་སེར་མོ། རྔ་ཟླུམ་མ་དམར་མོ། རྫ་རྔ་མ་ལྗང་གུ་རྣམས་རང་རང་གི་ཕྱག་མཚན་འཛིན་པ། དེ་བཞིན་དུ་ལྷོར་སྒེག་མོ་སྔོན་མོ་དང་བཞད་མ་དམར་མོ་གཉིས་རང་རྒྱ་ཅན། གླུ་མ་སེར་མོ་ཏིང་ཤག་འཛིན་པ། གར་མ་ལྗང་གུ་གར་རྒྱ་ཅན། ནུབ་ཏུ་མེ་ཏོག་མ་སེར་མོ། སྤོས་མ་དམར་མོ། སྣང་གསལ་མ་དམར་མོ། དྲི་མ་ལྗང་གུ་རྣམས་རང་རང་གི་ཕྱག་མཚན་འཛིན་པ། བྱང་དུ་གཟུགས་མ་དཀར་མོ་མེ་ལོང་། རོ་མ་དམར་མོ་ཟས་གཞོང་། རེག་མ་སེར་མོ་ན་བཟའ། ཆོས་དབྱིངས་མ་སྔོན་མོ་ཆོས་འབྱུང་འཛིན་པ་ཐམས་ཅད་ཀྱང་ཞི་ཚུལ་སྒེག་ཉམས་ཅན་དར་དང་རིན་པོ་ཆེས་བརྒྱན་པ་དང་། སྒོ་ཁྱུད་དང་ཤར་ལྷོའི་མཚམས་རྣམས་ཟླ་ཕྱེད་རྡོ་རྗེ་རེ་རེས་མཚན་པ། རྩིག་པའི་སྟེང་གི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པ་བད་ཀྱི་ཚུལ་དུ་འཕྱང་བ་དེའི་སྟེང་དུ་ཀ་ཐུང་གིས་བཏེགས་པའི་གདུང་མ། དེའི་སྟེང་དུ་ཐོག་ཕུབ་པའི་ཕྱམ་གྱི་སྣ་ལ་རྫི་པ་ཏྲའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་དང་། གཞན་ཡང་མེ་ཏོག་གི་ཕྲེང་བ། དར་དཔྱངས། མེ་ལོང་། ཟླ་ཕྱེད། རྔ་ཡབ་རླུང་གིས་བསྐྱོད་པ་སོགས་དང་། ཁྱིམ་གྱི་སྟེང་རྒྱ་ཕིབས་འདོད་སྣམ་གྱི་ཕྱི་མཐའ་ཁེབ་པའི་འོག་ཏུ་རིན་པོ་ཆེ་དཀར་པོའི་ཤར་བུ་སྤྱི་བླུག་མགོ་ཐུར་བལྟས་ལྟ་བུ་བསྒྲིགས་པ། རྒྱ་ཕིབས་ཀྱི་འོག་ཏུ་དེའི་རྩ་བ་གནོད་སྦྱིན་རིན་པོ་ཆེའི་སྤང་ལེབ་དཀར་པོ་བང་རིམ་གསུམ་མམ་བཞི་ཡོད་པ་བསླངས་ནས་བསྒྲིག་པར་པུ་ཤུ་མཆོད་རྟེན་རིས་སུ་གྲགས། གཞལ་ཡས་ཁང་གི་ནང་དུ་ཀ་བ་བརྒྱད་ཀྱིས་བཏེགས་པའི་གདུང་བཞི་བསྣོལ་བའི་སྟེང་དུ་ཕྱམ་ཉི་ཤུ་རྩ་བརྒྱད་བཏང་བས་དབུས་ཀྱི་མཐོངས་ཀ་མ་གཏོགས་བཀབ་པའི་སྟེང་དུ་རིན་པོ་ཆེའི་སྤང་ལེབ་བསྒྲིགས་པ༑ ཐོག་རིན་པོ་ཆེའི་ཕྱམ་གཅལ་དུ་བཀྲམ་པ། དབུས་ཕྱུར་བུ་ཞེས་པའི་དོན་མཐོངས་ཀའི་ཟུར་བཞིར་ཀ་བའམ་ཤིང་བརྩེགས་ཀྱི་བཀོད་པས་བཏེགས་པའི་སྟེང་དུ་རྒྱ་ཕིབས་བཀལ་བའི་རྩེ་མོ་རྡོ་རྗེ་རིན་པོ་ཆེ་ཏོག་གིས་མཛེས་པར་བྱས་པ། ཕྱོགས་ཀྱི་སྒོ་བཞིའི་ཕྱི་རོལ་ཀ་བ་བཞི་བཞིའི་སྟེང་ན་གདུང་བཞི་བསྣོལ་མར་བཏང་བ་ནི་སྒོ་ཕིབས་སམ་རྟ་བབས་ཞེས་ཏེ། རྒྱུའི་རྟ་བབས་ནི་སྒོ་ཕུབ་གཡས་གཡོན་དང་། སྒོ་ངོས་ཀྱི་ཕྱི་མཚམས་སུ་ཐེམ་སྐས་བཞི་བཞི་སྟེ་བརྒྱད་དོ། །འབྲས་བུའི་རྟ་བབས་ནི། སྒོ་སྟེང་གདུང་བཞི་བསྣོལ་མའི་སྟེང་དུ་རྟ་བབས་སྣམ་བུ་བཞི་མའམ། བརྒྱད་ཀྱི་དབང་དུ་བྱས་ན་རིམ་པར། རྟ་རྐང་། ཆུ་སྐྱེས། ཟར་ཚགས། རྣ་འཕྱང་། ཆུན་འཕྱང་། ཤར་བུ། རྒྱ་ཕིབས་ཏེ་བརྒྱད་དོ། །རྒྱ་ཕིབས་ཀྱི་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་དང་བཅས་པ་དཔྱངས་བ། སྟེང་དུ་པདྨའི་ལྟེ་བར་གསེར་གྱི་འཁོར་ལོ་དང་གཡས་གཡོན་གཉིས་སུ་ཐབས་ཤེས་རི་དྭགས་ཕོ་མོ་རྭ་ཡོད་མེད་གཉིས་ཀྱིས་བརྟེན་པའི་སྟེང་དུ་རིན་པོ་ཆེའི་གདུགས་དཀར་པོས་མཛེས་པ། གཞན་ཡང་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པར་ཕྱི་གསལ་ནང་གསལ་དྭངས་ཤིང་ཐོགས་པ་མེད་པ་སྟེ་སྤྱི་ཙམ་དུ་ཡིན་ལ། དེ་ལྟར་སྒོམ་པའི་ཚེ་སོ་སོའི་དག་པ་མ་དྲན་ན་བསྒོམ་བྱ་རང་རྒྱུད་པར་གོལ་བའི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་དང་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་དང་ཕྲིན་ལས་ཀྱིས་བསྡུས་པའི་རྣམ་བྱང་སོགས་ཀྱི་ཆོས་རྣམས་གདུལ་བྱ་འདུལ་བའི་སླད་དུ་གཞལ་ཡས་ཁང་དང་ལྷ་སྐུའི་ཕྱག་རྒྱའི་རྣམ་པར་ཤར་བ་ཡིན་པས་དེ་ལྟར་དྲན་པ་བྱ་དགོས། དེ་ཡང་ལས་དང་པོ་པས་སྒོམ་ཐེངས་གཅིག་ལ་མཐའ་དག་དྲན་པར་མ་ནུས་ན་གཞལ་ཡས་ཁང་གི་ཆོས་དེ་དག་སངས་རྒྱས་ཀྱི་སྤངས་རྟོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དེ་དང་དེའི་མཚོན་བྱེད་དུ་ཤར་བ་ཡིན་ནོ་སྙམ་པས་ཀྱང་དག་དྲན་རྗེས་མཐུན་པར་འགྱུར་རོ།། ༈ །།དེ་ནས་གདན་བསྐྱེད་པ་ལ། གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བར་པདྨ་དང་། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དམར་པོ་ཟླ་བའི་དཀྱིལ་འཁོར་དཀར་པོ་ཉ་གང་བ་གཉིས་བརྩེགས་སོགས་བསྒོམ་པ་སྟེ་དཔེར་ན་སྒྱུ་འཕྲུལ་ལྟར་ན་གཙོ་བོ་རིགས་ལྔ་ལ་སྲོག་ཆགས་དང་རིན་པོ་ཆེའི་ཁྲི་དང་ཉི་ཟླ་པདྨ་སྟེ་ལྔ་བརྩེགས། སེམས་དཔའ་རྣམས་ལ་ཉི་ཟླ་པདྨ་གསུམ་བརྩེགས། ཐུབ་དྲུག་ལ་པད་རྐྱང་། སྒོ་བ་ཁྲོ་བོ་ལ་ཉི་རྐྱང་། བྱ་བྱེད་གཉིས་ལ་ཉི་ཟླ་པདྨ་རིན་པོ་ཆེའི་ཁྲི་སྟེ་བཞི་བརྩེགས་གསུངས་པ་ལྟ་བུས་མཚོན་ཏེ་རང་གཞུང་སྐབས་ཐོབ་སྦྱར་ཤེས་དགོས་ཤིང་གང་ལྟར་ཡང་གདན་གྱི་དག་སྦྱོར་ལ། སེང་གེའི་ཁྲི་ནི་མི་འཇིགས་པ་བཞི། དེ་བཞིན་གླང་ཆེན་སྟོབས་བཅུ། རྟ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི། རྨ་བྱ་དབང་བཅུ། ཤང་ཤང་ཕྲིན་ལས་བཞིས་འགྲོ་བ་འདུལ། ཉི་ཟླ་གཉིས་ནི་ཐུགས་རང་བཞིན་གྱི་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་དུ་འཇུག་པ། པདྨ་ནི་ཉེས་པའི་སྐྱོན་གྱི་མ་གོས་པ། རིན་ཆེན་ནི་གདུལ་བྱའི་རེ་བ་ཡོངས་སུ་སྐོང་བའི་བརྡའོ།། ༈ །།ད་ནི་ལྷ་བསྐྱེད་པའི་རིམ་པ་ལ་སྐྱེ་གནས་བཞིའི་བག་ཆགས་སྦྱང་ཚུལ་མང་སྟེ། དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་བཅས་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །དང་པོ་ཤིན་ཏུ་སྤྲོས་བཅས་སྒོང་སྐྱེས་སྦྱོང་བྱེད་ལ་བདག་སྲས་སུ་གཞན་བྱ་བ་ལ་ལྔ། གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་སོགས་ཀྱི་རྣམ་ཚུལ་མང་བས་འདིར་བསྡུས་པ་ཉིད་སྟོན་ཏེ་སྐྱབས་སེམས་ཀྱི་རྗེས་འདི་ལྟར་སྒོ་ང་ལས་སྐྱེ་བ་རྣམས་ལན་གཉིས་སུ་སྐྱེ་བ་ལྟར། རང་ཉིད་སྐད་ཅིག་གིས་གཙོ་བོ་ཡབ་ཡུམ་གསལ་བཏབ་ལ་མདུན་མཁར་བསྒོམ་བྱའི་དཀྱིལ་འཁོར་སྤྱན་དྲངས་པའོ། །གསལ་གཏབ་སྟེ་མཆོད་བསྟོད་གསལ་གདབ་སོགས་བྱས་རྗེས་སླར་ཡང་བཛྲ་མུས་སྟོང་པའི་ངང་དུ་མཉམ་པར་བཞག་པ་ཙམ་ཁྱད་པར་གྱི་ཆོས་སུ་ངེས་པར་བྱས་ནས། ཐུན་མོང་དུ་མངལ་སྐྱེས་སྦྱང་བྱེད་ལའང་མངོན་བྱང་ལྔ་བསྐྱེད་དང་མངོན་བྱང་བཞི་བསྐྱེད། །ཆོ་ག་གསུམ་བསྐྱེད། རིམ་པ་གསུམ་དུ་གསུངས་པ་དེའང་། དྲོད་སྐྱེས་སྦྱང་ཚུལ་ཨ་ནུ་ཡོ་ག་དང་རྫུས་སྐྱེས་སྦྱང་ཚུལ་སྤྲོས་མེད་ཨ་ཏི་ཡོ་གའི་དགོངས་པ་སོགས་མང་ཞིང་། བསྡུ་ན་སྔ་འགྱུར་རྙིང་མའི་ཕྱོགས་འདིར་མངལ་སྐྱེས་སྦྱོང་བྱེད་བསྡུས་པ་རྡོ་རྗེའི་ཆོ་ག་སུམ་བསྐྱེད་རང་བཤད་པ་ཡིན་ཞིང་། དེའང་ཉི་ཟླ་ས་བོན་ཡི་གེ། ཕྱག་མཚན་གནས་འགྱུར་གྱིས་སྐུ་ཡོངས་རྫོགས་གསལ་དགོས་ཤིང་། འདིའི་སྦྱང་བྱ་བར་དོའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ནས་རིམ་གྱིས་ལུས་རྫོགས་པ་དང་མཐུན་པར། གདན་ཉི་མ་མའི་རྡུལ། ཟླ་བ་ཕའི་ཁུ་བ། ས་བོན་རྒྱུའི་ཏིང་ངེ་འཛིན་ཡི་གེ་གདན་ལ་བབས་པ་བར་དོའི་རྣམ་ཤེས་མའི་མངལ་དུ་དཀར་དམར་ཚོགས་པ་ལ་འཇུག་མ་རག་གི་གནས་སྐབས་དེ་ཡིན། ས་བོན་ལྷ་གང་ཡིན་གྱི་ཕྱག་མཚན་དུ་བསྒྱུར་བ་ནི་ཁམས་དཀར་དམར་གྱི་དབུས་སུ་རྣམ་ཤེས་ཞུགས་ནས་ཁུ་རྡུལ་སེམས་གསུམ་གཅིག་ཏུ་འདྲེས་པ་དེ་སྦྱོང་། དེ་ལས་འོད་ཟེར་སྤྲོ་བསྡུ་ནི་མངལ་གྱི་ལུས་དེ་ཉིད་འབྱུང་བ་བཞིའི་བྱེད་ལས་ཀྱིས་ཕུང་ཁམས་སྐྱེ་མཆེད་རིམ་གྱིས་གྲུབ་པ་དང་། ཕྱག་མཚན་ཏེ་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་ནི་མངལ་གྱི་སེམས་ཅན་དེ་རྣམས་ལུས་རྫོགས་ནས་བཙས་པའི་བར་གྱི་བག་ཆགས་རྣམས་སྦྱོང་བར་བྱེད་པ་ཡིན་ལ། དེ་ལྟར་བསྐྱེད་ཚུལ་འདིས་ནི་སྐྱེ་གནས་གཞན་གྱི་བག་ཆགས་རྣམས་ཀྱང་ཞར་ལ་སྦྱང་བར་ནུས་པའི་ཚུལ་རྣམས་གསུངས་འདུག་གོ། །སྦྱོང་བྱེད་ནི་ནམ་མཁར་གནས་པའི་རྒྱུའི་ས་བོན་ཡི་གེ་ཉིད་གདན་གྱི་སྟེང་དུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་ག་དེ་རིགས་ཀྱི་ཕྱག་མཚན་གང་ཡིན་ལ་སྙིང་པོ་ས་བོན་གྱི་ཡི་གེས་མཚན་པར་གྱུར་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་འོད་ཟེར་གྱི་ཚུལ་དུ་ཕྱག་མཚན་ས་བོན་དང་བཅས་པ་ལ་ཐིམ་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གའོ། །ཕྱག་མཚན་ས་བོན་དང་བཅས་པ་དེ་ཡོངས་སུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་འཛིན་པ་བསྐྱེད་བྱའི་ལྷ་གང་ཡིན་གྱི་སྐུ་མཚན་དཔེ་གསལ་རྫོགས་སུ་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་གའོ།། ༈ །།དེ་ནས་བསྐྱེད་པ་ལྷའི་མཚན་ཉིད་ནི་ཡི་དམ་གང་ལ་བརྟེན་པའི་མངོན་རྟོགས་ལྟར་བསྒོམ་པར་བྱ་བ་ལས་མཐའ་གཅིག་ཏུ་ངོས་བཟུང་དཀའ་ཡང་། སྤྱི་ཙམ་དུ་བསྒོམ་བྱའི་ལྷ་ཞི་བ་དང་ཁྲོ་བོ་གཉིས་ཡིན་པས་ཞི་བ་རྣམས་ནི་ཞི་ཚུལ་དགུ་དང་སྔ་འགྱུར་ཕལ་ཆེར་ལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་སོགས་དང་། ཁྲོ་བོ་རྣམས་ལ་གར་གྱི་ཉམས་དགུ་དང་། དཔལ་དང་དུར་ཁྲོད་དྲག་པོའི་ཆས་སོགས་ཏེ། དང་པོ་ཞི་ཚུལ་དགུ་ནི། ང་རྒྱལ་མ་སྤངས་གནས་སུ་དག་པའམ་སྐྱེ་བ་དག་པ་མཚོན་བྱེད་སྐུ་ཤ་དང་ཕྱག་ཞབས་མཉེན་ཤ་ཆགས་པ། དེ་བཞིན་དུ་ཞེ་སྡང་དང་ན་བ་གནས་སུ་དག་པས་དཀུ་སྐབས་ཕྱེད་ཅིང་རིམ་པར་མཚམས་པས་ལྕུག་པ། འདོད་ཆགས་དང་འཆི་བ་གནས་སུ་དག་པས་ཐབས་ཤེས་ཕན་ཚུན་འཁྲིལ་བའམ། འཁྲིལ་བག་ཆགས་པས་ལྷོད་པོར་མ་གྱུར་པ། ཕྲག་དོག་དག་པས་སྐུ་དྲངས་ཤིང་ཚིགས་མཚམས་སོགས་འཁྲིལ་ལྡེམ་ཆགས་པ། གཏི་མུག་དང་དགའ་བ་གནས་སུ་དག་པས་སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ཏེ་ངོ་བོའི་ཡོན་ཏན་ལྔ་དང་། མ་རིག་པ་སྤངས་པས་སྐུ་གཙང་ཞིང་ཁ་དོག་མ་འདྲེས་པར་གསལ་བ། ཟད་པར་གྱི་སྐྱེ་མཆེད་རྫོགས་པའི་ཡེ་ཤེས་རྒྱས་པས་བཀྲག་ཅིང་མུ་མེད་པའི་འོད་ཟེར་འཕྲོ་བས་འཚེར་བ་མཚན་གྱི་མེ་ཏོག་ལ་དཔེ་བྱད་བཟང་པོའི་འབྲས་བུ་ཡོངས་སུ་རྫོགས་པར་བརྗིད་ཅིང་ཡིད་དུ་འོང་བའི་ལྷུན་སྟུག་པ། ཆེ་བའི་ཡོན་ཏན་རྫོགས་པས་གདུལ་བྱ་རྣམས་ཟིལ་གྱིས་གནོན་པའི་གཟི་བྱིན་དང་ལྡན་པ་སྟེ་རྣམ་པའི་ཡོན་ཏན་བཞིར་བཅས་དགུའོ། །རྒྱན་ཆས་བཅུ་གསུམ་ལས། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་རྟགས་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལྔ་ནི། སྐུ་རྒྱབ་ཏུ་དར་མཐིང་ཁྲའི་ཟི་ལྡིར་ཐུར་དུ་དཔྱངས་པ། སྙན་གོང་ནས་དར་ལྔའི་ཅོད་པན་ནམ་དར་དཔྱངས་འཕྱར་བ། དཔུང་པའི་སྟོད་ཙམ་དུ་སླེབ་པའི་གར་གྱི་ཕུ་དུང་འདུང་མ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིག་གུ་ནི་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས་ཏེ་འདི་ལ་འབའ་ཏི་སྨུག་པོའི་ཤམ་ཐབས་བྱ་བའང་སྣང་ངོ་། །འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་ནི། དབུ་ལ་རིན་པོ་ཆེའི་དབུ་རྒྱན་ཟེ་པྲོག་ཁང་པ་ནོར་བུའི་རྩེ་ཕྲན་ཅན། སྙན་གཉིས་སུ་རིན་པོ་ཆེའི་སྙན་རྒྱན་ནོར་བུའི་རྩེ་ཕྲན་ཅན། རིན་པོ་ཆེ་སྣ་ཚོགས་སྤེལ་མར་བརྒྱུས་པའི་མགུལ་རྒྱན་ཐུང་ངུ་། རྒྱུ་དེ་མཚུངས་ནུ་སྟེང་ཙམ་དུ་སླེབ་པའི་སེ་མོ་དོ། ལྟེ་འོག་ཏུ་སླེབ་པའི་དོ་ཤལ་ཏེ་རིམ་པ་གསུམ། དཔུང་རྒྱན་རིན་པོ་ཆེའི་ཕྲ་ཚོམ་ཅན། ཕྱག་གདུབ་གཉིས་དང་། ཞབས་གདུབ་གཉིས་དང་། ཕྱག་ཞབས་ཀྱི་སོར་མོའི་གདུ་བུ་རྣམས་བཀོད་པ་དེ་མཚུངས། སྐ་རགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པར་བྱས་པ་སྟེ། འདི་ལ་དོ་ཤལ་དང་སེ་མོ་དོ་དེ་གཉིས་གཅིག་ཏུ་རྩིས་པ་དང་། ཡང་ཕྱག་ཞབས་ཀྱི་གདུབ་བུ་རྣམས་གཅིག་ཏུ་བྱས་ཏེ་སོར་གདུབ་ཐ་དད་དུ་བགྲང་བ་དང་། ཡང་སོར་གདུབ་མེད་པས་སྔ་མ་བརྒྱད་པོར་བགྲང་བ་སོགས་བརྩི་ཚུལ་འདྲ་མིན་ཅུང་འདུག་ཀྱང་དོན་དུ་གོང་བཞིན་ནོ། །ཡུམ་རྣམས་ཀྱང་མཚན་མའི་རྟོག་པའི་སྒྲིབ་གཡོགས་དང་བྲལ་བ་མཚོན་བྱེད་སྐུ་གཅེར་བུ། མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབྱིངས་དང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཆོས་དབྱིངས་མཚོན་བྱེད་རུས་པའི་འཁོར་ལོ། མགུལ་རྒྱན་མཉམ་ཉིད། རྣ་ཆ་སོར་རྟོག །གདུབ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སྟེ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། སྟོང་ཉིད་དང་སྙིང་རྗེ་མི་འབྲལ་བའི་བརྡར་ཡབ་ཡུམ་གཉིས་སྐུ་ལ་ཕན་ཚུན་འཁྲིལ་བ། ཟག་མེད་ཀྱི་དགའ་བ་ཆེན་པོ་སྤྲོས་བྲལ་དང་རོ་གཅིག་པའི་བརྡར་ཞལ་སྦྱོར་ཞིང་ཕན་ཚུན་མཆུ་སྒྲོས་འཇིབ་པ། ཞི་ལྷག་ཟུང་དུ་འཇུག་པའི་བརྡར་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་གཉིས་སུ་མེད་པར་བཞུགས་པ་ལ་སོགས་པ་གསལ་དག་དྲན་པར་བྱའོ།། །། དེ་ནས་ཁྲོ་བོའི་ཉམས་དགུ་ལས། སྒེག་པ་ནི་ཆགས་པའི་ཉམས་དང་ལྡན་པའོ། །དཔའ་བ་ནི་ཁྲོ་ཉམས་སོ། །མི་སྡུག་པ་ནི་རྨོངས་ཉམས་ཏེ་སྐུ་ཡི་ཉམས་གསུམ་དང་། བཞད་པ་ནི་ཧ་ཧ་དང་ཧེ་ཧེ་སོགས་བཞད་པའི་གད་མོ་འབྱིན་པ་དང་། དྲག་ཤུལ་ནི་ཟུང་ཞིག་རྒྱོབ་ཅིག་ཅེས་ཚིག་རྩུབ་མོ་དང་། འཇིགས་རུང་ནི་འབྲུག་སྒྲ་ལྟར་ང་རོ་དྲག་པོ་སྒྲོགས་པ་སྟེ་གསུང་གི་ཉམས་གསུམ་དང་། སྙིང་རྗེ་ནི་དམིགས་པ་མེད་པའི་ཐུགས་རྗེས་འགྲོ་ཁམས་རྗེས་སུ་འཛིན་པ་དང་། རྔམ་པ་ནི་མ་རུངས་པའི་སེམས་ཅན་ལ་ཁྲོ་བའི་ཚུལ་སྟོན་པ་དང་། ཞི་བ་ནི་ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པས་རྣམ་པར་མི་རྟོག་པ་སྟེ། ཐུགས་ཀྱི་ཉམས་ཏེ་དགུའོ།། ༈ །།དཔལ་གྱི་ཆས་བརྒྱད་ནི་ཡེ་ནས་རང་ཆས་ཏེ། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེ་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་ནག་ཅོད་པན་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པར་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་ཟློག་བྱེད་དཔའ་བོ་སྔགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས་ཏེ་བརྒྱད། དུར་ཁྲོད་ཀྱི་ཆས་བརྒྱད་ནི། སྔོན་རུ་ཏྲ་བསྒྲལ་བས་རྒྱན་རྣམས་དཔལ་ཆེན་པོའི་རྒྱལ་བྱེད་དཔའ་རྟགས་སུ་མནབས་པ་སྟེ། མི་ལྤགས་ཀྱི་གཡང་གཞི་ནང་གོས་དང་། གླང་ཆེན་གྱི་ཀོ་རློན་སྟོད་གཡོགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཏེ་བསྒོ་བའི་གོས་གསུམ་དང་། ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་དང་། ཚལ་བུའི་དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ་སོགས་དང་། སྦྲུལ་རྒྱལ་རིགས་དཀར་པོའི་སྐྲ་ཆིངས། རྗེའུ་རིགས་སེར་ཁྲའི་སྙན་ཆ། བྲམ་ཟེའི་རིགས་དམར་པོའི་མགུལ་ཆུ། དམངས་རིགས་ལྗང་གུའི་ཕྱག་ཞབས་ཀྱི་གདུབ་བུ། གདོལ་བའི་རིགས་ནག་པོའི་དོ་ཤལ་ཏེ་འདོག་པའི་རྒྱན་གཉིས་དང་། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་སམ་འབུར་གསུམ་ལ་རཀྟའི་ཐིག་ལེ། ཨོག་མར་ཞག་གི་ཟོ་རིས་ཏེ་བྱུག་པའི་རྩི་གསུམ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་དོ།། ༈ །།དེ་ནས་བྱིན་གྱིས་རླབས་པ་ལ། སྦྱོང་བྱེད་དམ་ཚིག་ལྷ་བསྐྱེད་ཟིན་པ་རྣམས་ཀྱི་སྤྱི་བོར་དུང་ཁང་གི་འཁོར་ལོ་ཨོཾ་དཀར་པོ་གསལ་ཞིང་དབང་བསྐུར་བ་སྐུ་རྡོ་རྗེ་དཀར་པོ་དང་། མགྲིན་པའི་འཁོར་ལོ་ཨཱཿཡིག་དམར་པོ་འབར་ཞིང་གསལ་བ་གསུང་རྡོ་རྗེ། སྙིང་ཁར་གཙོ་བོ་ཡབ་ཡུམ་གྱི་ཡེ་ཤེས་སེམས་དཔའི་མདུན་དང་། གཞན་རྣམས་ཀྱི་ཐུགས་སྲོག་ས་བོན་གྱི་མདུན་ཕྱོགས་སུ་ཧཱུྃ་མཐིང་ག་གསལ་ཞིང་འབར་བ་ཐུགས་རྡོ་རྗེ་སྟེ། འཁོར་ལོ་པདྨ་རྡོ་རྗེ་གདན་དུ་སྒོམ་པ་དང་། རྣམ་སྣང་། སྣང་མཐའ། མི་བསྐྱོད་པའི་སྐུར་སྒོམ་པ་སོགས་དབྱེ་བ་མང་བས་གཞུང་དང་བསྟུན་གང་ལྟར་ཡང་ལུས་ངག་ཡིད་གསུམ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མོས་པ་བརྟན་པོས་ང་རྒྱལ་བྱ། དེ་བཞིན་དུ་དབང་བསྐུར་བ་དངོས་ལ་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་ཏེ་མགོ་བོའི་གནས་ལྔར་རང་རང་རིགས་ཀྱི་བདག་པོ་གཙོ་བོར་བྱས་ཏེ་དབུས་སུ་བཞག་པའི་ཤུལ་དུ་རྣམ་སྣང་ཉིད་བྱས་པའི་སྔགས་དང་ཕྱག་རྒྱའི་དབང་བསྐུར་བ་སྟེ། ས་བོན་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་ཡེ་ཤེས་ལྔའི་རང་བཞིན། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས་པས་རང་གི་ལུས་དང་སྒྲིབ་པ་སྦྱངས། དུག་ལྔ་ཡེ་ཤེས་ལྔར་དག་པར་བྱས། ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་རང་ཆས་སུ་ཞུགས་པ་ལ་ཐིམ་པས་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན་པ་སྟེ། འདི་ལའང་དབང་ལྷ་རྣམས་སྤྱན་དྲངས་ཤིང་དབང་བསྐུར་བ་སོགས་ཀྱི་རྣམ་བཞག་ཡོད་པས་སྐབས་དང་བསྟུན་ནོ་གསུངས།། ༈ །།དེ་ནས་ཡེ་ཤེས་པ་སྤྱན་དྲངས་པ་དངོས་ལ། བདག་དམ་ཚིག་སེམས་དཔའི་ཐུགས་སྲོག་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུས་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་སྐུ་མཉམ་པ་ཆེན་པོ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གང་འདུལ་ཕྱག་རྒྱའི་རོལ་གར་རྟེན་དང་བརྟེན་པར་བཅས་པ་བསྒོམ་པའི་དཀྱིལ་འཁོར་གྱི་ལྷ་དེའི་རྣམ་པར་བཞེངས། མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པར་མོས་ཏེ་ཁྱད་པར་གྱི་རྫས་བསྲེགས་པའི་སྤོས་བཏུལ་ཞིང་། རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་ཏེ། ཡིད་རྩེ་གཅིག་པའི་དད་པས་སྤྱན་འདྲེན་གྱི་ཚིག་དབྱངས་སྙན་པོས་བརྗོད་ཅིང་བདག་དམ་ཚིག་པའི་དཀྱིལ་འཁོར་བསྒོམ་པའི་སྟེང་གི་ནམ་མཁར་སྲུང་འཁོར་གྱི་མེ་རི་འདབ་འབྱར་ཙམ་དུ་བཞུགས་པར་བསྒོམ་མོ།། ༈ །།དེ་ལྟར་བཞུགས་སུ་གསོལ་བ་ནི། སྤྱི་ཙམ་དུ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དེ། ཛཿས་དམ་ཚིག་པ་ལ་ཡེ་ཤེས་པ་བཀུག་པ་དང་། ཧཱུྃ་གིས་གཉིས་སུ་མེད་པར་བསྟིམས་པ་དང་། བཾ་གྱིས་འདོད་པ་མ་གྲུབ་ཀྱི་བར་དུ་མི་ཤིགས་པར་བཅིང་པ་དང་། ཧོཿས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ་བ་དང་། དེས་དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོགས་སྤང་བའི་དགོས་ཆེད་ཡོད།། ༈ །།དེ་ནས་ཕྱག་འཚལ་བ་ནི། འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རྩེ་བའི་ཚུལ་གྱིས་རང་ཉིད་གཙོ་བོའི་ཐུགས་ཀ་ནས་སྐུ་གཉིས་པའི་རྣམ་པ་ཐོན་པའམ། ཡང་ན་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་སོགས་ཀྱིས་ཕྱག་བྱས་པར་མོས་པ་སྟེ། ཨ་ཏི་པཱུ་ཧོཿཞེས་ཕྱག་འཚལ་བའི་བརྡ་དང་། པྲ་ཏཱིཙྪ་ཧོཿཞེས་པས་མཉེས་ནས་ལན་སྦྱིན་པར་མོས་པའོ།། ༈ །།དེ་ནས་དང་པོ་ཕྱི་མཆོད་ནི། བདག་ཉིད་གཙོ་བོའི་ཐུགས་ཀ་ནས་འདོད་ཡོན་ལྷ་མོའི་སྤྲིན་སྤྲོས་ནས་ལྷ་ལ་ལྷས་མཆོད་པའི་ཚུལ་གྱིས་ནམ་མཁའ་རབ་འབྱམས་གང་བར་དམིགས་ནས་འབུལ་བ་སྟེ། སོ་སོའི་མཆོད་རྫས་ཐོགས་པའི་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་གནས་སོ་སོར་ཐིམ་པར་མོས་པ་སྟེ། དྭངས་བསིལ་མངར་བའི་ཞལ་སྐྱེམས་མཆོད་ཡོན། ཕྱག་ཞབས་བསིལ་བྱེད་རྙོགས་བྲལ་གྱི་ཞབས་བསིལ། རྣམ་བཀྲའི་མེ་ཏོག་སྤྱན། དྲི་ཞིམ་བདུག་སྤོས་ཤངས། སྣང་གསལ་མར་མེ་སྤྱན། དྲི་ཞིམ་བསིལ་ཆབ་ཐུགས་ཀ །བཅུད་ལྡན་ཞལ་ཟས་ལྗགས། སྙན་པའི་རོལ་མོ་སྙན་དབང་རྣམས་ལ་མཆོད་པ་དང་།། ༈ །།དེ་ནས་ནང་མཆོད་ཐུན་མོང་ལ། མཚོན་བྱེད་བམ་གཙང་ལ་རང་བྱུང་དུ་གནས་པའི་དམ་རྫས་མིག་ལྕེ་རྣ་བ་སྣ་སྙིང་སྟེ་དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་བསྲེག་བསུར་གྱི་བདུག་སྤོས། ཞུན་ཆེན་རོ་སྐྲ་ལ་སྤར་བའི་མར་མེ། མཁྲིས་པའི་དྲི་ཆབ། ཤ་ཆེན་གྱི་ཞལ་ཟས་སོགས་དང་། གཞན་ཡང་ཕྱི་ནང་གི་འདོད་ཡོན་གྱི་མཆོད་རྫས་དངོས་སུ་བཤམས་པ་དང་། ཡིད་ཀྱིས་སྤྲུལ་པ་དང་། བདག་པོས་མ་བཟུང་བ་དང་། སྨོན་ལམ་གྱི་སྟོབས་ལས་བྱུང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་བློས་བཏགས་ཏེ་འབུལ་བའོ།། ༈ །།ནང་མཆོད་ཁྱད་པར་སྨན་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བཅོས་རང་བྱུང་གི་བདུད་རྩིར་གནས་པའི་ཕྱིར་རྩ་བརྒྱད་ཡན་ལག་སྟོང་སྦྱར་ཚུལ་བཞིན་བསྒྲུབས་པའི་དམ་རྫས་ཆོས་ཉིད་མཉམ་པའི་ངང་ལས་བྱུང་ཞིང་གཉིས་འཛིན་གྱི་རྟོག་པ་སེལ་བའི་བདུད་རྩི་སྨན་གྱི་བཅུད་ལེན་རིགས་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་གྲུབ་པ་ཉིད་མཐེབ་སྲིན་ཉི་ཟླའི་གྭ་འུས་བཅུས་ཏེ་ཕུལ་བས་ལྷ་རྣམས་མཉེས་པར་མོས་པ་དང་། ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཡི་གེ་འབྲུ་གསུམ་གྱི་རྣམ་པར་འཕྲོས་ནས་བདུད་རྩིའི་སྟེང་དུ་གནས་པ་མཐེབ་སྲིན་གྱིས་བླང་སྟེ་རང་གི་གནས་གསུམ་དང་ལྕེ་ལ་བཞག་པས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་པ་སྟེ། སྦས་དོན་གྱི་དབང་དུ་བྱས་ན་བདུད་རྩི་ལྔ་ནི་ཕུང་ལྔའི་དྭངས་མ། ཤ་ལྔ་ནི་དབང་ལྔའི་དྭངས་མ་སྟེ། དེ་དག་འཛག་མེད་དུ་བཅིངས་པ་ལས་འཆི་མེད་འགྲུབ་པས་ན་བདུད་རྩིའོ།། ༈ །།གཏོར་མ་ནི། ཕྱི་སྣོད་རྣམ་དག་དབྱིངས་ཀྱི་གཏོར་གཞོང་དུ། ནང་བཅུད་གཏོར་རྫས་བཟའ་བཏུང་གི་དངོས་པོ་མཁོ་དགུའི་ལོངས་སྤྱོད་འདོད་ཡོན་ལྔའི་སྤྲིན་ཆེན་པོར་སྤྲོས་ཏེ་ཕུལ་བ་ལས། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་ལས་བྱུང་བའི་འོད་ཀྱི་སྦུ་གུས་བཅུད་དྲངས་ཤིང་གསོལ་བས་ཐུགས་དམ་བསྐང་བར་མོས་པ་སྟེ། ངེས་དོན་དུ་ཡུལ་ལྔའི་བཟའ་བ་དང་རྣམ་ཤེས་ཀྱི་བཏུང་བ་རྣམས་འོད་གསལ་གྱི་ཀློང་དུ་གསོལ་ཞིང་ཐིམ་པར་མོས་པའོ།། ༈ །།རཀྟ་ནི། ཉོན་མོངས་པའི་རྩ་བ་ནི་ཁམས་གསུམ་དུ་ཆགས་ཤིང་ཞེན་པའི་ཀུན་རྟོག་སྟེ་དེས་འཁོར་བ་འགྲུབ་པར་བྱེད་པས་ན་འཁོར་བ་རྩད་ནས་གཅོད་པའི་ཕྱིར་ཆགས་རྟོག་ཐམས་ཅད་ཁྲག་གི་རྣམ་པར་བསྡུས་ནས་ཆགས་མེད་བདེ་ཆེན་གྱི་ངང་དུ་བཅོམ་སྟེ་དྭངས་མའི་རྒྱ་མཚོར་འཁྱིལ་བ་འཁོར་བ་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་བའི་དམ་རྫས་ཉིད། འཁོར་འདས་མཉམ་ཉིད་ཀྱི་དབྱིངས་སུ་འབུལ་བ་སྟེ། ངེས་དོན་དུ་མཁའ་གསང་གི་རྩེར་ཉི་ཟླའི་འགྲོས་བཅིང་ལ་འཁོར་བའི་རྒྱུན་གཅོད་པར་བྱེད་པའོ། །དེ་ལྟར་ཕུལ་བ་འཁོར་བ་ཁྲག་གི་རྒྱ་མཚོ་ལྷག་མེད་དུ་གསོལ་བས་འཁོར་བའི་གནས་སྟོང་པར་མོས་པའོ།། ༈ །།དེ་ནས་གསང་བའི་སྦྱོར་མཆོད་ནི། སེམས་ཉིད་སྐྱེ་མེད་ཀྱི་རྩལ་སྣང་རང་ཉིད་ལྷ་ཡབ་ཡུམ་དུ་གསལ་ཏེ་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བས་ཡས་བབས་དང་མས་བརྟན་གྱི་དགའ་བཞི་ལུགས་འབྱུང་ལུགས་ལྡོག་གི་སྦྱོར་བས་བདེ་སྟོང་གཉིས་སུ་མེད་པའི་མཆོད་སྤྲིན་ཟག་བྲལ་སྒྱུ་མའི་བཀོད་པའི་ཕུང་ཁམས་སྐྱེ་མཆེད་གདོད་ནས་དག་པའི་ལྷ་ཡི་འཁོར་ལོར་རྫོགས་པ་རྣམས་མཉེས་པར་བྱེད་པའོ།། ༈ །།དེ་ནས་སྒྲོལ་བ་ནི། གཟུང་འཛིན་གཉིས་མེད་ཀྱི་རང་རྩལ་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམ་སྨིན་རྩུབ་མོས་འཕང་བའི་བདུད་དང་རུ་ཏྲ་མ་རུངས་ཞིང་བཅུའི་ཚོགས་རྣམས་ཀུན་སློང་སྙིང་རྗེ་ཆེན་པོས་རྣམ་པ་སྒྱུ་མ་ལྟ་བུའི་ཚུལ་གྱིས་བརྟེན་པ་དབྱིངས་སུ་བསྒྲལ་ཞིང་རྣམ་ཤེས་བདེ་བ་ཆེན་པོའི་འཁོར་ལོ་གྱུར་ནས་དུག་གསུམ་སྙིགས་མ་ཤ་ཁྲག་རུས་པའི་ཕུང་པོ་ལྷ་རྣམས་ཀྱི་ཞལ་དུ་ཕུལ་བས་དགྱེས་པར་མོས་པའོ།། ༈ །།ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ངང་དུ་རྫོགས་པས། གང་ལ་མཆོད་པར་བྱ་བའི་ཡུལ་དང་། གང་གིས་མཆོད་པར་བྱེད་པའི་གང་ཟག་དང་། ཇི་ལྟར་མཆོད་པའི་ཚུལ་གསུམ་གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་པར་རོ་མཉམ་པས་ཅིར་སྣང་ཀུན་བཟང་སྤྱོད་པའི་ཕྱག་རྒྱ་ཟུང་འཇུག་བདེ་བ་ཆེན་པོར་འབུལ་བ་སྟེ་མཆོད་པ་ཀུན་གྱི་ནང་ནས་བླ་ན་མེད་པའོ།། ༈ །།དེ་ནས་བསྟོད་པ་ནི། ཀརྨ་མཱ་ལེར། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། །རིགས་ལྔའི་ཕྱག་རྒྱ་དྲིལ་སྟབས་བྱ། །ཞེས་པ་ལྟར་སོ་སོའི་ཕྱག་རྒྱའི་མཐར་ཐལ་མོ་སྦྱར་བས་བཏུད་དེ་ཆེ་བའི་ཡོན་ཏན་རྗེས་སུ་དྲན་དགོས་ཏེ་དེ་ཡང་སྤྱི་ཙམ་དུ། གདོད་ནས་རང་བཞིན་དག་པའི་དབྱིངས་ཉིད་གློ་བུར་གཟུང་འཛིན་ཀུན་རྟོག་གི་སྤྲོས་པ་མཐའ་དག་དང་བྲལ་བས་དག་པ་གཉིས་ལྡན་སངས་རྒྱས་ཆོས་ཀྱི་སྐུ་མཉམ་པ་ཆེན་པོ་ལས་མ་གཡོས་བཞིན་དུ། གང་འདུལ་གདུལ་བྱའི་ངོ་ཁར་ཆེན་པོ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ཞི་བ་མཚན་དཔེའི་བརྒྱན་པ་དང་ཁྲོ་བོ་འཇིགས་རུང་གར་གྱི་སྒེག་པ་སོགས་གཙོ་འཁོར་གྱི་བཀོད་པ་སྣ་ཚོགས་སུ་སྟོན་ཡང་དོན་དམ་པར་དེ་དང་དེའི་ངོ་བོར་རང་མཚན་དུ་གྲུབ་པ་རྡུལ་ཙམ་ཡང་མི་མངའ་བ་དེ་བཞིན་དུ་དབྱངས་ཀྱི་ཡན་ལག་རྫོགས་པའི་གསུང་གཅིག་གིས་མཐའ་ཀླས་པའི་གདུལ་བྱར་ཆོས་སྒོ་བསམ་ལས་འདས་པ་རང་རང་གི་མོས་པ་བཞིན་དུས་སྐད་ཅིག་མ་གཅིག་ལ་སྟོན་པ་དང་། ཐུགས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་དུས་གསུམ་གྱི་ཤེས་བྱའི་རྣམ་པ་མཐའ་དག་མངོན་སུམ་དུ་གཟིགས་པ་དང་། ཡོན་ཏན་སྟོབས་བཅུ་མི་འཇིགས་མ་འདྲེས་ལ་སོགས་པའི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་། གང་འདུལ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་སྟེ་ཇི་སྲིད་འཁོར་བའི་མཐའ་གཏུག་པ་དེ་སྲིད་དུ་མཐའ་ཀླས་གདུལ་བྱའི་ཡུལ་ལ་རྟག་ཁྱབ་ལྷུན་གྲུབ་ཏུ་འཇུག་པ་དང་། དེའི་རྩལ་ལས་སྣང་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བརྡའ་དོན་རྟགས་ཀྱི་ཁྱད་པར་རྣམས་རང་རང་གི་གཞུང་ནས་ཇི་ལྟར་བསྟན་པ་བཞིན་རྗེས་སུ་དྲན་པའི་ངང་ནས་རྡོ་རྗེའི་གླུས་བསྟོད་པར་བྱའོ།། ༈ །།དེ་ནས་ལྷ་ཡི་སྣང་ཞེན་ལ་བསླབ་པ་ལ་བཞི་སྟེ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་པ་དྲན་པ། བདེ་གསལ་མི་རྟོག་པ་ཉིད་དུ་འཆར་བ་ལ་བསླབ་པའོ། །ངེས་རྫོགས་མཚན་ཉིད་པའི་དབང་དུ་བྱས་ན། ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དང་དབྲལ་བ། ལྷ་ལམ་དུ་བསླང་བ། ལྷ་དང་བསྲེ་བ་སོགས། ལྷ་དོན་ལ་སྦྱར་བ། ལྷ་ལམ་དུ་ཁྱེར་བ་དང་བདུན་ཙམ་གསུངས་ཏེ། དོན་གྱི་མདོ་འགག །རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དུས་གཅིག་ཅར་དུ་གསལ་བཏབ་སྟེ་གཙོ་བོའི་སྐུའི་རྣམ་པ་སྤྱི་ལ་སེམས་འཛིན་པ་དང་། བྱེ་བྲག་དབུའི་གཙུག་ཏོར་ནས་གདན་ཁྲིའི་བར་སྐུ་དང་ཕྱག་མཚན་རྒྱན་ཆས་ཕྲ་མོ་རེ་རེ་བཞིན་སོ་སོ་ནས་གསལ་གདབ། དེ་ལ་གསལ་སྣང་སྐྱེས་པ་ན་ཐམས་ཅད་དུས་གཅིག་ཏུ་གསལ་གདབ་ནས་རིམ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དྭངས་བའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སེམས་རྩེ་གཅིག་ཏུ་གཏད་དེ་མཉམ་པར་འཇོག་དགོས་ཤིང་། དེ་ལྟར་གོམས་པའི་མཐར་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ལ་བསླབ་པར་བྱ་སྟེ། གསལ་བའི་ཚད་ནི་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་སལ་ལེ། བྱིང་ཉམས་ཅན་མ་ཡིན་པར་གསལ་སྟོང་སིང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སིང་ངེ་། སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར་བ་སྤུའི་ཁོང་བུ་སྐྲའི་ཉག་མ་ཚུན་ཆད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས་དབང་ཤེས་དྭངས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་། བཀྲ་ཁྲིག་གེར་བཞུགས་པས་ལྷག་གེ། དེ་ལྟ་བུའི་སྐུ་དེ་ཡང་དེ་ལྟར་ཡིན་ནོ་དང་ཡོད་དོ་ཙམ་གྱིས་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་མངོན་སུམ་ལྟ་བུར་འཆར་བས་ལྷང་ངེ་བ་སྟེ་བཞིའོ། །དེ་ནས་བརྟན་པའི་ཚད་བཞི་ནི། ལེ་ལོ་དང་བརྗེད་པ་སོགས་ཀྱིས་མི་གཡོ། རབ་རིབ་དང་མོག་མོག་པོར་གྱུར་པ་སོགས་ཀྱིས་མི་འགྱུར། ཡུན་རིང་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོ་ཙམ་གྱིས་ཀྱང་མི་བརྫི་བས་མངོན་པར་མི་འགྱུར་བ། སྐུ་མདོག་དང་ཞལ་ཕྱག་བྱོན་བཞུགས་འོད་ཟེར་སྤྲོ་བསྡུ་སོགས་ཇི་ལྟར་སྒོམ་ཡང་དེ་ལྟར་བསྒྱུར་དུ་བཏུབ་པ་སྟེ་བཞིའོ། །དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ལ་རྣམ་པ་གསལ་བ་ཞེས་བྱའོ།། ༈ །།དེ་ནས་ང་རྒྱལ་བརྟན་པ་ནི། དོན་གྱི་མདོ་འགག་ལ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་དཔལ་བསྒོམ་བྱའི་ལྷ་གང་ཡིན་པ་དེ་ཉིད་ངའོ་སྙམ་སྟེ་ང་རྒྱལ་བཟུང་བ་སྟེ། དེ་ཡང་མ་ཡིན་པ་ལ་ཡིན་པར་བཟུང་བ་མིན། ཡིན་པ་ལ་ཡིན་པར་ཤེས་པས་ངེས་ཤེས་ཏེ་གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་གནས་པས་དེ་ལ་ཤར་བའི་རྟོག་ཚོགས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་ཐམས་ཅད་ཡེ་ནས་དག་པ་ལྷ་ཡི་ཕྱག་རྒྱ་ལས་མི་འདའ་བས་ན། བསྒོམ་བྱའི་ལྷ་དང་སྒོམ་བྱེད་ཀྱི་མཁན་པོ་རང་བཞིན་གཉིས་སུ་མེད་པར་རྟོགས་པའི་ངེས་ཤེས་སམ། ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་ལ་འཇིགས་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོའོ།། ༈ །།དེ་ནས་དག་པ་དྲན་པ་ནི། གང་དུ་ལྷ་བསྐྱེད་པའི་སྐབས་སུ་བསྟན་པ་ལྟར་རྟེན་དང་བརྟེན་པའི་དག་པ་སྤྱི་དང་། བྱེ་བྲག་ཏུ་བསྒོམ་བྱའི་ལྷ་ཞལ་གཅིག་པ་ནི། ཆོས་སྐུ་ཐིག་ལེ་ཉག་གཅིག །གསུམ་པ་ནི་སྐུ་གསུམ་མམ་རྣམ་ཐར་གསུམ། ཕྱག་གཉིས་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ། བཞི་པ་ནི་ཚད་མེད་བཞིས་འགྲོ་བའི་དོན་མཛད་པ། དྲུག་པ་ནི་ཡེ་ཤེས་ལྔ་དང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་དྲུག །ཞབས་གཉིས་པ་ནི་སྲིད་ཞིའི་མཐའ་ལ་མི་གནས་པ། བཞི་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི། སྐུ་མདོག་དཀར་པོ་ནི་ཉེས་པའི་སྐྱོན་གྱིས་མ་གོས་པ་དང་མེ་ལོང་ལྟ་བུའི་ཡེ་ཤེས། སེར་པོ་ནི་ཆེ་བའི་ཡོན་ཏན་རྒྱས་པ་དང་མཉམ་ཉིད་ཡེ་ཤེས། དམར་པོ་ནི་གདུལ་བྱའི་དོན་ལ་ཐུགས་རྗེས་རྗེས་སུ་ཆགས་པ་དང་སོར་རྟོག་ཡེ་ཤེས། ལྗང་གུ་ནི་ཐོགས་པ་མེད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་བྱ་གྲུབ་ཡེ་ཤེས། མཐིང་ཀའམ་ནག་པོ་ནི་ཆོས་ཉིད་འགྱུར་བ་མེད་པ་དང་ཆོས་དབྱིངས་ཡེ་ཤེས། ཕྱག་མཚན་ཡང་རྡོ་རྗེ་འདུས་མ་བྱས་པ། འཁོར་ལོ་ཉོན་མོངས་གཅོད་པ། རིན་པོ་ཆེ་ནི་ཡོན་ཏན་འབྱུང་བ། པདྨ་སྐྱོན་གྱིས་མ་གོས་པ། རྒྱ་གྲམ་མམ་རལ་གྲི་ཕྲིན་ལས་ཐོགས་པ་མེད་པ། དྲིལ་བུ་ནི་དབྱིངས་སྐྱེ་མེད་སྟོང་པ་ཉིད། ཀ་པཱ་ལ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བ་སྐྱོང་བྱེད། ཁ་ཊྭཱྃ་ག་ནི་དུག་གསུམ་སྐུ་གསུམ་གྱི་ཀློང་དུ་སྒྲོལ་བ། གྲི་གུག་ནི་སྐྱེ་འཆི་རྩད་ནས་གཅོད་པ། དུང་ཆེན་ནི་ཡེ་ཤེས་ཆེན་པོས་བདུད་བཞི་བཅོམ་ནས་འཁོར་བ་དབང་དུ་སྒྱུར་བའམ་ཞལ་དུ་སྟོབ་པ་སོགས་དང་། ལྷ་ཡབ་ཏུ་སྣང་བ་ནི་ཐབས་མི་འགྱུར་བའི་བདེ་བ་ཆེན་པོའོ། །ཡུམ་དུ་སྣང་བ་ནི་ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད། ཡབ་ཡུམ་ཞལ་སྦྱོར་བ་ནི་བདེ་སྟོང་འདུ་འབྲལ་མེད་པ་སོགས་སོ་སོའི་དག་སྦྱོར་རང་རང་གི་གཞུང་ལས་བསྟན་པ་ལྟར་བསྒོམ་མོ།། ༈ །།དེ་ནས་བདེ་གསལ་སྟོང་ཉིད་དུ་བསླབ་པ་ལ་གསལ་དག་བརྟན་པའི་བསྐྱེད་རིམ་དེ་ཉིད་བདེན་འཛིན་གྱི་ཞེན་རྟོག་དང་བྲལ་ཞིང་ངོ་བོ་སྟོང་པ། རང་བཞིན་ཆུ་ཟླའམ་འཇའ་ཚོན་ལྟ་བུ་སྣང་ཡང་མཚན་མར་མ་གྲུབ་པའི་ཤེས་རབ་ཀྱིས་རྩིས་ཟིན་པ་ལ་བསླབ་པ་གལ་ཆེ་སྟེ་བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་ཐེབས་པས་དཀྱིལ་འཁོར་ཐམས་ཅད་ཆོས་སྐུར་འཆར་བའི་ཐབས་ཏེ། དེ་ལྟར་ཀུན་རྫོབ་ཀྱི་བསྐྱེད་རིམ་སྣང་བཅས་ཀྱིས་བསོད་ནམས་ཀྱི་ཚོགས་དང་། དེ་ཉིད་རང་བཞིན་ཡོངས་ཤེས་ཀྱི་ལྟ་བས་རྩིས་ཟིན་པའི་ཡོངས་གྲུབ་འདུས་མ་བྱས་པ་ནི་དོན་དམ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཟུང་འབྲེལ་གྱི་ལམ་དང་། དེར་མ་ཟད་སྣང་བ་གཟུགས་སྐུ་དང་། སྟོང་པ་ཆོས་སྐུ་སྟེ་སྐུ་གཉིས་དང་། སྣང་བ་ཀུན་རྫོབ་ཐབས། སྟོང་པ་དོན་དམ་ཤེས་རབ་སྟེ་བདེན་གཉིས་ཐབས་ཤེས་ཟུང་དུ་འཇུག་པའི་ལམ་ཚང་ལ་མ་ནོར་བ་སྟེ། སྔགས་ཀྱི་མྱུར་ལམ་ཟབ་མོའི་ཁྱད་ཆོས་སུ་ཤེས་པར་བྱའོ། །དེ་ལྟར་མ་ཤེས་པ་བསྐྱེད་རིམ་རྐྱང་པ་ལ་དངོས་མཚན་རང་རྒྱུད་པར་བཟུང་ན། བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་སྟེང་འཁོར་བར་འཁྱམས་བྱེད་ཀྱི་སྒྲིབ་པ་རྔམ་པོ་ཆེ་ཡིན་ཏེ། ཞི་བ་རང་རྒྱུད་པར་བཟུང་ནས་བསྒོམ་ན་གཟུགས་ཁམས་ཀྱི་ལྷ་དང་། ཁྲོ་བོ་རང་རྒྱུད་པར་བསྒོམས་པའི་ལས་ཀྱིས་སྲིན་པོ་དང་རུ་ཏྲར་སྐྱེས་པའི་ལོ་རྒྱུས་གསང་སྔགས་ཀྱི་གླེང་གཞི་རྣམས་སུ་འབྱུང་བ་བཞིན་དུ་ཡང་དག་པ་ལ་བརྩོན་འགྲུས་བསྐྱེད་པ་གལ་ཆེ་ཞིང་དེ་ལྟར་གསལ་དག་བརྟན་པའི་བསྐྱེད་རིམ་དེ་ཉིད་ཇི་སྲིད་སྐྱོ་ཞིང་ངལ་དུབ་ཏུ་མ་གྱུར་བར་བསྒོམ་ཞིང་བསྒོམས་པས་སྐྱོ་བར་གྱུར་ན་དེའི་ཚེ་བཟླས་པ་ལ་འཇུག་པར་བྱ་གསུངས།། ༈ །།དེ་ནས་གསུང་བཟླས་པའི་རྣལ་འབྱོར་ལ། གསང་རྫོགས་ཀྱི་རྒྱུད་ལེའུ་སོ་དགུ་པ་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་བརྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁར། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་སྣོད་སྟོང་གི་ཉི་མ་ཀུན། །མ་བཟུང་བ་ཡང་སྟོང་སྲོག་ཐོབ། །དེ་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། །ཞེས་གསུངས་ཏེ། འདིར་ཡུག་པ་བརྐྱང་ནི་ལག་སྟོང་བྱིས་པ་འདྲིད་པ་སྟེ་ངལ་བ་དོན་མེད་དུ་འགྱུར་བའི་དོན་ནོ། །དེ་ལ་བསྐྱེད་རིམ་ཐམས་ཅད་ཀྱི་སྲོག་སྡོམ་གཟེར་བཞིར་འདྲ་སྟེ། དེའི་དོན་ཡང་རང་གི་སྒོ་གསུམ་བྱ་བྱེད་དང་བཅས་པ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་གསུམ་དང་མཛད་པ་ཕྲིན་ལས་སུ་བསྡོམས་པར་བྱེད་པའི་གཟེར་བུ་ལྟ་བུའི་མན་ངག་སྟེ།། ༈ །།དང་པོ་ཏིང་ངེ་འཛིན་གྱི་གཟེར་ནི། དམིགས་རྟེན་ཐང་སྐུ་སོགས་ལ་ཐོག་མར་བརྟེན་ནས་ལྷའི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བསྒོམས་པས་སེམས་ཀྱི་ཉམས་ལྔ་མཐར་ཕྱིན་ཅིང་ཡུལ་གསུམ་གྱད་དུ་གྱུར་ནས་ལུས་ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷའི་སྐུར་རྫོགས་པར་བྱེད་པ་སྟེ། ཉམས་ལྔ་ནི་ཐོག་མར་རྣམ་རྟོག་ངོས་ཟིན་པ་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་དང་། རྣམ་རྟོག་ཐང་ཆད་པ་མི་རྒན་གྱི་སྤྱོད་པ་ལྟ་བུ་དང་། རྣམ་རྟོག་ཅུང་ཟད་བསྐྱོད་དུ་ཡོད་པ་བརྟན་པའི་ཉམས་མཚོ་ཆུང་བསེར་བུས་བསྐྱོད་པ་ལྟ་བུ་དང་། བསྐྱོད་དུ་མེད་པས་རང་དབང་ཐོབ་པ་མཐར་ཕྱིན་པའི་ཉམས་མཚོ་ཆེན་རླབས་དང་བྲལ་བ་ལྟ་བུའོ། །དེ་ལྟར་གོམས་པས་ཡུལ་གསུམ་གྱད་དུ་གྱུར་པ་ནི། དང་པོ་བསམ་པ་ཡིད་ཀྱི་ཡུལ་དུ་གསལ་བ་སྟེ་ཡིད་ངོར་རྟེན་དང་བརྟེན་པའི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བ་དང་། དེ་ནས་མཐོང་བའི་ཡུལ་དུ་གསལ་བ་ཞེས་ཏིང་ངེ་འཛིན་གོམས་པའི་མཐུས་རང་གི་དབང་པོའི་སྤྱོད་ཡུལ་དུའང་ལྷ་སྐུའི་རྣམ་པ་འཆར་བ་དང་། དེ་ནས་རེག་པའི་ཡུལ་ལམ་ལུས་ཀྱི་ཡུལ་དུ་གསལ་བ་ཞེས་རླུང་སེམས་ལྷ་སྐུར་སྨིན་པའི་དབང་གིས་སྐབས་རེར་ཕྱི་རོལ་གཞན་གྱི་སྣང་ངོར་ཡང་རང་ལུས་བསྐྱོད་པས་ལྷ་སྐུར་མངོན་སུམ་དུ་མཐོང་བར་གྱུར། དེ་ནི་རྣམ་སྨིན་རིག་འཛིན་ལ་དངོས་སུ་སྦྱོར་བ་ཡིན་པར་བཤད་དོ། ༈ །གཉིས་པ་སྙིང་པོ་སྔགས་ཀྱི་ གཟེར་ནི། འཆད་འགྱུར་ལྟར་སེམས་དཔའ་སུམ་བརྩེགས་ཐུགས་སྲོག་ས་བོན་གྱི་མཐར་སྙིང་པོ་སྔགས་ཀྱིས་བསྐོར་བ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ངག་བཟླས་འབྲུ་འབུམ་ལྟ་བུའི་གྲངས་དང་། ལོ་ཟླ་ལྟ་བུའི་དུས་དང་། ཞལ་མཐོང་བ་སོགས་མཚན་མ་དང་སྦྱར་ནས་བཟླས་ཤིང་། ཁྱད་པར་རླུང་རྡོར་བཟླས་ལ་བརྩོན་པ་སོགས་འོག་ཏུ་གསལ། ༈ །གསུམ་པ་དགོངས་པ་མི་འགྱུར་བའི་གཟེར་ནི། ཕྱི་ནང་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གང་གསལ་བ་དེ་ཐམས་ཅད་རང་སེམས་ཀྱི་སྣང་ཆ་ཙམ་ལས་གཞན་དུ་མ་གྲུབ་ཅིང་། སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཤར་གྲོལ་འཛིན་མེད་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་གྱི་ངོ་བོར་གདོད་ནས་གྲུབ་པ་དང་། དེའི་རྩལ་ལས་ཤར་བའི་ཐབས་ཀུན་རྫོབ་སྣང་བའི་ཆ་ཡབ། ཤེས་རབ་དོན་དམ་སྟོང་པའི་ཆ་ཡུམ། སྣང་སྟོང་དབྱེར་མེད་ཡེ་ཤེས་ཀྱི་སྐུ་ཅན་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་སྟེ། མདོར་ན་དངོས་སྣང་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས། སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་རྟོགས་པའི་གནས་ལུགས་ལྟ་བས་རྩིས་ཟིན་པར་བྱས་ཏེ། བདག་གཞན་དམ་ཡེ་བསྒྲུབ་བྱ་སྒྲུབ་བྱེད་དག་མ་དག་སོགས་ཐ་དད་གཉིས་ཆོས་ཀྱི་འཛིན་རྟོག་མཐའ་དག་གཉིས་མེད་མཉམ་པའི་ཀློང་དུ་བསྡོམས་པ་འདི་ནི་བསྐྱེད་རིམ་ཙམ་དུ་མ་ཟད་རྫོགས་རིམ་གྱི་གྲོགས་ཀྱང་ཡིན་པས་བསྐྱེད་བཟླས་རྫོགས་གསུམ་གང་གི་སྐབས་སུའང་མེད་ཐབས་མེད་པའི་གཅེས་གནད་གཅིག་པོ་སྟེ། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས༔ དུར་ཁྲོད་འདྲེ་ངན་བསྒྲུབས་གྱུར་ཀྱང་༔ མཆོག་དང་ཐུན་མོང་དངོས་སྒྲུབ་གང་༔ ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང་༔ དེ་ཉིད་མ་རྟོགས་ཨ་འཐས་བློས༔ ཡེ་ཤེས་སེམས་དཔའ་བསྒྲུབས་གྱུར་ཀྱང་༔ གནས་སྐབས་བདེ་འབྲས་ཕྲ་འུ་ལས༔ ཡང་དག་འབྲས་བུ་སྲིད་མཐའ་ཙམ༔ ཞེས་གསུངས་པ་ལྟར་འདོན་རྒྱུ་དང་སྒྲུབ་རྒྱུའི་ལྷའི་ཁྱད་པར་གཙོ་བོ་མིན་ཞིང་གནད་འདི་ཉིད་གལ་ཆེ་བ་ཡིན་པས་འདི་ཁོ་ནར་ལམ་གྱི་སྲོག་ཏུ་བཟུང་བར་མཛོད་ཅིག། ༈ །།བཞི་པ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ནི། གང་འདོད་ཀྱི་ལས་རབ་འབྱམས་ལ་དབང་དུ་བྱེད་པའི་ཆོ་འཕྲུལ་ཏེ། སྒྲུབ་གཞི་ལྷ་དང་དཀྱིལ་འཁོར་དུ་གསལ་བ་རང་ལྷའི་སྐུའི་ཆ་ཤས་དང་ཐུགས་ས་བོན་སྔགས་ཕྲེང་ལས་ལས་མཐུན་པའི་འོད་ཟེར་འཕྲོས་པས་དོན་གཉིས་བྱས། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་སྦྱར་ཏེ། དེ་ཡང་འོད་ཟེར་དཀར་པོས་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུའམ་ནག་པོས་དྲག་པོ། མཐིང་གའམ་སྣ་ལྔའི་འོད་ཟེར་གྱིས་ལས་ཐམས་ཅད་པའི་མཆོག་གི་དངོས་གྲུབ་སོགས་གང་འདོད་འགྲུབ་པའི་འཕྲོ་འདུའི་དམིགས་པའི་མདེའུ་ཁ་སྒྱུར་ཤེས་དགོས་སོ། །དེ་ལྟར་གཟེར་བཞིའི་མན་ངག་གནད་དུ་ཚུད་པས་སྐུ་དངོས་སུ་མཐོང་སྟེ་སྐུའི་སྲོག་འཕྲོག །ངག་ལ་བདེན་པ་འགྲུབ་པས་གསུང་གི་སྲོག་འཕྲོག །ཆོས་ཉིད་ལ་རང་དབང་ཐོབ་པས་ཐུགས་ཀྱི་སྲོག་འཕྲོག །བདེ་གཤེགས་ཞི་ཁྲོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་འདྲེས་པས་འཁོར་འདས་ཀུན་ལ་སྟོང་སྲོག་ཐོབ་བོ།། ༈ །།དེ་ནས་སྔགས་བཟླ་བྱའི་རིམ་པ་ལ་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་རྣམ་པ་ཡི་གེ་ཨཱཿཡིན་ཨ་ནི་འགག་པ་མེད་པའི་རྣམ་འཕྲུལ་ཀ་སོགས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་ཏེ་རྒྱུད་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་འདོད་པས། །དེ་གཉིས་དབྱེ་བར་མི་བྱ་འོ། །ཞེས་གསུངས་པ་ལྟར། གྲུབ་པ་བཞིའི་ནུས་མཐུ་ཐོགས་པ་མེད་ཚུལ་དང་། མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་ནི་གདུལ་བྱའི་བློ་ངོར་རྣམ་པ་ཐམས་ཅད་པར་འཆར་རུང་བ་ཡིན་ལ། དེ་ཡང་སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་དངོས་སུ་སྣང་བ་དང་། ཕལ་པས་འདུལ་བ་ལ་ཕལ་པར་སྟོན་པ་གཉིས་སངས་རྒྱས་གཅིག་གི་ཡེ་ཤེས་ཀྱི་རོལ་པར་ཁྱད་མེད་པས་དོན་ལ་བཟང་ངན་མེད་པ་ལྟར། འདིར་ཡང་སངས་རྒྱས་ཉིད་ཕལ་པའི་ངོར་སྔགས་ཀྱི་རྣམ་པར་སྟོན་པ་ཡིན་ཏེ། གསང་སྙིང་ལས། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་ནི། །སྔགས་དང་ཕྱག་རྒྱ་རབ་བརྟེན་པས། །དངོས་གྲུབ་ཡ་མཚན་ཆེན་པོར་གྱུར། །ཞེས་དང་། གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་བཙུན་མོ་དག །མངོན་པར་ཕྱོགས་པ་བྱ་ཕྱིར་ཏེ། །དཔེར་ན་སྐྱེས་ཆེན་འགའ་ཞིག་ལས། །ཆེ་ལ་མྱུར་བའི་སྒྲས་འབོད་ན། །ཐོས་པ་ཙམ་གྱིས་འོང་བ་ལྟར། །སངས་རྒྱས་སྐད་ཅིག་དེ་ལ་འབྱོན། །ཞེས་གསུངས་པ་ལྟར། སྔགས་གྲུབ་པས་ལྷ་མངོན་སུམ་དུ་བྱོན་པའམ། ལྷ་ཉིད་སྔགས་སུ་འཕྲུལ་བ་བསྒྲུབས་པས་སྔགས་ཉིད་ལྷར་འཕྲུལ་བའི་ཚུལ་གྱིས་གདུལ་བྱ་ལ་དངོས་གྲུབ་སྩོལ་བས་ལྷ་སྔགས་རང་སེམས་གསུམ་དབྱེར་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་ནས་སྒྲུབ་པ་གལ་ཆེ།། ༈ །།དེ་ནས་སྔགས་གཞི་འགོད་ཚུལ་ནི། རང་ཉིད་དམ་ཚིག་སེམས་དཔའ་ཡི་དམ་གྱི་ལྷ་གང་ཡིན་གསལ་དག་བརྟན་གསུམ་དང་ལྡན་པར་སྒོམ་པའི་ཐུགས་ཙིཏྟ་རིན་པོ་ཆེ་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པ་ལྟ་བུ་སྟེ་ཁ་དོག་སྨུག་པོ་དབྱིབས་ཆ་ལང་ཁ་སྦྱར་བ་ལྟ་བུ་ཟུར་བརྒྱད་པ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་ནམ། འོད་ལྔའི་ཐིག་ལེའི་ཀློང་དུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲ་བའམ། ཡང་ན་ཕྱག་ཚན་སྤངས་པ། ཁ་ཅིག་སྤྲུལ་པ་དང་སྤྲུལ་གཞིའི་དབང་དུ་བྱས་ཏེ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་འོད་དཔག་མེད་དང་མཚོ་རྒྱལ་གྱི་ཐུགས་ཀར་ཕག་མོ་སྒོམ་པ་ལྟ་བུ་སྟེ་རང་གཞུང་དང་བསྟུན། དེའི་ཐུགས་ཀར་རིགས་སོ་སོའི་ཕྱག་མཚན་རྡོ་རྗེ་ལྟ་བུ་འགྲེང་སྟབས་སུ་གནས་པའི་ལྟེ་བར་ཉི་ཟླ་བརྩེགས་པའམ། ཞི་བ་ལ་ཟླ་བ། ཁྲོ་བོ་ལ་ཉི་མའི་གདན་སྲན་མ་བཀས་པ་ཙམ་གྱིས་ཏིང་ངེ་འཛིན་སེམས་དཔའ་རྩ་བའི་ཐུགས་སྲོག་ཧྲཱིཿདང་ཧཱུྃ་སོགས་ཡི་དམ་གང་ཡིན་གྱི་ས་བོན་ལྷ་ཡི་ཁ་དོག་དང་མཚུངས་པར་མར་མེ་ལྟར་གསལ་ཞིང་འཚེར་བ་ལངས་སྟབས་སུ་ལྷའི་ཞལ་བསྟན་ཕྱོགས་ལྟར་གནས་པའི་མཐའ་བསྐོར་དུ་སྔགས་ཕྲེང་བཀོད་པ་སྟེ། སྒྲུབ་ཐབས་ཁ་ཅིག་ཏུ་བདག་དམ་ཚིག་པའི་ཐུགས་ཀར་ས་བོན་དང་སྔགས་ཕྲེང་བསྒོམས་པ་ལས། ཡེ་ཤེས་སེམས་དཔའ་དང་ཕྱག་མཚན་མེད་པ་ཡང་བྱུང་བས་རང་གཞུང་དང་བསྟུན། བསྒོམ་བྱའི་ཡི་གེ་ཡང་། རྒྱ་བོད་ཀྱི་ཡིག་གཟུགས་ཁྱད་པར་ཙམ་ལ་བྱིན་གྱིས་རློབ་པར་ནུས་མ་ནུས་སོགས་ཀྱི་དབྱེ་གསལ་མ་དམིགས་པའི་ཕྱིར་གཤར་གཟབ་གང་རུང་རང་གི་བློ་ལ་འཆར་བ་གང་བདེར་བྱ་བ་ལས་གཞན་དུ་བསྒྱུར་མི་དགོས་སོ། །སྔགས་ཕྲེང་བཀོད་ཚུལ་ཡང་རྩ་བའི་ཐུགས་སྲོག་ས་བོན་གྱི་ཡི་གེ་དེའི་མདུན་ནས་བརྩམ་སྟེ་བཟླ་བྱའི་སྔགས་ཀྱི་ཡིག་འབྲུ་རྣམས་ཤིན་ཏུ་ཕྲ་བ་སྤུས་བྲིས་པ་བཞིན་གསལ་ཞིང་འབར་བའི་ཕྲེང་བས་བསྐོར་བ་སྟེ། དེ་ཡང་རང་གཞུང་དང་བསྟུན་སྔགས་ཕྲེང་གཡས་སུ་འཁོར་དགོས་པ་རྣམས་སྔགས་ངོ་ཕྱིར་བསྟན་པ་དང་། ཕྱི་ནས་བཀླག་ཕྱོགས་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་གཡོན་དུ་བཀོད་ལ་ཕྲེང་བ་ལྟར་འཁོར་བ་མགོ་འདྲེན་ཨོཾ་ལྟ་བུ་དང་ཧཱུྃ་ཧྲཱིཿསོགས་མཇུག་གི་སྔགས་འབྲུ་ཐུག་པ། དེ་ཡང་རིང་བའི་རིགས་ལ་མདུན་ནས་ཡིག་མགོ་བརྩམས་པའི་སྔགས་མགོ་ནང་བསྟན་དང་སྔགས་མཇུག་ཕྱི་རོལ་དུ་ཐད་ཀར་བསྒྲིགས་པའི་རིམ་པ་གཉིས་གསུམ་སྦྲུལ་འཁྱིལ་བ་ལྟར་བསྒོམ་ལ་བཟླས་པའི་དུས་གཡས་སུ་བཀླག་ཐབས་སུ་འཁོར་དགོས་པ་ཡིན། སྔགས་ཕྲེང་གཡོན་དུ་འཁོར་དགོས་པ་རྣམས་ཐུགས་སྲོག་གི་མདུན་ནས་སྔ་མ་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་སྔགས་ངོ་ནང་བསྟན། ནང་ནས་བཀླག་ཕྱོགས་སུ་གཡས་བསྐོར་དུ་བཀོད། སྔགས་རིགས་རྣམས་བཀོད་ལུགས་སྔ་མ་ལྟར་བྱ། བཟླས་པའི་སྐབས་གཡོན་དུ་འཁོར་དགོས་པ་ཡིན། སྔགས་ཕྲེང་གཡས་གཡོན་དུ་འཁོར་ཚུལ་སྤྱིར་བཏང་ནི། ལྷ་ཡབ་ཀྱི་རིགས་རྣམས་གཡས་འཁོར་དང་། ཡུམ་རྣམས་ལ་གཡོན་འཁོར་ལྟ་བུར་འདུག་ཀྱང་མཐའ་གཅིག་ཏུ་ངེས་པ་མེད་པས་རང་གཞུང་དང་བསྟུན། ཡང་སྔགས་ཕྲེང་དངོས་འཁོར་མི་དགོས་པར་དེ་ལས་འོད་ཟེར་སྤྲོ་བསྡུ་སོགས་བྱེད་པའི་རིགས་ལ་སྔགས་ངོ་བསྟན་ཕྱོགས་གོང་ལས་གོ་བཟློག་སྟེ། བཀོད་ལུགས་ཀྱི་གཡས་གཡོན་བསྐོར་ཕྱོགས་ཉིད་གཙོ་ཆེ་བས་དེ་ལྟར་སྐབས་དང་སྦྱར་ཤེས་པར་བྱའོ།། ༈ །།དེ་ནས་དང་པོ་བསྙེན་པའི་ཡན་ལག་བཀོད་པའི་བཟླས་པ་ཟླ་བ་སྐར་ཕྲེང་ལྟ་བུ་ནི། ས་བོན་སྔགས་ཕྲེང་འོད་ཟེར་འཕྲོ་བ་ལ་ཡང་ཡང་སེམས་བཟུང་། དེ་ནས་རིམ་པར་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་སྒྲ་སྒྲོགས་པ་དང་། སྔགས་འབྲུ་རྣམས་ཀྱང་རང་སྒྲ་དང་བཅས་གདན་ལས་ཅུང་ཟད་འཕར་ཏེ་ཐོག་མར་འོད་ཟེར་འཁོར། དེ་ནས་སྔགས་ཕྲེང་ཉིད་རིམ་གྱིས་ཇེ་མགྱོགས་སུ་འཁོར་བ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་ཀྱིས་བསལ་བར་མོས་པའོ།། ༈ །།གཉིས་པ་ཉེ་བར་བསྙེན་པ་མགལ་མེ་འཁོར་བ་ལྟ་བུའམ་ཁྱོགས་ཀྱི་བཟླས་པ་ནི། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་འཕྲོས་པ་ཡིག་འབྲུ་རྣམས་གཅིག་རྗེས་གཉིས་ནོན་རེག་ལ་མ་འབྱར་ཞིང་བར་མ་ཆད་པའི་ཕྲེང་བ་སྔགས་ཀྱི་རང་སྒྲ་དང་བཅས་པ་མགལ་མེའི་འཁོར་ལོ་བསྐོར་བ་བཞིན་ཡེ་ཤེས་པ་དང་དམ་ཚིག་པའི་ཞལ་ནས་རིམ་པར་ཐོན་པ་ཡུམ་གྱི་ཞལ་དུ་ཞུགས་ཐུགས་རྒྱུད་བསྐུལ། སྐུའི་ནང་བརྒྱུད་པདྨ་ནས་བྱུང་སྟེ་ཡབ་དང་ཡེ་ཤེས་སེམས་དཔའ་གཉིས་ཀྱི་རྡོ་རྗེའི་ལམ་ནས་བརྒྱུད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོར་བདེ་ཕྲིལ་ཕྲིལ་བྱུང་བ་ཐུགས་ཀའི་ས་བོན་ལ་ཐིམ་པས་མཆོག་གི་དངོས་གྲུབ་ཐོབ་པར་མོས་པ་ནི་ཡེ་ཤེས་ཀྱི་བཟླས་པ་སྟེ། དེས་ཐིག་ལེ་བརྟན་གསལ་ཉམས་སྐྱེ། ཐུར་སེལ་དབུ་མར་ཐིམ་པར་བྱེད། ཡང་སྔགས་ཕྲེང་ཕར་འཁོར་བར་བསྒོམ་པ་ནི་དོ་ལིའམ་ཁྱོགས་ཀྱིི་བཟླས་པ་སྟེ་དེས་མི་རྟོག་པའི་ཉམས་སྐྱེ། སྲོག་རླུང་དབུ་མར་ཐིམ། སྟོད་འཚང་གི་གེགས་སེལ་སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང་། ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བར་བསྒོམ། མདུན་བསྐྱེད་ཡོད་པ་རྣམས་ལའང་དེ་བཞིན་བདག་མདུན་གྱི་བར་སྔགས་ཕྲེང་སྤྲོ་བསྡུ་བྱའོ།། ༈ །།གསུམ་པ་སྒྲུབ་པའི་ཡན་ལག་རྒྱལ་པོའི་ཕོ་ཉ་ལྟ་བུའམ་སྤྲོ་བསྡུའི་བཟླས་པ་ནི། སྔགས་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ནམ་མཁའ་གང་བར་འཕྲོས་པའི་རྩེ་ལས་མཆོད་པའི་ལྷ་མོ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་བསམ་གྱིས་མི་ཁྱབ་པར་ཕུལ། ལྷ་རྣམས་ཟག་མེད་ཀྱི་བདེ་བ་ཆེན་པོས་ཐུགས་མཉེས་པར་བྱས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་རམ། འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཆར་བབས་པ་ལྟར་བྱུང་ནས་རང་གི་སྒོ་གསུམ་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །ཚོགས་གཉིས་ཡོངས་སུ་རྫོགས། དབང་བཞི་ཆིག་རྫོགས་སུ་ཐོབ་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུས་པའི་དམིགས་པའོ། །ཡང་འོད་ཟེར་འཕྲོས་ཏེ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་དང་སོ་སོའི་སྡུག་བསྔལ་ཐམས་ཅད་སྐད་ཅིག་ལ་སྦྱངས། ཉན་རང་བྱང་སེམས་རྣམས་ཀྱང་ཤེས་སྒྲིབ་ལས་གྲོལ་བར་བྱས། ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གནས་གྱུར་པར་བསམ་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། འདིའི་སྐབས་སུ་ལས་བཞི་གང་འདོད་ཀྱི་དམིགས་པའང་འཕྲུལ་ཤེས་པར་བྱའོ།། ༈ །།བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་ལྟ་བུ་ནི། ལྷ་སྔགས་ལས་སྤྲོས་པའི་འོད་ཟེར་གྱིས་སྣོད་གཞལ་ཡས་ཁང་། བཅུད་ལྷའི་འཁོར་ལོ། སྒྲ་གྲགས་སྔགས་ཀྱི་རང་བཞིན། དྲན་རྟོག་ཡེ་ཤེས་ཀྱི་རོལ་པར་བསྒྱུར་བར་མོས་ལ་འཛིན་མེད་ཀྱི་ངང་ནས་བཟླ་བ་ནི་བདག་གཞན་གཉིས་མེད་ཀྱི་བཟླས་པའོ།། ༈ །།འཛབ་དགོངས་བཞི་པོ་འདི་རིམ་ཅན་དུ་སྦྱོར་བ་དང་། གང་ཡང་རུང་བ་སྟེ་ཟུང་སྦྱོར་བ་སོགས་ཡོད་པ་ལས་རང་གཞུང་དངོས་བསྟན་ནི་གལ་ཆེའོ། །དེ་ནས་ངག་གིས་ཇི་ལྟར་བཟླ་ཚུལ་དངོས་ནི། སྤྱིར་ངག་བཟླས་སྐད་གསང་མཐོན་པོར་བཟླ་བ་དང་། མཆུ་དང་ལྕེ་རྩེ་འགུལ་ཙམ་གྱིས་ཤུབ་བུར་བཟླ་བ་དང་། རླུང་བཟུང་སྟེ་སྔགས་ཀྱི་གཟུགས་དང་སྒྲ་ལ་སེམས་གཏད་པ་འགོག་བཟླས་དང་། རླུང་འཛིན་པ་ཙམ་ཡང་མི་བྱ་བར་ཡིད་ཁོ་ནས་སྔགས་ཀྱི་གཟུགས་ཙམ་སྒྲ་གདངས་དྲན་པས་ཡིད་བཟླས་དང་། ས་བོན་ནཱ་ད་ལས་དབུགས་ཕྱིར་དབྱུང་བ་དང་ལྷན་ཅིག་ཧཱུྃ་གི་སྒྲས་སྐུའམ་འོད་ཟེར་སྤྲོས་ཏེ་དོན་གཉིས་བསྒྲུབས། ནང་དུ་འཇུག་པའི་ཚེ་ཨོཾ་གྱི་སྒྲས་ཚུར་བསྡུས། གནས་པའི་ཚེ་ཨཱཿའི་སྒྲས་ནཱ་ད་ལ་ཐིམ་པའོ། །ཡང་ན་རང་སྔགས་དང་སྦྱར་ཏེ་རྡོ་རྗེའི་བཟླས་པ་བྱ་བ་སོགས་ཡོད་ཀྱང་། འདིར་ངག་བཟླས་ཙམ་གྱི་དབང་དུ་བྱས་ཏེ། བགྲང་ཕྲེང་གི་མཚན་ཉིད་དང་། དེ་བྱིན་གྱིས་རླབས་པ་དང་། ལས་སོ་སོ་དང་བསྟུན་ཏེ་འདྲེན་ཚུལ་སོགས་ཀོང་སྤྲུལ་རིན་པོ་ཆེའི་མཛད་པའི་བསྙེན་སྤྱི་ཆེན་མོ་ཞེས་པའི་ནང་དུ་གསལ་ཞིང་། བཟླ་ཚུལ་དངོས་ནི། ཨུ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་པས་སེམས་རྣམ་པར་གཡེང་བས་ཇི་ཙམ་བཟླས་ཀྱང་ངག་སྒྲིབ་ཅུང་ཟད་སྲབ་པ་ཙམ་ལས་འདོད་པའི་དངོས་གྲུབ་ཆེན་པོ་འབྱིན་པར་མི་འགྱུར་བས། ལྷའི་གསལ་སྣང་དང་སྔགས་ཕྲེང་འོད་ཟེར་སྤྲོ་བསྡུ་སོགས་ལ་སེམས་གཏད་དེ་ཏིང་ངེ་འཛིན་རྩེ་གཅིག་པའི་ངང་ནས་གཞན་དུ་མ་ཡེངས་པར་བཟླ་བ་གལ་ཆེའོ། །དེའང་ཤེས་ན་ཡི་གེའི་སྐྱེ་གནས་སྒྲའི་འབྱིན་ཚུལ་ལྕེ་མཆུའི་བྱེད་རྩོལ་སོགས་མ་འཁྲུགས་པར། ཡི་གེ་རེ་རེ་ནས་ཤིན་ཏུ་མྱུར་བ་དང་། ཧ་ཅང་བུལ་བ་མ་ཡིན་པ་དང་། ཡི་གེ་རིང་པོ་རྣམས་ཐུང་བ་དང་། ཐུང་ངུ་རྣམས་རིང་བ་མ་ཡིན་པ་དང་། ཡི་གེ་གཞན་ལྷག་པའམ་ཆད་པ་མ་ཡིན་པ་དང་། གཞན་ཡང་སྒྲ་ཧ་ཅང་ཆེ་བ་དང་ཆུང་བ་ལ་སོགས་པའི་སྐྱོན་རྣམས་སྤང་ལ། ཐུན་སྒང་གཞན་ལ་གཏམ་སྨྲ་བ་དང་། གླལ་བ་དང་ལུ་བ་སོགས་གཞན་གྱིས་བར་མ་ཆད་པར་བཟླ་བར་བྱ་སྟེ། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བ་མིན། །དྲག་པོར་མ་ཡིན་ཞན་པ་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པ་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པ་མིན། །ཞེས་གསུངས་པ་ལྟར། སྤྱིར་གསང་སྔགས་ཀྱི་ཆོ་ག་སོགས་ལ་དཔྱད་པས་དངོས་གྲུབ་རིང་བར་བཤད་དེ། རྟོག་ཅིང་དཔྱོད་པའི་རྟོག་གེ་མཁས། །དེ་ལ་དངོས་གྲུབ་ཤིན་ཏུ་རིང་། །ཞེས་དང་། རྫས་དང་སྔགས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འབྱུང་སྟེ། །གལ་ཏེ་ཡིད་གཉིས་ཟ་གྱུར་ཏམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། །ཞེས་གསུངས་པས་དེས་ན་དད་མོས་རྩེ་གཅིག་པས་བཟླ་བར་ཅི་ནས་གལ་ཆེ་བས་ཤེས་དགོས་སོ། །བཟླ་བྱའི་སྔགས་ཀྱང་ཕལ་ཆེར་ལྷ་ཡི་མཚན་ནས་བོས་པ་དང་ཐུགས་རྒྱུད་བསྐུལ་བ་དང་། ཡོན་ཏན་བརྗོད་པ་ཡིན་ཏེ་ཡིག་དྲུག་ལ་མཚོན་ན་བོད་སྐད་དུ་ཀྱེ་ནོར་བུ་པདྨ་ཞེས་མཚན་ནས་འབོད་པ་དང་། སིདྡྷི་ལྟ་བུ་ལ། རྡོ་རྗེའི་བླ་མ་པདྨ་དངོས་གྲུབ་སྩོལ། ཞེས་ཐུགས་དམ་བསྐུལ་བ་ལྟ་བུ་ཡིན་པས། དོན་ལ་ཡེ་ཤེས་ཀྱི་ལྷ་ལ་བོས་མ་བོས་ཀྱིས་གསན་མི་གསན་དང་ཉེ་རིང་གི་ཁྱད་པར་མ་དམིགས་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་གསུང་ཆོས་སྐུའི་རང་བཞིན་ཡེ་ཤེས་ཀྱི་རིག་སྔགས་དེ་ཉིད་བཟླས་པས་རང་རྒྱུད་ཀྱི་སྒྲིབ་པ་རིམ་གྱིས་ཟད་པ་ན་འབྲས་བུ་ནི་ལྷ་དང་ཇེ་ཉེར་འགྱུར་བ་ཆོས་ཉིད་ཀྱིས་ཡེ་ཤེས་ལྷ་ཡི་བྱིན་རླབས་རྒྱུད་ལ་འཇུག་པར་འགྱུར་བ་ཡིན་ནོ། །གོང་དུ་ཕྱོགས་ཙམ་སྨོས་པ་ལྟར། རབ་མཚན་མའི་བསྙེན་པ་དངོས་ཉམས་རྨི་ལམ་གང་རུང་དུ་ལྷ་འགྲུབ་པའི་མཚན་མ་མཐོང་བ། འབྲིང་དུས་ཀྱི་བསྙེན་པ་ཟླ་དྲུག་སོགས་རང་གཞུང་ནས་བཤད་པ་དང་མཐུན་པ། ཐ་མ་གྲངས་བསྙེན་པའི་སྐབས་སུ་བྱས་ན། དཀྱིལ་འཁོར་གྱི་གཙོ་བོའི་སྔགས་འབྲུ་རེ་ལ་འབུམ་ཕྲག་རེ། འཁོར་གྱི་ལྷ་རྣམས་གཙོ་བོའི་བཅུ་ཆ་རེ། ཀུན་ལ་འབུམ་གྱི་རྗེས་སུ་ཁྲི་རེ། ཁྲིའི་རྗེས་སུ་སྟོང་། སྟོང་གི་རྗེས་སུ་བརྒྱ། བརྒྱའི་རྗེས་སུ་བཅུ། བཅུ་ལ་གཅིག་སྟེ་རང་གི་བཅུ་ཆ་ཁ་སྐོང་དུ་བཟླ། ཡང་ཡི་གེ་བཅོ་ལྔ་མན་ཆད་ལ་འབྲུ་འབུམ། སུམ་ཅུ་ཡན་ཆད་ལ་ཁྲིའི་ཚད་ཡིན་པར་ཡང་བཤད། ཐམས་ཅད་ཀྱང་རྫོགས་ལྡན་ལ་གྲངས་དངོས་བསྟན། གཉིས་ལྡན་དུས་གཉིས་འགྱུར། སུམ་ལྡན་དུས་སུ་སུམ་འགྱུར། རྩོད་ལྡན་དུས་སུ་བཞི་འགྱུར་དུ་བཟླ་དགོས་པར་གསུངས་པ་སོགས་ཡོད་དེ་གཙོ་བོར་རྣལ་འབྱོར་རང་གི་ནང་ཤེས་རིག་གི་ནུས་པ་དང་བསྟུན་པ་གཅེས་སོ། །སྔགས་སྟོང་ཕྲག་རེའི་མཚམས་སུ་སྟོང་ཚིག་གིས་མཆོད་བསྟོད་བྱ་དགོས་གསུངས་ཀྱང་བཟླས་པ་འགྲུབ་པའི་རྗེས་སུ་རུང་ཞིང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བརྗོད། སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་དང་སྔགས་ཆད་ལྷག་སོགས་ཀྱི་ཉེས་པ་བསྐང་ཞིང་ནུས་པ་བརྟན་པར་བྱ་བ་དང་། དངོས་གྲུབ་ལེན་པ་སོགས་རང་གཞུང་དང་བསྟུན་དགོས་སོ།། ༈ །།དེ་ནས་ཆོ་གའི་ཡན་ལག་དང་པོ་ཚོགས་མཆོད་ནི། སྤྱིར་ཚོགས་ཀྱི་འཁོར་ལོའི་ངོ་བོ་ཐབས་ཤེས་དབྱེར་མེད་ཀྱི་ཀུན་སྤྱོད་ཅན། ངེས་ཚིག་ག་ཎ་ཙཀྲའི་སྒྲ་ལས་བདེ་བ་ཆེན་པོ་ཚོགས་ཆེན་འདུས་པའི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད། དབྱེ་བ་སྐལ་ལྡན་མི་ཡི་ཚོགས་ཐབས་ཤེས་ཟུང་དུ་ཚོགས་པ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་གསང་སྔགས་ནང་གི་དམ་རྫས་ཚང་བ་དང་། དགྱེས་ལྡན་ལྷ་ཡི་ཚོགས་དཀྱིལ་འཁོར་གྱི་ལྷ་རྣམས་བསྒོམས་ཞིང་སྤྱན་དྲངས་པ། དེ་གསུམ་འདུས་ཏེ་ལོངས་སྤྱོད་པ་ལས་ཐོབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ་བཞིའོ། །ཚོགས་ཀྱི་འཁོར་ལོ་ལ་སྒྲ་ཇི་བཞིན་པ་སྤྱོད་ནུས་པའི་གང་ཟག་དཀོན་ཞིང་། དེང་སང་སྔགས་པ་རྣམས་ཀྱི་ལག་ལེན་ཡིག་བརྒྱ་ལ་བརྟེན་པའི་མོས་སློབ་ཀྱི་ཚོགས་མཆོད་ལ། དཀྱིལ་འཁོར་གྱི་མདུན་དུ་ཕྱི་ནང་གསང་བའི་མཆོད་ཚོགས་དམ་རྫས་བཟའ་བཅའ་བཏུང་བའི་རིགས་རྣམས་ཅི་འབྱོར་གཙང་ཞིང་ཡིད་དུ་འོང་བ་ལག་ལེན་ལྟར་བཤམས་ལ། བདུད་རྩིས་བྲན་ཏེ། རང་ཉིད་གཙོ་བོའི་ང་རྒྱལ་ལ་གནས་པའི་ཐུགས་ཀ་ནས་ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེག་གཏོར་བཀྲུས་ནས། སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་ཚོགས་གཞོང་རིན་པོ་ཆེའི་རང་བྱུང་བྷཉྫ་འབར་བའི་ནང་དུ་བཅུད་འབྲུ་གསུམ་སོགས་འོད་དུ་ཞུ་བ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་མོས་ལ།། ༈ །།ཚོགས་ཞིང་སྤྱན་འདྲེན་པ་ནི། རང་ཉིད་རྩ་བའི་ལྷ་ཡབ་ཡུམ་དུ་གསལ་བའི་ཐུགས་སྲོག་གམ། མཉམ་པར་སྦྱོར་བའི་མཚམས་ནས་འོད་ཟེར་དཔག་ཏུ་མེད་པར་འཕྲོས་པས་འོག་མིན་གྱི་གནས་དང་རང་བཞིན་སྤྲུལ་པའི་ཞིང་རབ་འབྱམས་ནས། བླ་མ་རྩ་གསུམ་དཀྱིལ་འཁོར་གྱི་ཚོགས་རྣམས་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་ནམ་མཁའི་ཁྱོན་ཐམས་ཅད་ཁྱབ་ཅིང་གང་བར་སང་ངེ་མངོན་དུ་བྱོན་པར་མོས་པའོ།། ༈ །།དེ་ནས་མཆོད་པ་ནི། ཚོགས་ཕུད་ཆ་དང་པོ་དེ་ཉིད་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་དྲུག་གི་ལྷ་མོ་དང་མཁོ་དགུའི་ལོངས་སྤྱོད་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པར་སྤྲུལ་ཏེ་འབུལ་བའོ།། ༈ །།དེ་ནས་བཤགས་པ་ནི། ཚོགས་བར་པ་ཆ་གཉིས་པ་དེ་ཉིད་བདུད་རྩི་ལྔ་ཡི་རྣམ་པར་དམིགས་ཏེ་ཕུལ་བས་ལྷ་རྣམས་དགྱེས་པར་བསྐྱེད། ཐུགས་དམ་བསྐང་། ཉམས་ཆགས་རྟོག་སྒྲིབ་བྱང་། ཡེ་ཤེས་ཆེན་པོས་བྱིན་གྱིས་རླབས་པར་མོས་ལ། ཡིག་བརྒྱ་སོགས་བརྗོད། ༈ །དེ་ནས་བསྒྲལ་བ་ནི། སྔར་བྱིན་རླབས་མ་བྱས་གོང་ཟུར་དུ་བཅད་པའི་ལིངྒ་སོགས་ཡོད་ན། མེད་ན་ཆ་གསུམ་པ་ཉིད་མདུན་དུ་བཀོད་ལ། འདོད་ཡོན་རྣམས་ལྷ་མོ་ཧཱུྃ་གི་རྣམ་པས་ཚུར་རང་ལ་བསྡུ། དེ་ཉིད་དམིགས་རྟེན་བྱས་ཏེ། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དང་སྤྲུལ་པའི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་བསྒྲལ་བྱ་ནི་ཞིང་བཅུ་ཚང་བ་སྟེ། རྒྱུད་ལས། སངས་རྒྱས་བསྟན་པ་བཤིགས་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །དགེ་འདུན་འདུ་བའི་སྒོ་འཕྲོག་དང་། །ཐེག་ཆེན་ཆོས་ལ་སྨོད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྡོ་རྗེའི་ནང་དབྱེན་བྱེད་པ་དང་། །སྒྲུབ་ལ་བར་ཆད་བྱེད་པ་དང་། །གང་ཞིག་དམ་ལས་ལོག་པ་དང་། །སྙིང་རྗེ་མེད་པའི་སྲིན་པོ་དང་། །མུ་སྟེགས་ལོག་ལྟ་གཏོང་བ་དང་། །སྒྲུབ་པ་པོ་ལ་བསྡོ་བ་སྟེ། །འདི་རྣམས་བསྒྲལ་བའི་ཞིང་བཅུ་ཡིན། །ཞེས་གསུངས་པ་ལྟར་དེ་འདྲའི་དགྲ་བགེགས་རྣམས་རང་དབང་མེད་པར་བཀུགས་ཏེ་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་རྐེ་ནས་དྲངས། ལྕགས་སྒྲོག་གིས་ཡན་ལག་བཅིངས། དྲིལ་བུས་མྱོས་པར་བྱས་ཏེ་མཚན་མའི་རྟེན་ལ་བསྟིམ། སྐྱོབ་བྱེད་ཀྱི་ལྷ་དང་བྲལ་ནས་ཉམ་ཐག་པའི་ཚུལ་ཅན་དུ་གནས་པར་མོས་པ། དོན་གྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དེ། ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཟུང་དུ་འཇུག་པའི་སྟོབས་ཀྱིས་སེམས་རྣམ་པ་ཞེ་སྡང་གི་གཟུགས་སུ་ཤར་བས། རང་ཉིད་དཔལ་ཆེན་པོ། ལག་གི་ཕུར་པསྲས་མཆོག་ཀཱི་ལ་ཡ། ལིང་ག་གནོད་བྱེད་ཀུན་འདུས་ཏེ་གསལ་བ་གསུམ་དང་ལྡན་པའི་ངང་ནས་ཕུར་པ་གཟས་པོའི་སྙིང་ཁར་བཏབ་པས་ཁོའི་ཚེ་བསོད་དཔལ་འབྱོར་བཀྲག་མདངས་གཟི་བརྗིད་ཐམས་ཅད་ཨཱཿཡིག་གི་རྣམ་པར་བསྡུས་ནས། རང་ལ་བསྟིམ་པས་བདག་གི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་པར་བསམ་པ་ནི་ཚེ་ལུང་དང་། ཀུན་གཞིའི་རྣམ་པར་གནས་པ་ཕུར་རྩེ་ཧཱུྃ་གིས་བླངས་ཏེ་ཁོང་གསེང་བརྒྱུད། ཕཊ་ཀྱིས་འཕང་པས་གློ་བུར་གྱི་དྲི་མ་སྦྱངས་ནས་རྣམ་ཤེས་དྭངས་མའི་ཐིག་ལེར་གྱུར་པ་འོག་མིན་དུ་དཔལ་ཆེན་པོ་སོགས་རྩ་བའི་ལྷ་གང་ཡིན་གྱི་ཐུགས་ཀར་ཐིམ་ནས་སྲས་སུ་དབང་བསྐུར་བར་མོས་པ་ཁྲུས་ལུང་སྟེ། དེ་ལྟར་ཚེ་ཁྲུས་སྤར་གསུམ་གྱི་དགོངས་པ་དང་ལྡན་པས་བརྟེན་པ་དབྱིངས་སུ་བསྒྲལ། རྟེན་གཞི་བག་ཆགས་ཀྱི་ཕུང་པོ་ཕོ་རྐང་པ་གཡས་དང་། མོ་རྐང་པ་གཡོན་ནས་བཟུང་རིམ་པར་གཏུབ་སྟེ་ངོ་བོ་དུག་གསུམ་རྣམ་པ་ཤ་ཁྲག་རུས་པའི་ཕུང་པོར་བསམ་སྟེ་ལྷ་གཙོ་འཁོར་བཀའ་སྡོད་སྤྲུལ་པ་དང་བཅས་པའི་ཞལ་དུ་བསྟབ་པས། ཁམས་གསུམ་གྱི་འཁོར་བ་གནས་ནས་སྟོང་པར་མོས་པ་སྟེ། དེས་བདག་མི་ཕམ་སྟེ་དགྲའི་ཚེ་བསོད་རང་གི་ཚེ་བསོད་ཀྱི་གསོས་སུ་གྱུར་པས་འཚེང་། དགྲ་མི་ཕམ་སྟེ་རྣམ་སྨིན་ལས་ངན་གྱི་སྐྱེ་རྒྱུད་ཆད་ནས་དཔལ་ཆེན་པོའི་སྲས་སུ་གྱུར་པས་འཚེང་། ལྷ་མི་ཕམ་སྟེ་འཁོར་གྱི་བཀའ་སྡོད་སྲུང་མའི་ཚོགས་རྣམས། གཟུགས་ཕུང་ཤ་ཁྲག་ལོངས་སྤྱོད་ཀྱིས་ཚིམ་པས་འཚེང་བ་སྟེ་འབྲས་བུ་འཚེང་བ་སུམ་ལྡན་དུ་འགྱུར་རོ།། ༈ །།དེ་ནས་ཚོགས་ལ་རོལ་བ་ནི་ལས་ཀྱི་རྡོ་རྗེས་གུས་པས་གཙོ་བོ་ལ་ཕྱག་བྱས་ནས་ཐབས་ཤེས་ཀྱི་རྫས་བརྡའ་དང་བརྡའ་ཡིས་འབུལ་ལེན་བྱས་རྗེས་འདུས་པ་གཞན་རྣམས་ལའང་རྒན་གཞོན་གྱི་རིམ་པ་བཞིན་བྲིམ་ལ། ཚོགས་གྲལ་དུ་རྩོད་པ་དང་ཀུ་ཅོ་དང་། ཐ་མལ་གྱི་བདེན་ཞེན་སོགས་སྤངས་ཏེ། ཚིམ་པ་དང་དགའ་བ་དང་། འཛིན་ཞེན་མེད་པའི་སྒོ་ནས། བདུད་རྩིའི་མཆོད་རྫས་ལྟེ་བའི་གཏུམ་མོའི་མེས་ཞུ་བས་དྭངས་མའི་ལུས་དཀྱིལ་གྱི་ལྷ་རྣམས་མཆོད་པར་བསམ་པ་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད་ཅིང་། རྡོ་རྗེ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེས་གནང་བ་ཐོབ་ན་རྡོ་རྗེའི་གླུ་གར་སོགས་ཀྱང་རྣལ་འབྱོར་པའི་ཉམས་དང་སྦྱར་ཏེ་བྱའོ།། ༈ །།དེ་ནས་ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པའི་དཀྱིལ་འཁོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ། ལས་ཀྱི་རྡོ་རྗེས་བསྐུལ་ནས་སློབ་དཔོན་གྱི་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་བ་མཛད་པའི་བྱང་སེམས་ཀྱི་བདུད་རྩི་བབ་པར་བསམ་ལ། སྔགས་རྒྱའི་ཛ་གད་ཀྱི་ཁ་ཕྲུ་བཏབ་སྟེ་བདུད་རྩི་སྤེལ་བ་དཀྱིལ་འཁོར་གྱི་ཤར་ལྷོའམ། བྱང་ཤར་དུ་ཞིང་ལྤགས་སོགས་གདན་ལ་བཀོད་ལྷག་མགྲོན་རྣམས་སྔགས་རྒྱས་བཀུག་ལ་མེ་ཏོག་ལ་སོགས་པས་མཆོད་ནས། སྔོན་ཚེ་དཔལ་ཆེན་པོའི་སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་པ་བཞིན་དུ་ལྷག་གཏོར་ཟག་མེད་འདོད་ཡོན་གྱི་དམ་རྫས་ཆེན་པོ་འདི་བཞེས་ལ་བདག་རྣལ་འབྱོར་པས་ཇི་ལྟར་བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད་ཅིག །ཅེས་བསྒོས་ཏེ་སྒྲུབ་ཁང་གི་ཕྱི་རོལ་ནས་གོམ་པ་བདུན་ཅུ་བོར་བ་ན་སྲིན་མོའི་ཟ་ལམ་ཡིན་པས་དེར་བསྐྱལ་ཞིང་རྗེས་སྨོན་ལམ་གདབ་པ་སོགས་ཆོ་ག་རང་གཞུང་ལྟར་བྱའོ།། ༈ །།དེ་ནས་གཏོར་སྐྱོང་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དབྱིངས་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་། སྲུང་མའི་གཏོར་མ་རྣམས་གཏོར་གྲལ་ནས་ཕྱིར་དཔག་པར་བྱས་ལ། སྨན་རག་གིས་བྲན་གཏོར་རྫས་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་སྤེལ་ཏེ་སྐྱེ་བ་མེད་པའི་དབྱིངས་ལས་རང་ཤར་བས་བརྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ཐ་ཚིག་གཉེན་པོ་བསྒྲགས་ཏེ། ལས་བཞིའི་ཕྲིན་ལས་ཐོགས་པ་མེད་པ་སྒྲུབས་ཤིག་ཅེས་ལས་བཅོལ་ཏེ་ཕྱིར་འབུལ།། ༈ །།སྐབས་འདིར་ཟོར་བསྐུལ་ཡོད་པའི་རིགས་ལ་གཏོར་རྫས་ནད་མཚོན་དུག་གི་ངོ་བོར་དམིགས་ཏེ་སྡང་དགྲ་གནོད་བྱེད་ཀྱི་ཕྱོགས་སུ་འཕང་པས་ཁ་ཕུང་རྗེས་མེད་དུ་བརླག་པར་མོས།། ༈ །།དེ་ནས་གཏོར་གཞོང་བཤལ་བའི་སྨན་ཕུད་ཀྱིས་བརྟན་མའི་གཏོར་མར་བྲན་ཞིང་། འབྲུ་གསུམ་གྱིས་བྱིན་གྱིས་རླབས། ནང་དུ་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་རང་གཟུགས་ཕྱི་རོལ་དུ་བརྟན་ཞིང་ཆགས་པས་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་འཁོར་སྨན་ཕྲན་འབུམ་དང་བཅས་པ་ལ་འབུལ་ཞིང་གངས་ལྗོངས་མཐའ་དབུས་བདེ་བའི་ཕྲིན་ལས་བཅོལ་ལོ།། ༈ །།དེ་ནས་རྟ་བྲོ་བྱ་བ་ནི། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམིགས་བྱ་མནན་ཞིང་། རྡོ་རྗེའི་རྒྱས་བཏབ་པའི་ཁར་བྲོ་ཡི་ལས་བྱ་བ་སྟེ་སྣོད་བཅུད་ཐམས་ཅད་དཔལ་རྟ་མཆོག་ཧེ་རུ་ཀ་སོགས་ལས་མཐུན་གྱི་ཁྲོ་བོ་དང་། ཁྲོ་མོའི་ཚོགས་ཀྱིས་གང་བས་ཐབས་ཤེས་གཉིས་སུ་མེད་པར་བྲོ་བརྡུང་བས་གནས་སྐབས་སུ་ཞི་རྒྱས་དབང་དྲག་གི་ལས་གང་ཡིན་འགྲུབ་ཅིང་། མཐར་ཐུག་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བདེ་བ་ཆེན་པོའི་རོལ་མོར་འཆར་བའི་དམིགས་པ་མེད་པའི་དབྱིངས་སུ་ཐིམ་པར་མོས་པའོ།། ༈ །།དེ་ནས་དངོས་གྲུབ་བླང་བ་ནི། སྤྱིར་བསྙེན་སྒྲུབ་མཐར་ཕྱིན་པ་སོགས་ཀྱི་སྐབས་སུ་བྱ་བ་ཡིན་ལ་སྒྲུབ་གཏོར་ལྷར་གསལ་ལ་མོས་གུས་ཀྱིས་གསོལ་བ་བཏབ་ཅིང་ཐུགས་དམ་བསྐུལ་བས་རྩ་བའི་ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འབྲུ་གསུམ་དང་འོད་ཟེར་གྱི་རྣམ་པར་འཕྲོས་ཏེ་རང་གི་གནས་གསུམ་དུ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་མོས་ལ། སྒྲུབ་གཏོར་གནས་གསུམ་དུ་འཇོག་པའམ། ནང་མཆོད་ཀྱི་བདུད་རྩི་མྱོང་ཞིང་། གནས་གསུམ་དུ་ཐིག་ལེ་བྱ། མཐར་རོ་སྙོམས་གཉུག་མའི་ངང་དུ་མཉམ་པར་བཞག་པར་བྱའོ།། ༈ །།དེ་ནས་ནོངས་བཤགས་སོགས་བྱ་བ་ནི། གཏང་རག་གི་མཆོད་བསྟོད་སོགས་བྱས་རྗེས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྤྱན་སྔར་གདུང་བ་དྲག་པོའི་བདག་སྒྲུབ་པ་པོ་ཤེར་ཏིང་གི་ནུས་པ་དབེན་པས་དགོངས་སྤྱོད་རྒྱ་མཚོ་གདེང་མངོན་དུ་མ་གྱུར་པ་དང་། བྱིང་རྒོད་ཀྱི་དབང་དུ་གྱུར་ཏེ་ཏིང་ངེ་འཛིན་མི་གསལ་བ་དང་། འཛབ་བཟླས་མ་དག་ཅིང་ཆོ་གའི་ཡན་ལག་ཉམས་པ་དང་། རྫས་དང་ཡོ་བྱད་མ་འབྱོར་ཞིང་འབག་བཙོག་ཏུ་ཤོར་བ་སོགས་སྤྱི་དང་ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་དང་འགལ་བའི་ཉེས་པ་གང་དང་གང་བྱུང་བ་དེ་ཐམས་ཅད་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཆེད་ལྕམ་འདུས་པ་རྒྱ་མཚོའི་སྤྱན་སྔར་མཐོལ་ཞིང་བཤགས་ན་འཕྲལ་དང་ཡུན་གྱི་སྒྲིབ་པ་མི་འགྱུར་བར་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་ནས་ཡིག་བརྒྱ་བཟླ་བར་བྱའོ།། ༈ །།དེ་ནས་ཡེ་ཤེས་པ་གཤེགས་སྟིམ་གང་འོས་བྱས་ནས་དམ་ཚིག་པར་བསྡུ་བའམ། ཡང་ན་ཡེ་ཤེས་ཀྱི་ལྷ་ལ་གཤེགས་གསོལ་མི་བྱ་བར་དམ་ཡེ་དབྱེར་མེད་དུ་བསྡུ་བ་ནི་བླ་མེད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའོ།། ༈ །།དེ་ནས་བསྡུ་རིམ་ནི། དེ་ཡང་གོང་དུ་བསྐྱེད་རིམ་གྱི་སྐབས་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་མེད་ན་སྐབས་འདིར་ཡང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྐད་ཅིག་གིས་སྦྱངས་ནས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མི་དམིགས་པ་མཉམ་པར་བཞག་པ་རིལ་འཛིན་དང་། ཡོད་ན་རྗེས་ཞིག་གི་ཚུལ་དུ་རིམ་པར་བསྡུ་བར་གསུངས་པས། དེས་ན་རང་གི་སྙིང་གའི་འོད་ཀྱིས་ཕྱི་རོལ་དག་པའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ། དེ་ནས་ནང་གི་སྲུང་འཁོར་དུར་ཁྲོད་སོགས་རིམ་པར་གཞལ་ཡས་ཁང་ལ། དེ་འཁོར་རྣམས། དེ་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་རིམ་བཞིན་ཏིང་འཛིན་སེམས་དཔའ་ཐུགས་སྲོག་ས་བོན་ལ། དེ་གྱེན་རྫོགས་ནཱ་དའི་བར་དུ་ཡལ་ནས་མཐར་དམིགས་བསམ་སྤྲོས་པ་དང་བྲལ་བའི་ཀ་དག་གི་ཀློང་དུ་མཉམ་པར་བཞག་པས་རྟག་མཐའ་བསལ།། ༈ །།དེ་ནས་སླར་ཡང་སྔགས་བརྗོད་པའི་རྐྱེན་གྱིས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་རང་རྩ་བའི་སྐུར་ལྡང་སྟེ་གནས་གསུམ་བྱིན་རླབས་དང་གོ་བསྒོ་ལུས་སྲུང་སོགས་བྱས་རྗེས་སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བས་ཆད་མཐའ་བསལ་སྟེ་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པར་བྱའོ།། ༈ །།དེ་ནས་རྗེས་ཀྱི་བྱ་བ་དང་པོ་བསྔོ་བ་ནི། གང་བསྔོ་རྒྱུའི་དགེ་བ་དེ་ལྟར་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་ལ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཚུལ་བཞིན་དུ་སློབ་པར་བྱས་པས་དེ་ཉིད་ཀྱི་གཙོས་མཚོན་བྱེད་བྱས་ཏེ་དུས་གསུམ་བྱས་ཡོད་ཀྱི་རྣམ་དཀར་མཐའ་དག་མཚོན་བྱ་གཅིག་ཏུ་བསྡོམས་པའི་བློས། གང་བསྔོ་ན་མཐའ་གཉིས་ལ་མི་གནས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་རིགས་དྲུག་པ་རྡོ་རྗེ་འཆང་གི་སར། སུའི་ཆེད་དུ་བསྔོ་ན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མེད་ཡེ་ཤེས་ཀྱི་འབྲས་བུ་དེ་ལྟར་ཐོབ་པར་བྱ་བའི་ཕྱིར། ཚུལ་ལམ་རྣམ་པ་ཇི་ལྟ་བུའི་བསྔོ་ན། ཀུན་རྫོབ་ཐ་སྙད་ཙམ་དུ་ནང་གི་བྱེད་པ་པོ་དང་། གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱ་བའི་དགེ་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཇི་ལྟར་དུས་གསུམ་དུ་གཤེགས་པའི་རྒྱལ་བ་སྲས་དང་བཅས་པས་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་སྙམ་དུ་འདུན་པ་རྩེ་གཅིག་པས་བསྔོ་བའི་ཚིག་བརྗོད་དོ།། ༈ །།དེ་ནས་སྨོན་ལམ་ནི། བསམ་པ་བྱང་ཆུབ་སེམས་ཀྱིས་ཟིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོར་འགྱུར་བའི་སྨོན་ལམ་རྣམ་པར་དག་པ་འདེབས་པ་སྟེ། རང་གཞུང་གི་སྨོན་ཚིག་རྣམས་དང་། གཞན་ཡང་སངས་རྒྱས་མཆོད་པ། དམ་ཆོས་འཛིན་པ། ལུང་ཀུན་སྟོན་པ། ཞིང་ཀུན་ཏུ་འཇུག་པ། ཕར་ཕྱིན་རྫོགས་པ། སེམས་ཅན་སྨིན་པར་བྱེད་པ། ཞིང་སྦྱོང་བ། བྱང་སེམས་རྣམས་དང་སྤྱོད་ཡུལ་མཐུན་པར་གནས་ལ། སྤྱོད་པ་ཀུན་ཏུ་དོན་ཡོད་པ། བྱང་ཆུབ་ཆེན་པོ་འཐོབ་པ་སྟེ་སྨོན་ལམ་ཆེན་པོ་བཅུ་དང་འཁོར་འབུམ་ཕྲག་གྲངས་མེད་པ་འཕགས་པ་ཀུན་ཏུ་བཟང་པོས་གསུངས་པའི་བཟང་པོ་སྤྱོད་པའི་སྨོན་ལམ་དང་། བྱེ་བྲག་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཇི་ལྟར་རིགས་པར་བྱའོ།། ༈ །།དེ་ནས་བཀྲ་ཤིས་ནི། ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད། རྡོ་རྗེའི་གླུ་དབྱངས་ལེན། མེ་ཏོག་མནྡཱ་ར་བའི་ཆར་ཆེན་པོ་འབེབས་པར་བསམ་ལ་རང་ཉིད་ཀྱང་དེ་དང་མཐུན་པའི་ཤིས་བརྗོད་དབྱངས་རོལ་མེ་ཏོག་འཐོར་བ་སོགས་བྱ་སྟེ། ཕྱོགས་བཅུ་དུས་བཞིའི་གནས་སྐབས་ཇི་ལྟ་བུར་སྤྱོད་ཀྱང་ཀུན་ཏུ་མི་མཐུན་པའི་མིང་ཡང་མི་གྲགས་ཤིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་དགེ་མཚན་དང་ལེགས་པའི་དཔལ་འབྱོར་གོང་དུ་སྤེལ་བར་བྱ་སྙམ་མོ།། ༈ །།ཚུལ་འདི་ལྟར་ཆོ་གའི་སྦྱོར་དངོས་རྗེས་གསུམ་ཚང་བར་སྟན་ཐོག་གཅིག་ལ་ཐུན་གཅིག་ཏུ་ཚུལ་བཞིན་ཉམས་སུ་བླངས་པས་ཀྱང་བསྐལ་པ་གཅིག་གི་ཚོགས་འདུམ་པར་གསུངས་པས་མཚོན་གསང་སྔགས་ཐབས་ཀྱི་ཆེ་བ་རྨད་དུ་བྱུང་བས་གྲངས་མེད་གསུམ་གྱི་ཚོགས་ཀྱང་དབང་རྣོན་ཤེར་བརྩོན་ཕུལ་ཕྱིན་གྱིས་སྙིགས་དུས་ཀྱི་ཚེ་གཅིག་ལའང་འདུམ་པའི་གནད་ཀྱང་དེ་ཡིན་པས་ཚུལ་འདི་ལྟ་བུ་ལ་གཅིག་ཏུ་བརྩོན་པར་བྱ་བ་གལ་ཆེའོ་གསུངས། དེའང་གོང་དུ་བཤད་པ་བཞིན་དབང་རབ་དམིགས་རྟེན་མེད་པར་ལྷ་སྐུ་རིམ་དང་གཅིག་ཆར་གསལ་ནུས་པ་ཡོང་ངོ་། །དབང་འབྲིང་གིས་དང་པོ་ཡི་དམ་གྱི་བྲིས་སྐུ་བཤམས་ནས། ཐོག་མར་མི་རྟོག་པའི་ངང་ལ་ཡུན་ཅིག་གི་ངང་བཞག་དེ་ནས་དབུ་ནས་ཞབས་དང་ཞབས་ནས་དབུ་ཡི་བར་ཡར་མར་ཞིབ་ཀྱིས་བལྟ། ཡང་སྐུ་ཧྲིལ་པོ་སྤྱི་ཁྱབ་ཏུ་བལྟ། སྐབས་རེ་མི་རྟོག་པའི་ངང་དུ་བཞག་གོ། །ཐ་མའི་འབུར་སྐུ་ལ་ཤེས་པ་རྩེ་གཅིག་གཏད། དེ་ནས་དེ་ལ་རིམ་གྱིས་འཇའ་ཚོན་དང་སྒྱུ་མ་ལྟ་བུ་ལ་བློ་སྦྱངས་ནས་རིམ་གྱིས་ཉིན་གཅིག་འབྱོང་བར་བསྒོམས། ནུབ་མོ་གཉིད་ཚིམ་པར་ལོག །དེ་བཞིན་ཡང་ཡང་སྒོམ་པའི་གོམས་སྟོབས་ཀྱིས་ཡིད་ཡུལ་དུ་བཀྲ་ལམ་མེར་འཆར་ཡོང་། དེ་དུས་དམིགས་རྟེན་མེད་པར་བསྒོམ། ལྷ་སྐུ་མི་གསལ་བའི་དུས་སུ་ཨུ་ཚུག་བྱས་ན་ཁམས་འཁྲུགས། སྣ་སུན་སླར་སྒོམ་སྙིང་མི་འདོད་པས་ལྷ་སྐུ་གསལ་འཕྲོ་བཅད་དེ་སྒོམ་དང་སླར་བསྒོམ་སྙིང་འདོད་ཅིང་རྐྱེན་རྣམས་སེལ་སླད། ཐུན་མཚམས་མི་རིང་བར་སྒོམ་གྲངས་མང་བས་ཡོན་ཏན་འཕེལ་སྐྱེད་ཆེ། གཉིད་ཀྱི་ཁམས་མ་སངས་བ་དང་། ལྟོ་འགྲང་བ་དང་། ས་རབ་རིབ་དང་གནས་ཁང་དཀར་རིབ་ནག་རིབ་ཏུ་མི་བསྒོམ། ཉིན་མོ་གཉིད་སངས་ངེས་ནམ་མཁའ་དྭངས་པའི་དུས་སུ། མཚན་མོ་ཕྱི་ཡི་རྣམ་གཡེང་རྣམས་ཞི་ནས་མར་མེའི་འོད་ཡོད་ས་སོགས་ལ་སྒོམས་དང་བྱིང་རྨུགས་ཤས་ཆུང་ཞིང་སྒོམ་པའི་དུས་གནད་སོགས་ཡོད་དོ།། ༈ །།ཐོག་མར་བསྙེན་པ་ལ་འཇུག་ཉེ་བའི་སྐབས་དཀོན་མཆོག་ལ་མཆོད་པ་འབུལ། མདོ་རྒྱུད་ཀྱི་གསུང་སྒྲོགས། དགེ་འདུན་ལ་བསྙེན་བསྐུར། སཙྪ་འདེབས། སྲོག་བསླུ། ཉེའུ་འདོན། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་འབུལ་དང་གསོལ་སྐོང་། བསངས་བརྔན་གསེར་སྐྱེམས། ཆུ་སྦྱིན་དང་ལན་ཆགས་གཏོར་མ་གཏོང་། རླུང་བསྐྱེད་དང་ལམ་འཕྲང་བཅོས། ཕྱག་བསྐོར་དང་མཎྜལ། ཚོགས་སྐོང་དང་རྡོར་སེམས་བསྒོམ། བདག་འཇུག་བླང་། བླ་མའི་རྣལ་འབྱོར་སོགས་ཉིན་ཁ་ཤས་ལ་ཅི་འགྲུབ་བྱས་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་བའི་དགོས་ཆེད་ཡོད་དོ། །དེ་ནས་ཕུན་སུམ་ཚོགས་པ་ལྔའི་གཞི་བཟུང་ནས་མཚམས་སྒྲུབ་སྐབས་བློ་མ་དྲེད་པ་གལ་ཆེ་བས། དགྲ་གཉེན་ནོར་ཟས། གཟུང་འཛིན་ཆགས་སྡང་། ཉོན་མོངས་རྣམ་རྟོག་ལ་སོགས་ཀྱི་དབང་དུ་སོང་ན་ངན་དྲེད་དུ་འགྲོ་བ་དང་། འབྲི་ཀློག །བློ་འཛིན་འཆད་རྩོད་བསམ་བློ་འདོན་པ་སོགས་ཀྱི་དབང་དུ་སོང་ན་བཟང་དྲེད་དུ་འགྲོ་བས་དོན་མི་འགྲུབ་པས་དེ་དག་གི་དབང་དུ་མ་སོང་བར་གང་སྒྲུབ་པ་དེ་ཉིད་ལ་ཤེས་པ་རྩེ་གཅིག་གཏད་དེ་འཁྱག་མོད། ལྟོགས་མོད། ན་མོད། ཤི་མོད། ཆད་མོད། སྒྲུབ་པ་མཐར་འདོན་བྱེད་སྙམ་ནས་སྡུག་བསྲན་སྙིང་ནས་བསྐྱེད།། ༈ །།སྐྱབས་འགྲོ་སེམས་བསྐྱེད་དང་ལྷའི་ང་རྒྱལ་ལྡན་པའི་ངང་ནས་གཏོར་མ་གསུམ་བཤམས་ཏེ་དང་པོ་བླ་མ་དཀོན་མཆོག་ལ་ཕུལ་ནས་གསོལ་བ་འདེབས། བར་པ་ཆོས་སྐྱོང་ལ་ཕུལ་ནས་བར་ཆད་མི་འོང་བའི་ཕྲིན་ལས་བཅོལ། ཐ་མ་གཞི་བདག་ལ་ཕུལ་ནས་གནས་པོ་ཞུ་ནས་མཐར་མཉམ་པར་བཞག་ཅིང་། སྡོད་ཚུགས་པའི་རྟེན་འབྲེལ་དུ་མལ་འོག་ས་དཀར་པོའི་གཡུང་དྲུང་བྲི། བར་ཆད་མི་འོང་བའི་རྟེན་འབྲེལ་དུ་ཐོ་དཀར་པོ་བརྩེགས་ཏེ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་འཛུག །མདུན་དུ་མཆོད་གཏོར་བཤམས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱེ་ཤབྟ་པཱུ་ཛ་ས་མ་ཡ་ཧཱུྃ། གཏོར་སྣོད་རིན་ཆེན་གཞལ་ཡས་སུ། །གཏོར་མ་འདོད་ཡོན་ཕུང་པོར་འབར། །ཨོཾ་ཨཱཿཧཱུྃ་ཧོས་བྱིན་བརླབས་ནས། ཐོ་བསང་སྦྱང་ནི། སྟོང་པའི་ངང་ལས་ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན། བྱང་དུ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ་རྣམས་གསལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་རི་རབ་ཀྱི་ཕྱོགས་བཞི་ནས་འཁོར་དང་བཅས་པ་བཛྲ་ས་མ་ཛས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོས་བསྟིམ། ཨོཾ་དྷྲྀ་ཏ་རཥྚཱ་ཡེ་སྭཱ་ཧཱ། ཨོཾ་བི་རུ་ཌྷ་ཀཱ་ཡེ་སྭཱ་ཧཱ། ཨོཾ་བི་རུ་པཱ་ཀྵ་ཡེ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨརྒྷཾ་ནས་ ཤབྟའི་བར་གྱིས་མཆོད། ནམ་མཁའ་མཛོད་སྔགས་ཀྱིས་གཏོར་མ་འབུལ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྱོགས་བཞིའི་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་སྔགས་མཐར། ཏིཥྛ་བཛྲ་ཧོས་བརྟན་བཞུགས་བྱས་ཏེ་སྒྲུབ་ཁང་ཕྱོགས་བཞི་དཔུང་དང་བཅས་ཏེ་སྲུང་བར་བསམ་ཞིང་སྲུང་འཁོར་རྣམས་བརྟན་པར་བསྒོམས་ནས་མཚམས་ལ་འཇུག་གོ། ༈ །འདི་སྐབས་མི་འཕྲད་ཀ་མེད་ཀྱི་མི་དང་། མཐུན་རྐྱེན་ཅ་ཟས་གོས་སྨན་སོགས་གཞན་ནས་འོང་དགོས་དང་མཚམས་གཡོག་ཀྱང་འདིས་མ་བྱུང་ན་འདི་འབོད་སྙམ་པ་དེ་རྣམས་དམིགས་རྡེལ་བཞག་ལ་སྲུང་འཁོར་དུ་བཅུག་པས་སླར་མཚམས་མི་རལ་བའི་དགོས་པ་ཡོད། ལོ་གསུམ་མཚམས་བྱེད་ན་ཞག་བདུན་གསུམ་ཙམ་ཁས་ལེན་བྱེད་ཅིང་གཞན་ལའང་དེ་ལྟར་སྨྲ། ཡི་དམ་འདི་སྒྲུབ་པ་ཡིན་ཞེས་དམ་གཙང་མཆེད་གྲོགས་ལའང་མི་བཤད། རྟགས་མཚན་བཟང་ངན་ཅི་བྱུང་གཞན་ལ་མི་བཤད། དངོས་གྲུབ་རྫས་རྣམས་དམ་ཚིག་མི་གཅིག་པ་ལ་སྦྱིན་པ་དང་སྟོན་པར་མི་བྱེད། སྒྲུབ་པ་མ་ཐོན་བར་གཞན་དོན་སྲུང་སྐྱོབ་འདྲེ་བརྡུང་། སྔགས་ཆུ་སྲུང་སྐུད་སྟེར་བ་སོགས་མི་བྱེད། ཆོས་མི་བཤད། གནས་མི་སྤོ། སྟན་མི་སྤྲུགས། གདོང་པ་དང་ལག་པ་མི་བཀྲུ། སྐྲ་སེན་ཁ་སྤུ་མི་བྲེག །སྒོག་ཙོང་དང་ལ་ཕུག །ལན་ཚྭ་ཆེ་བ་མི་ཟ། མཚོན་རྩེ་ཁ་ནང་མི་འཛུག །ལྕེ་ཤ་མི་ཟ། སྣོད་གས་ཆགས་དང་རྡོལ་བ་དྲི་མ་ཅན་སོགས་ལོངས་སུ་མི་སྤྱོད། མེ་ལ་ཕུ་མི་བྱེད། མཆིལ་སྣབས་དང་ཟག་པ་མིའི་མཐོང་བ་དང་འགྲོ་ལམ་དུ་མི་དོར། དམ་ཉམས་དང་སྡོམ་ཤོར། ཡུག་ས་དང་དམེ་མོ། མཛེ་ཕོ་དང་སྡིག་ཅན་གདོན་ཆེན་སོགས་ཀྱི་ལག་ནས་བྱུང་བའི་ཟས་མི་ཟ། ཞུམ་བུ་དང་ཁྱི་དང་བུད་མེད་ལ་མི་འགྲོགས། གཞན་གྱི་གོས་མི་གྱོན། ཉིན་མོར་གཉིད་མི་ཡོལ། དེ་དག་རྣམས་མ་འཛེམ་ན་བར་ཆད་འབྱུང་བ་དང་སྔགས་ཀྱི་ནུས་པ་ཉམས་པ་སོགས་སྐྱོན་དུ་མར་འབྱུང་ཡོང་། ལར་ཟས་ཟ་ཐལ་ན་ཉོན་མོངས་དབང་དུ་འགྲོ། ཉུང་ན་དཀའ་ཐུབ་སྤྱད་མི་ནུས་པས་ཚོད་ཟིན་པར་བྱེད། གཡེང་བ་རྣམས་ཀྱི་ནང་ནས་ལོང་གཏམ་སྨྲ་བ་དགེ་སྦྱོར་གྱི་སད་ཡིན་པས་མཚམས་སྡོད་རིང་ལ་སྨྲ་བ་བཅད། འགྲུལ་བ་བྱུང་མ་བྱུང་བའི་གོང་ནས་ལུས་སེམས་འཁྲུགས་པ་བྱུང་ན་གདོན་ཡིན་པས་སྲུང་འཁོར་བསྒོམ། རྗེས་ལ་བྱུང་ན་གྲིབ་ཡིན་པས་ཡིག་བརྒྱ་དང་ཁྲུས་བྱ། སྒྲུབ་པ་དབུ་འཛུགས་ཟིན་ནས་མ་གྲོལ་བར་ཅི་བྱུང་ཡང་མཚམས་ཧར་འདོན་མི་བྱེད། དེའང་མཚམས་འགོ་ལྷོད་པ་དང་། བར་དུ་དམ་པ་དང་། མཇུག་ཏུ་ཇེ་ལྷོད་བྱེད་ནས་གྲོལ་བ་དང་དམ་གཙང་སོགས་ལ་ངོ་གཏུག་ཅིང་། ཞག་འགའི་བར་མཚམས་རྗེས་སྲུང་ཞིང་གྲོང་ཡུལ་སོགས་ལ་མི་འཁྱམས་པར་ཁ་སྐོང་སཙྪ་གདབ་ཆུ་གཏོར་དང་ཚོགས་བསྐང་བརྒྱ་རྩ་གཏོང་། སྦྱིན་སྲེག་སོགས་གང་འགྲུབ་བྱ་ཞིང་ཐོ་དྲུང་དུ་ཕྱིན་ནས་རྒྱལ་ཆེན་ལ་མཆོད་གཏོར་ཕུལ་ནས་བསྟོད་པ་བྱས་རྗེས་སླར་ཕྲིན་བཅོལ་གཤེགས་གསོལ་བགྱིས་ཏེ་ཐོ་འགྲོལ་ལོ། །མཚམས་གྲོལ་མ་ཐག་མིག་དགྲ་ཕྱོགས་བལྟས་ན་མྱུར་དུ་ཐུལ་བ་དང་། རྟེན་གསུམ་ལ་ཕྱག་མཆོད་དང་སྤང་སྐོང་ཕྱག་རྒྱ་པ་ཀློག་ན་དོན་གཉིས་འགྲུབ་པའི་རྟེན་འབྲེལ་ཡོད་པ་དང་། སཙྪའི་ཆུ་སྦྱིན་སོགས་བྱས་ན་གཞན་དོན་རྒྱ་ཆེན་འབྱུང་བའི་རྟེན་འབྲེལ་ཡོད་པ་དང་། མིག་ཉི་ཟླའི་ཕྱོགས་ལ་བལྟས་ན་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡོད་པའང་གསུངས་འདུག་གོ།། ༈ །།དེ་བཞིན་མཁས་གྲུབ་རྣམས་ཀྱི་གསུང་ཕལ་ཆེར་ཟབ་རྒྱས་ཆེ་བའི་རང་བཞིན་ལས། ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེས་ཡོངས་ཀྱི་གནད་རྣམས་གཅིག་ཏུ་བསྡུས་པ། གང་ཟག་ལས་དང་པོ་པའི་སྐབས་སུ། གོ་ཐོས་དང་ཤེས་རབ་མྱོང་ཚོད་སོགས་ཇི་འདྲ་ཡོད་དར་ཐུགས་བརྗེད་མ་ཁུར་བར་ཉམས་ཕན་ཁོ་ནར་དགོངས་ཏེ་གསུངས་པའི། བསྐྱེད་རིམ་སྤྱིའི་རྣམ་བཞག་ནོར་བུའི་མེ་ལོང་འདི་ཉིད་བླུན་རྒན་བདག་ལྟ་བུ་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་སྣང་བས་མཆེད་གྲོགས་ཁྱེད་རྣམས་ནས་ཀྱང་ཚིག་ཙམ་དུ་མ་ལུས་པར་དོན་སྣ་རེ་ཡིན་ཡང་རང་རྒྱུད་དུ་འབྱོར་བར་གྱིས་ཅི་ནས་ཞུའོ།། ༈ །།སླར་སྨྲས་པ། བསྐྱེད་རྫོགས་ལམ་གྱི་གལ་གནད་ཡང་ཟབ་ནི། །སྲོག་སྡོམ་གཟེར་བཞིའི་མན་ངག་མཆོག་ཏུ་གཅེས། །དེ་དང་བྲལ་བའི་བཟླས་སྒོམ་གང་བྱས་རུང་། །གནས་སྐབས་མཐར་ཐུག་རང་གཞན་དོན་གཉིས་སོགས། །ཡང་དག་འབྲས་བུ་སྲིད་མཐའ་ཙམ་དུ་ཟད། །བྱང་ཆུབ་སེམས་དང་བསྐྱེད་རྫོགས་རིམ་པ་ཡི། །གོ་ཡུལ་ཙམ་ཞིག་ལམ་དུ་མ་སློང་བས། །སྐད་རོ་དབྱངས་རོལ་སྒྲུབ་མཆོད་དུ་རློམས་ཏེ། །མངོན་པའི་

ང་རྒྱལ་བསྐྱེད་ལ་ཡ་མཚན་ཅི། །མ་ཟད་གཙོ་བོ་དོན་དམ་སྙིང་པོ་ཡི། །བསྐྱེད་རྫོགས་མན་ངག་ཟབ་མོ་ཡོད་བཞིན་དུ། །གླུ་ལེན་བྲོ་གར་འགྲན་པ་ལྟ་བུ་ཡི། །འབག་འཆམ་བླུན་པོའི་མགོ་སྐོར་ཤ་སྟག་ལ། །དགོས་ཆེད་ཡོད་པར་གཟིགས་སམ་ཐུགས་ཉམས་ཕོབས། །སྙིགས་མ་ལྔ་བདོའི་རང་རྟགས་ཕྱིར་ངོམ་པས། །ཆོ་ག་དབྱངས་དང་རོལ་མོའི་སྒྲ་ལ་རེ། །དུས་གསུམ་མཁྱེན་པ་པད་འབྱུང་ཉིད་ཀྱིས་གསུངས། །དེ་ཕྱིར་བྱེ་བྲག་ཕྱེད་པར་ཤིན་ཏུ་གཅེས། །དབེན་པའི་རི་ལ་སྒྲུབ་པའི་དམ་བཅས་ནས། །དགྲ་འདུལ་གཉེན་སྐྱོང་ཟས་གོས་དོན་གཉེར་ཞིང་། །དྲན་དང་ཤེས་བཞིན་བག་མེད་གཡེང་བས་ཁྱེར། །ཀུན་རྫོབ་ཆོས་བརྒྱད་ངན་པས་བསླུས་མེད་དམ། །ལྟར་སྣང་ཆོས་ལ་མངོན་པར་ཕྱོགས་པའི་དུས། །ཀུན་བྱེད་སེམས་ཀྱི་ལྟ་སྒོམ་ལྐོག་ཏུ་གྱུར། །གྱེར་མོ་བཤམས་བཀོད་འཛབ་བཟླས་ལ་སོགས་ཀྱང་། །བསྐྱེད་རྫོགས་དངོས་མིན་ལམ་གྱི་ཕྱི་ཤུན་ཙམ། །ཕལ་གྱིས་འདོན་བཟླས་གྲངས་ལ་གསང་སྔགས་རློམ། །བཤམས་བཀོད་དབྱངས་རོལ་ཙམ་ལ་ཡིད་རྟོན་འཆའ། །བསྐྱེད་རྫོགས་བསྟན་པ་ཡལ་ག་གསུམ་གྱིས་འཇིག །བསྟན་པའི་རྟགས་ཙམ་འགྲིབ་ལ་ཉེ་བའི་དུས། །གང་ཟག་གསར་བུ་གོ་གཞི་བསྐྱེད་པ་དང་། །བསྐྱེད་རྫོགས་ལམ་ལ་འཇུག་པ་བདེ་ཕྱིར་དུ། །བྱིས་པ་རྣམས་ལ་ཟས་སྤྱོད་རིམ་བསླབ་ལྟར། །མཁས་གྲུབ་རྣམས་ཀྱི་གསུང་གསང་གཅེས་བཏུས་ལས། །རང་བཟོས་ཚིག་གིས་མཁས་རློམ་བྱས་པ་མེད། །ལྷག་བསམ་ཆུ་བོའི་རྒྱུན་གྱི་རླབས་ཀྱིས་དྲངས། །ཆོ་གའི་འགྲོས་དང་བསྟུན་ནས་ཆ་ཤས་ཙམ། །གྲུབ་སྲས་མིང་དེས་བཀོད་པ་དགེ་ལེགས་འཕེལ།། །།དགེའོ། །དགེའོ། །དགེའོ། །བཀྲ་ཤིས།། །།