SPCD-KABUM-03-GA-004

From Khyentse Lineage - A Tsadra Foundation Project
Revision as of 15:26, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །སྤར་བྱང་སྨོན་ཚིག་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསུང་བཞུགས། ཨོཾ་སྭ་སྟི། ཀུན་ཏུ་བཟང་པོའི་དགོངས་པ་རང་གནས་རྒྱུད། །ཇི་བཞིན་སྟོན་མཁས་རིག་འཛིན་གྲུབ་པའི་རྗེ། །དགའ་རབ་ཤྲཱི་སེང་པད་འབྱུང་བི་མ་སོགས། །བརྒྱུད་གསུམ་རིག་འཛིན་བླ་མས་ཤིས་པ་སྩོལ། ༡ །ཚེ་གཅིག་གྲོལ་བའི་གསེང་ལམ་རྫོགས་པ་ཆེ། །ཡང་གསང་བླ་ན་མེད་པ་གདམས་པའི་བཅུད། །སྙིང་ཕྱུང་ལག་མཐིལ་གཞག་པ་ལྟ་བུ་ཡི། །གདམས་ཟབ་འདི་འདྲ་མཐོང་བས་སྐལ་པ་བཟང་། ༢ །དེང་སང་ཕལ་ཆེར་ཚིག་གི་སྦུ་བར་འཕྱམ། །སྙན་བརྒྱུད་གདམས་པ་ཚོང་དུས་འོ་མ་ལྟར། །རང་བློ་ངན་པས་བསླད་པའི་དུས་སྐབས་འདིར། །འཕགས་པའི་མཆོག་གྱུར་སྙིང་ཐིག་བསྟན་པའི་སྲོག ༣ །བརྒྱུད་ལྡན་བླ་མའི་ཞལ་གྱི་བདུད་རྩིའི་རྒྱུན། །རང་གི་མྱོང་བའི་སྟོབས་ཀྱིས་ངེས་པ་རྣམས། །ཇི་བཞིན་རྟོགས་པའི་འདྲ་འབག་བཀོད་འདི་ལ། །བླ་མ་ལྷར་བཅས་དབྱིངས་ནས་དགྱེས་ཞལ་ངོམས། ༤ །འདི་དོན་ཚུལ་བཞིན་ཉན་བསམ་སྒོམ་པ་རྣམས། །ཚེ་འདིར་སྲིད་པ་ཧྲུལ་པོར་བྱེད་པ་ལ། །ཐེ་ཚོམ་མ་མཆིས་བློ་ལྡན་ཐར་འདོད་རྣམས། །འདིར་འབད་བརྩོན་འགྲུས་དྲག་པོ་བྱ་བར་རིགས། ༥ །འདི་ཡི་དགེ་བས་བསྟན་འཛིན་སྐྱེས་མཆོག་གང་། །ཞབས་པད་བརྒྱ་ཕྲག་མང་པོ་བརྟན་པ་དང་། །སློབ་ཚོགས་རྒྱུ་སྐར་ཕྲེང་བ་ལྟར་མཛེས་ཤིང་། །ངེས་དོན་སྙིང་པོའི་བསྟན་པ་རྒྱས་གྱུར་ཅིག ༦ །ཅེས་ཕ་རོལ་ཕྱིན་པ་དྲུག་གི་གྲངས་ལྡན་གྱི་སྨོན་ཤིས་འདིའང་༧འཇམ་དབྱངས་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་མིང་འཛིན་པ་བློ་གྲོས་རྒྱ་མཚོས་ཤིན་ཏུ་གུས་ཤིང་དྭངས་སྤྲོའི་སེམས་ཀྱི་ཆུ་གཏེར་གཙང་མ་ལས་ཕྱུང་བ་དགེ་ལེགས་འཕེལ།། ༈ དེ་ལྟར་མཚུངས་མེད་གྲུབ་སྲས་མཆོག་གི་གསུང་འབུམ་འདི་བཞིན་ད་ལམ་བླ་མ་ཕྲིན་ལས་རིན་པོ་ཆེ་མཆོག་དང་མཁན་མིང་བཤད་སྒྲུབ་བསྟན་འཛིན་གུས་པ་ཟུང་ནས་དཔེ་སྐྲུན་གྱི་སྲི་ཞུའི་སྐབས། པར་སྨོན་མཁྱེན་བརྩེའི་གསུང་བྱིན་རླབས་ཅན་དེ་བཞིན་སླར་ཡང་བཞུགས་སུ་གསོལ་བ་ལགས་སོ།། དགེའོ།།