SPCD-KABUM-02-KHA-035

From Khyentse Lineage - A Tsadra Foundation Project
Revision as of 15:26, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །བླ་མའི་རྣལ་འབྱོར་ཉུང་ངུ་ཕན་བདེའི་གཏེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་ར་ཝེ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་མདོར་བསྡུས་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྐྱབས་སེམས་ནི། ན་མོ། སྐྱབས་གནས་རྒྱ་མཚོ་འདུས་པའི་སྤྱི། །དཔལ་ལྡན་བླ་མར་སྐྱབས་སུ་མཆི། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །ལམ་ཟབ་རྣལ་འབྱོར་ཉམས་སུ་ལེན། །ལན་གསུམ། དངོས་གཞིའི་རྣལ་འབྱོར་ནི། ཨ། ཆོས་ཀུན་རང་བཞིན་སྟོང་པ་ཉིད། སྤྲོས་པ་ཀུན་དང་བྲལ་བའི་དབྱིངས། །མ་འགགས་འཛིན་མེད་སྒྱུ་མ་ལྟར། །བདག་ཉིད་གཞི་ལུས་རྣལ་འབྱོར་མར། །སྐད་ཅིག་དྲན་རྫོགས་ཉིད་གསལ་བའི། །སྤྱི་བོར་པད་ཟླའི་གདན་གྱི་སྟེང་། །སྐྱབས་གནས་ཀུན་འདུས་ངོ་བོ་ཉིད། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །རྒྱས་སྲས་འཕགས་མཆོག་རྡོ་རྗེ་ནི། །དཀར་དམར་མདངས་མཛེས་ཞི་འཛུམ་ཉམས། །རབ་ཆས་དབུ་ལ་པཎ་ཞུ་གསོལ། །ཕྱག་གཡས་ཐུགས་ཀར་ཆོས་འཆད་མཛད། །གཡོན་པས་མཉམ་བཞག་ནོར་བུ་འཛིན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དད་ལྡན་བུ་ལ་དགྱེས་བརྩེའི་ཉམས། །རང་སྣང་རྩ་གསུམ་རྒྱ་མཚོའི་དབུས། །འཇའ་སྤྲིན་འོད་ཐིག་ཀློང་དུ་རོལ། །གསང་གསུམ་རྡོ་རྗེའི་འབྲས་མཚན་ལས། །འོད་ཟེར་ཆོས་ཀྱི་དབྱིངས་ཁྱབ་སྤྲོས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཐིམ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་འབུལ། །བཅས་རང་སྡིག་ལྟུང་མ་ལུས་བཤགས། །དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །ཟབ་གསང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་བཞུགས་གསོལ། །དགེ་ཀུན་བྱང་ཆུབ་ཆེན་པོར་བསྔོ། །ཡང་དག་བླ་མའི་སྐུུར་འགྲུབ་ཤོག །གསོལ་འདེབས་ནི། ཕྱོགས་དུས་དཀོན་མཆོག་རྩ་བ་གསུམ། །རྩ་རླུང་ཐིག་ལེ་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་བདག །དཔལ་ལྡན་བླ་མར་གསོལ་བ་འདེབས། །དབྱིངས་ནས་ཐུགས་རྗེས་རྗེས་ཟུངས་ལ༑ །བྱིན་རླབས་འཕོ་བའི་དབང་མཆོག་བསྐུར། །ཉམས་རྟོགས་ཡེ་ཤེས་རྩ་ཁ་ཕྱེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་གསོལ་བ་ཡང་ཡང་བཏབ་མཐར། དཔལ་ལྡན་བླ་མའི་གནས་བཞི་ནས། །འོད་འཕྲོས་བདག་གི་གནས་བཞིར་ཞུགས། །སྒྲིབ་བཞིའི་དྲི་བཀྲུས་དབང་བཞི་ཐོབ། །ལམ་བཞིའི་ཡེ་ཤེས་རྒྱུད་ལ་བསྐྱེད། །སྐུུ་བཞིའི་འབྲས་བུ་སྨིན་པར་བྱས། །མཐར་ནི་བླ་མ་འོད་ཞུ་ནས། །བདག་ལ་གཉིས་སུ་མེད་པར་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་རྩལ་རྫོགས། །ཨ་ཨ་ཨ། ཞེས་དགོངས་ཉམས་སྐྱོང་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གང་ཤེས་ཀྱིས་མཐའ་བརྒྱན་ནོ། །ཞེས་པའང་རྒྱ་གར་བློ་གྲོས་ནས་ཡང་ཡང་བསྐུལ་ངོར། མེ་བྱ་ཟླ་ ༢ ཚེས་ ༡༧ ལ་བླུན་རྨོངས་དོན་བརྒྱུད་ཉི་མས་མགྱོགས་པར་བྲིས་པ་དོན་ལྡན་དུ་གྱུར་ཅིག། །།དགེའོ།། །།