SPCD-KABUM-02-KHA-029

From Khyentse Lineage - A Tsadra Foundation Project
Revision as of 15:26, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

བླ་སྒྲུབ་ཀྱི་གསོལ་འདེབས་བྱིན་རླབས་མྱུར་འབེབས་བཞུགས་སོ།། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །པདྨ་ཀཱ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་གཉགས་གཏེར་སྟོན་བརྒྱ་རྩ་བཅས། །བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། །སྲས་བཅས་རྒྱལ་བའི་མཁྱེན་རབ་ཡེ་ཤེས་དངོས། །གངས་ཅན་མཁས་གྲུབ་ཡོངས་ཀྱི་དཔལ་དུ་ཤར། །སྔ་འགྱུར་རྡོ་རྗེ་ཐེག་པའི་ཉིན་བྱེད་མཆོག །ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་རོལ་གར་གཅིག་ཏུ་བཞད། །ངོ་མཚར་བཀའ་བབས་བདུན་གྱི་མཛོད་འཛིན་པ། །འོད་གསལ་སྤྲུལ་པའི་རྡོ་རྗེར་གསོལ་བ་འདེབས། །བདེ་ཆེན་འགྱུར་བ་མེད་པ་རྡོ་རྗེ་དངོས། །འགྲོ་འདྲེན་སྲས་དང་བཅས་པའི་ཁྱབ་བདག་མཆོག །འཇམ་མགོན་བླ་མ་པདྨ་གར་གྱི་དབང་། །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། །གངས་ལྗོངས་མཁས་གྲུབ་རྒྱ་མཚོའི་ཡིད་བཞིན་ནོར། །རླབས་ཆེན་ཕྲིན་ལས་རྒྱ་མཚོ་འདོད་དགུར་འཇོ། །རིས་མེད་བསྟན་པ་རྒྱ་མཚོའི་དབུགས་འབྱིན་པ། །སི་ཏུ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཀ་དག་རྫོགས་པ་ཆེན་པོའི་གསང་ལམ་ལ། །དགོངས་པ་རང་བྱན་ཚུད་པའི་རྣལ་འབྱོར་པ། །འབྲེལ་ཚད་དོན་ལྡན་དོན་གཉིས་མཐར་ཕྱིན་པ། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །གཉིས་སྣང་འཁྲུལ་བའི་རྒྱ་ལས་རང་སར་གྲོལ། །ཕྱག་རྫོགས་སྙིང་པོའི་བསྟན་པ་མཁའ་ལྟར་སྤེལ། །དོན་གཉིས་ཕུན་སུམ་ཚོགས་ལ་མངའ་བརྙེས་པ། །འཇའ་ལུས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །གཉིས་སྣང་སོ་ཚའི་ཆོས་བརྒྱད་སྨིག་རྒྱུ་ཡིས། །ཅུང་ཟད་མི་བསླུ་འདུ་འཛི་གཡེང་བ་བྲལ། །འཁོར་འདས་དབྱེར་མེད་དོན་གྱི་བླ་མ་དངོས། །རང་ཞལ་མྱུར་དུ་མཇལ་ནས་བྱང་ཆུབ་སྟེ། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པ་ཀུན་བཟང་འཕགས་མཆོག་པས་གང་དྲན་ཤར་མར་དུ་གསོལ་བ་བཏབ་པའོ། །དགེའོ།། །།