SPCD-KABUM-02-KHA-021

From Khyentse Lineage - A Tsadra Foundation Project
Revision as of 15:26, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །སྙིགས་དུས་དགེ་བའི་གཏམ་དྲང་སྲོང་བདེན་ཚིག་གྲུབ་པ་བཞུགས་སོ།། སྙིགས་དུས་འདིར་བསྟན་དང་འགྲོ་རྣམས་ཀྱི། །མགོན་དཔུང་གཉེན་མཚུངས་མེད་བླ་མ་རྣམས། །བླ་ཞེས་ནི་རྒྱལ་བའི་སྲས་སུ་བླ། །རང་ཐོས་བསམ་སྒོམ་པས་རྒྱུད་ཕྱུག་ནས། །གཞན་འཆད་རྩོད་རྩོམ་པའི་བསྟན་པ་སྤེལ། །རབ་ལྟ་སྒོམ་སྙིང་པོའི་རྒྱལ་མཚན་འཛུགས། །འབྲིང་བསྐྱེད་རིམ་བཟླས་པའི་རྟགས་ཐོན་བྱ། །ཐ་བསམ་སྦྱོར་གང་བྱས་བསྟན་ལ་ཕྱོགས། །རྒྱལ་གོང་མའི་རྣམ་ཐར་རྗེས་སུ་བསྙེགས། །ད་དེ་འདྲའི་ཡ་རབས་སྐྱེས་མཆོག་གོ། །ས་སྲང་ཆེན་མདོ་ཡི་ཚུལ་འཆོས་འདིས། །ངོ་མཚར་མཚར་སྣང་ཡང་སྙིང་པོ་དབེན། །རྟེན་མི་ལུས་རིན་ཆེན་ཕུང་བའི་རྒྱུ། །བན་བླ་མ་རྣམས་ཀྱི་ཆོས་སྤྱོད་ལ། །བདུད་བསླུ་བྲིད་མཁས་པའི་ལན་མོ་དཔེ། །ཚེ་གར་སོང་ཆ་མེད་སྟུང་གིན་འདུག །མཐོ་མི་རྟག་དམན་པར་ལྟུང་བ་དང་། །དམན་མི་རྟག་གོང་དུ་ཤོར་བ་དང་། །དགྲ་གཉེན་ཀུན་ངེས་པ་མེད་ལུགས་དང་། །རྟེན་སྐྱེ་རྒ་ན་འཆིའི་བུ་ཡུག་འཚུབས། །ཉིན་གཅིག་གི་སྐྱེ་འགྲོའི་འདུ་འབྲལ་ལྟོས། །ལར་མི་རྟག་འཆི་བ་དྲན་ཚོད་ཡིན། །ཚེ་འདི་ཡི་ཆོས་བརྒྱད་སྒྱུ་མ་འདིས། །རབ་སྐྱེས་བུ་རྣམས་ཀྱང་བསླུ་སྲིད་པས། །ཡང་ཡང་དུ་གཉེན་པོའི་མགོ་བརྡར་སྤྲོད། །སེམས་རང་རྒྱུད་ཆོས་དང་འདྲེས་པར་མཛོད། །མ་ཞེས་ནི་སེམས་ཅན་ཀུན་གྱི་མ༑ །རྒྱུད་རང་འདོད་འཁྲི་བ་གཏན་ནས་སྤངས། །དུས་རྟག་ཏུ་གཞན་ཕན་ཁོ་ནར་བརྩོན། །ཅི་གཤིན་གསོན་དཀོར་རྒྱུ་དཀོར་ཟས་རྣམས། །རབ་ཆུད་ཟོས་མེད་པ་དགེ་རྩའི་གནས། །སྦྱིན་གཏོང་ལ་སྤྲོ་ཞིང་བདག་འཛིན་ཆུང་། །ད་དེ་ལྟ་བུ་ཡིས་གཞན་དོན་འབྱུང་། །རང་གཞན་བཅས་ཕྱི་མའི་གཏན་དོན་གཉེར། །ལས་རྒྱུ་འབྲས་ཁ་ཙམ་མིན་པར་སྲུངས། །དུས་ད་ལྟ་བདེ་བ་ཁོ་ན་གཉེར། །རྐྱེན་སྡུག་བསྔལ་ཕྲ་མོ་མི་བཟོད་བཞིན། །མ་སྲོག་ཆགས་ཀུན་ལ་དཔེ་བླངས་ནས། །སེམས་སྙིང་རྗེ་ལྕགས་ཀྱུ་མ་ལྡན་ན། །ཐོབ་གོ་ས་ཆེ་ཡང་དཔོན་པོ་འདྲ། །མིང་བླ་སྤྲུལ་ཐོགས་ཀྱང་སྐྱེ་བོ་ཕལ། །ཕལ་ཟེར་རུང་དུད་འགྲོའི་སེམས་ཅན་ཡིན། །དེ་ངན་སོང་མནར་མེད་སྒྲུབ་མཁན་ལགས། །གཞན་ཕན་གྱི་འགྲོ་དོན་འབྱུང་བ་དཀའ། །ལས་རྒྱུ་འབྲས་ཞིབ་པས་བླ་མར་གྲགས། །ལར་རྒྱལ་བའི་བསྟན་ལ་བསྙད་བཏགས་ནས། །ལས་མི་དགེ་སྣ་ཚོགས་བསགས་པའི་རྒྱུས། །རྟེན་སྐུ་གསུང་ཐུགས་སོགས་བཞེངས་མཁན་མང་། །དེ་ཤེས་ལ་ཁད་ལ་མ་ཤེས་བཞིན། །དགེ་སྡིག་གི་རྒྱུ་མཚན་མ་གོ་འམ། །སྙིགས་དུས་ཀྱི་ཆོས་བརྒྱད་མཁས་པས་ལེན། །ལས་བྱ་སྤྱོད་རྒྱལ་བསྟན་ཡིན་མོད་ཀྱང་། །སེམས་ཀུན་སློང་བཟང་པོས་མ་ཟིན་ན། །རང་གཞན་ལ་དགེ་འབྲས་འབྱུང་ཐབས་མེད། །ཚེ་འདི་ཡི་སེམས་བསྐྱེད་ཆུང་ཡང་རུང་། །ལར་རྒྱལ་བའི་བསྟན་པ་གནས་པ་དང་། །མ་སེམས་ཅན་བདེ་སྐྱིད་འབྱུང་བའི་ཕྱིར། །ཐབས་ཞི་དྲག་བྱ་བའི་གཞི་འདིང་ནས། །སེམས་ལྷག་བསམ་བསྐྱེད་ཀྱང་རྙིང་དུ་སོང་། །རྒྱུ་རང་འདོད་དར་ལྕེ་རླུང་གིས་བསྐྱོད། །འབངས་ཉམ་ཐག་ངན་སོང་གནས་བཞིན་མནར། །ཤ་ཚ་བར་ཤེས་ཀྱང་བཅོས་སུ་མེད། །དུས་སྙིགས་ལྔས་ཕལ་ཆེར་རབ་སྨྱོ་ནས། །ལས་སྔ་ཆགས་ཕྱི་འདིང་བྱེད་མཁས་དང་། །བདེ་སྡུག་གི་གཏོང་ལེན་ཤིན་ཏུ་དཀོན། །སེམས་བདེ་སྐྱིད་འདོད་པ་ཁོ་ན་སྟེ། །ལས་མི་དགེ་སྣ་ཚོགས་རང་གིས་སྤྱོད། །དུས་ད་དུང་བདེ་སྐྱིད་འབྱུང་དུ་རེ། །ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བར་བཅས། །དུས་གསུམ་གྱི་རྒྱལ་བའི་གཞུང་ལམ་གྲགས། །སྐྱབས་མཆོག་གསུམ་ཐུགས་རྗེས་དབྱིངས་ནས་གཟིགས། །ལས་དམག་མིའི་འཕྲུལ་འཁོར་མཚོན་ཆ་སྟེ། །མཐར་མི་རྟག་འདུས་བྱས་ཡིན་པའི་ཕྱིར། །ལར་ནང་པའི་བསྟན་པ་བདེན་སྟོབས་ཆེ། །སྐྱབས་མཆོག་གསུམ་ཐུགས་རྗེ་མི་ལས་ལྷག །ཕྱོགས་མཐའ་དག་ལས་བཞིའི་ཕྲིན་ལས་བཅོལ། །མགོན་མཆོག་གྱུར་ཐམས་ཅད་མཁྱེན་གཟིགས་དུས། །ཐབས་ཞི་དྲག་འཁྲུལ་ཐག་མ་ཆོད་ན། །འབངས་ཅོལ་ཆུང་བསྟན་པ་ཉམས་ཉེན་ཡོད། །ལར་གང་ལ་བསམས་ཀྱང་སྙིང་ནས་སྐྱོ། །གླིང་ཕྱི་པས་ནང་པའི་བསྟན་ལ་བརྣགས། །ད་ནང་པས་ཕྱི་པའི་བྱ་སྤྱོད་དགའ། །སྐྱབས་བླ་མས་དཔོན་གྱི་ཁྲིམས་སྲིད་སྐྱོང་། །རྗེ་དཔོན་པོས་ཆོས་སྤྱོད་ཁེ་གྲགས་ངོམ། །ད་དེ་སོགས་རྒྱལ་བསྟན་ཉམས་པའི་རྟགས། །དཔལ་སྔགས་འཆང་རྣམས་ནི་རབ་ཏུ་བྱུང་། །དགེ་རབ་བྱུང་རྣམས་ཀྱང་སྔགས་འཆང་རློམ། །ཁྱིམ་མི་ནག་རྣམས་ལ་ངེས་འབྱུང་སྐྱེས། །དགོན་རི་ཁྲོད་རྣམས་ནི་གྲོང་ཡུལ་འགྲིམས། །ད་དེ་སོགས་རྒྱལ་བསྟན་ཉམས་པའི་རྟགས། །དཔོན་འགོ་བྱེད་རྣམས་ནི་ཁས་ཉན་ཆུང་། །བློན་ཤེས་ཆུང་ཁབ་དེ་དྲན་འཕྲུལ་རྒོད། །མགོན་བླ་དཔོན་རྣམས་པའི་མིག་འབྲས་མཛད། །མི་ངོ་དང་རྒྱུ་ངོའི་ཁྲིམས་སྲིད་ཕྱོགས། །ད་དེ་སོགས་རྒྱལ་བསྟན་ཉམས་པའི་རྟགས། །རྒྱུ་འབྲས་དང་དམ་ཚིག་རིས་སུ་བོར། །སྙན་གྲགས་ཀྱི་རྒྱལ་ཕམ་ཆུང་ཀྱང་རྩོད། །དགྲ་གྱོད་ཀྱི་འཁོར་ལོ་ལག་རྩེར་བསྐོར། །རང་བདེ་འདོད་སྡུག་བསྔལ་ཕུང་གིས་སྐྱོར། །ད་དེ་སོགས་རྒྱལ་བསྟན་ཉམས་པའི་རྟགས། །དུས་འཕྲལ་ཡུན་བདེ་སྐྱིད་འབྱུང་གནས་ཕྱིར། །རྒྱུ་དགེ་སྡིག་བླང་དོར་ཡིན་མོད་ཀྱང་། །འགྲོ་ཕལ་སོགས་མ་ཟད་དགོན་རི་ཁྲོད། །བག་ཅུང་ཟད་ཕོབས་དང་ཤེས་པའི་རྒྱུ། །དེ་དེ་སོགས་རྒྱལ་བསྟན་ཉམས་པའི་རྟགས། །དུས་སྙིགས་ལྔའི་རང་མཚང་ངོམ་པའི་དུས། །རྒྱ་དཀར་ནག་བོད་ལྗོངས་མཚོན་ཆས་གཟིར། །ནང་མདོ་སྔགས་དགྲ་ཟླ་བཞིན་དུ་རྩོད། །དོན་ང་རྒྱལ་ཕྲག་དོག་ཡིན་ཕྱིར་གཅིག །ད་དེ་སོགས་རྒྱལ་བསྟན་ཉམས་པའི་རྟགས། །ལར་ནང་པའི་བསྟན་པ་ཡུག་གཅིག་ལ། །རྒྱུད་ང་རྒྱལ་ཕྲག་དོག་དུག་གིས་མྱོས། །ཆོས་བརྒྱུད་པ་ཟབ་ལ་གཤེ་སྐུར་འདེབས། །སྤྱིར་བསྟན་འགྲོའི་བདེ་སྐྱིད་ཅིའི་ཕྱིར་འབྱུང་། །ད་དེ་སོགས་རྒྱལ་བསྟན་ཉམས་པའི་རྟགས། །ཆོས་གདམས་པ་འཆད་ཀྱང་རང་འདོད་ཆེ། །གཞན་རྒྱལ་བའི་བསྟན་པ་དགྲ་རུ་འཛིན། །དོན་ལམ་རིམ་བསྟན་པ་འཛུགས་འདོད་ཀྱང་། །སེམས་རང་རྒྱུད་མ་དུལ་བཤད་ཡམ་དེས། །གཞན་ཉོན་མོངས་འདུལ་ཐབས་གང་གིས་བྱེད། །སྦྲུལ་དུག་ཅན་མགོ་ཡི་ནོར་བུ་བཞིན། །ཕན་མི་སྲིད་ཚབས་ཆེན་ངན་འགྲོའི་རྒྱུ། །ཆོས་བརྒྱུད་པའི་འབྲེལ་བ་ཐོབ་ཚད་ལ། །རྒྱུད་རྩུབ་པོ་མེ་ལྕེས་བསྲེག་ཉེན་ཡོད། །ལུགས་གཉིས་ཀྱི་མཁྱེན་སྤྱན་དང་ལྡན་པའི། །གཟུར་གནས་ཀྱི་བླ་དཔོན་རྣམས་ཀྱིས་དཔྱོད། །གཞན་ཕན་གྱི་སྙན་གྲགས་མི་ཆེ་ཡང་། །དོན་རང་སྐྱོང་ངན་པ་མཚང་ནས་བྲུས། །དགེ་སྡིག་གི་རྣམ་དབྱེ་ཕྱེད་པའི་ངང་། །ལས་རྒྱུ་འབྲས་སྤང་བླང་ཚུལ་བཞིན་བྱས། །ཆོས་གང་འགྲུབ་མ་གྱུར་འགྲོ་ལ་བསྔོས། །རྒྱལ་བསྟན་དང་བསྟན་པ་འབྱུང་གནས་ཕྱིར། །སེམས་ལྷག་བསམ་དག་པའི་སྨོན་ལམ་བཏབ། །གནས་ལུང་ལག་དབེན་པའི་རི་སུལ་དུ། །སྐྱབས་བླ་མ་མིན་པའི་མི་ཤེས་པས། །མཆོག་ཐུན་མོང་དངོས་གྲུབ་ཐོབ་པ་ཅན། །དུས་བཟང་པོའི་རྒྱུད་པ་ཡོད་སྲིད་དོ།། །།