SPCD-KABUM-02-KHA-014

From Khyentse Lineage - A Tsadra Foundation Project
Revision as of 15:26, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

གསོལ་འདེབས་བླ་མ་མཁྱེན་ནོ་བཞུགས། བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །དཀོན་མཆོག་གསུམ་སོགས་འདུས་པའི་དངོས། །བྱིན་རླབས་ཡོན་ཏན་རྒྱ་མཚོའི་མཛོད། །བཀའ་དྲིན་ཅན་གྱི་བླ་མ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །ངེས་གསང་སྙིང་པོའི་དེད་དཔོན་མཆོག །བཀའ་དྲིན་ཅན་གྱི་བླ་མ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །དགོངས་པ་སངས་རྒྱས་དང་མཉམ་ཞིང་། །ལྟར་སྣང་ཐ་མའི་རང་བཞིན་ཅན། །ལུས་ངག་ཚུལ་བཞིན་མ་བསྡམས་ཀྱང་། །རང་སེམས་ཆོས་སྐུར་སྟོན་མཛད་པའི། །གྲུབ་དབང་འཕགས་པའི་མཚན་ཅན་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །མཆོག་དམན་བར་མ་ཀུན་ལ་ཡང་། །མ་ཡིས་བུ་གཅིག་ལྟར་བརྩེ་ཞིང་། །འགྲོ་བའི་ཁམས་དང་འཚམ་པའི་ཆོས། །གང་ལ་གང་འདུལ་སྟོན་མཁས་པའི། །གྲུབ་དབང་འཕགས་པའི་མཚན་ཅན་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །རྟག་པར་མེད་ཀྱང་རྟག་འཛིན་གྱིས། །ཚེ་རབས་ཟིན་མེད་ལས་ལ་འབད། །སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་། །མ་གྱུར་འགྲོ་རྣམས་འདྲེན་པར་ཤོག །ནངས་པར་ཟ་ཆས་འདུག་ཕྱིས་ཤོམ། །ཕྱི་ཉལ་གཏི་མུག་གཉིད་དུ་འཐུམ། །རྒྱུན་པར་ཆགས་སྡང་ལས་ལ་གཟིར། །རང་སྐྱོན་ངན་པ་མཐོང་བར་ཤོག །བཟའ་བཏུང་མི་གཙང་གཅིན་རྟུག་གྱུར། །གཅེས་པའི་ལུས་ཀྱང་རོ་རུ་འགྱུར། །འདིར་སྣང་འགྲིབ་ནས་ངན་འགྲོར་ལྷུང་། །འཇིགས་སྐྲག་ལྷང་ལྷང་སྐྱེ་བར་ཤོག །བཟའ་བཏུང་གོས་ལྷམ་ཟད་པ་བཞིན། །མི་ཚེ་འོག་འགྱུའི་ཚུལ་དུ་ཟད། །གང་བྱས་རྗེས་བཟློས་བྱས་པ་འདྲ། །དགོས་མེད་བློ་ནི་སྐྱེ་བར་ཤོག །སྐྱེ་ནས་འཆི་བའི་གནས་ལས་མེད། །དེ་ཡང་ངེས་མེད་གློ་བུར་ཡིན། །མི་རྟག་རང་བཞིན་ཤེས་པ་ཡིས། །ཚེ་འདིའི་བློ་སྣ་ཐུང་བར་ཤོག །གང་གིས་བཟློག་ཏུ་མི་བཏུབ་པར། །མི་འདོད་བཞིན་དུ་ལུས་སེམས་བྲལ། །བར་དོ་འཇིགས་པའི་འཕྲང་ལ་སོགས། །དགེ་སྡིག་བླང་དོར་བྱ་བར་ཤོག །ཐབས་ཤེས་འབྱོར་ཚོགས་ཀུན་བྲལ་ཚེ། །ཚ་གྲང་བཀྲེས་སྐོམ་སྡུག་གིས་མནར། །ད་ལྟ་རང་དབང་ཡོད་པའི་སྐབས། །ཉིན་མཚན་དགེ་བའི་དུས་འདའ་ཤོག །བླང་དོར་གནད་ལ་རབ་ཏུ་རྨོངས། །བདེ་བའི་མིང་ཡང་མི་གྲགས་པའི། །ངན་འགྲོའི་གཡང་ས་ཆེན་པོ་ལས། །ཐར་པའི་ལམ་ལ་འཛེག་པར་ཤོག །རང་གི་བདེ་བ་གང་འདོད་པ། །གཞན་ལ་དེ་ལྟར་སྦྱར་ནུས་ཤིང་། །གནོད་པའི་བསམ་སྦྱོར་ཀུན་སྤངས་ཏེ། །སྒོ་གསུམ་ཞི་དུལ་ལྡན་པར་ཤོག །བདེ་སྐྱིད་འབྱོར་ཚོགས་དོན་གཉེར་ན། །ས་བོན་འབྲས་བུ་རག་ལས་བཞིན། །མཆོད་དང་སྦྱིན་པ་རྒྱ་ཆེར་བྱ། །བསོད་ནམས་ཚོགས་ཆེན་རྫོགས་པར་ཤོག །སྡིག་སྡུག་གཙོ་བོ་ཞེ་སྡང་ཡིན། །དགེ་བ་གང་འགྲུབ་ཆུད་ཟོས་བཏང་། །ངན་འགྲོ་ལྟུང་བྱེད་རྟག་ཏུ་སྤངས། །དྲན་དང་ཤེས་བཞིན་ལྡན་པར་ཤོག །རང་གི་ལུས་སེམས་དཔེ་བླངས་ཏེ། །མ་གྱུར་ལུས་ངན་དུད་འགྲོའི་རིགས། །སྲོག་བཅད་སྤངས་ཏེ་འཇིགས་སྐྱོབ་བྱ། །བྱང་ཆུབ་སེམས་མཆོག་འབྱོང་བར་ཤོག །ཀུན་བྱེད་རང་སེམས་ངོ་མ་ཤེས། །སྣང་བའི་ཡུལ་ལ་བླང་དོར་བྱས། །ཟས་གོས་དོན་གཉེར་ཡེངས་མ་ལམ། །མི་ཚེ་ཟད་འདི་མཐོང་བར་ཤོག །ཚེ་ཕྱེད་གཏི་མུག་གཉིད་དུ་ཡོལ། །བག་ཆགས་རྣམ་སྨིན་ངན་པ་འགོས། །འཁོར་བ་མཐའ་མེད་ཁྲིད་མཁས་པའི། །མ་རིག་འཁྲུལ་འཁོར་ཞིག་པར་ཤོག །དུས་གསུམ་ཀུན་ཏུ་འབྱུང་དཀའ་བའི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཅུད། །སྒོ་གསུམ་དབེན་པར་གནས་བཅས་ཏེ། །དཀའ་སྤྱད་སྙིང་རུས་ནུས་པར་ཤོག །ཚེ་གཅིག་སངས་རྒྱས་འགྲུབ་པའི་གསང་། །རང་སེམས་འཁྲུལ་མེད་གདེང་ཆེན་ལྡན། །བསྐྱེད་རྫོགས་ཉམས་ལེན་སྙིང་པོ་དྲིལ། །རྟོགས་པའི་རྩལ་ཆེན་རྫོགས་པར་ཤོག །ཅེས་པ་འདིའང་གཅོར་གཞུང་ཀླག་བཀས་ཚང་གི་བུ་ཚེ་དགའ་སོགས་ནས་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ངོར། གདམས་པ་ཕྱོགས་བསྒྲིལ་གྱི་ཚུལ་དུ་སྲས་མིང་པས་བྲིས་པའོ། །དགེའོ།། །