SPCD-KABUM-01-KA-009
ཐུན་མོང་སྔོན་འགྲོའི་ལུང་འདྲེན་བཞུགས་སོ།། དཀོན་བརྩེགས་ལས། འཇིག་རྟེན་ཁམས་སུ་རིན་ཆེན་གྱིས་བཀང་སྟེ། །དགེ་མཆོག་སེམས་ཀྱིས་རྒྱལ་བར་ཕུལ་བ་བས། །སེམས་ཅན་གང་ལ་ཚིགས་བཅད་གཅིག་སྦྱིན་པ། །ཆར་ཡང་མི་ཕོད་གྲངས་སུ་མ་ཡིན་ནོ། །ཞེས་དང་། མདོ་ལས། གང་གིས་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་གཏོང་བ་ལས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡི་ཕན་ཡོན་ཅི་འདྲ་དེ་ལ་མེད། །ཅེས་དང་། མདོ་ཕལ་པོ་ཆེ་ལས། གཞན་དག་ཕན་པའི་བསམ་པས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ཆེན་ཁུར་བ་རྣམས། །ཉམ་ངའི་གནས་སུ་ནམ་ཡང་འདོར་མ་མཛད། ཅེས་དང་། ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུ་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་དང་། སློབ་སྤྲིངས་ལས། སྐྱེ་ཤི་འཕོས་པའི་ངོ་མ་ཤེས་པ་དེ་དོར་ནས། །གལ་ཏེ་བདག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་དང་། ཡོན་ཏན་མཛོད་ལས། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུའང་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་དང་། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་དང་། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱེད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །བླ་མ་ལ་སྨན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། ནན་ཏན་ཉམས་སུ་བླང་བ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང་། མངོན་རྟོགས་རྒྱན་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉོན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་དང་། འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་དང་། །སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་སྒྲིམ་སྟེ་ཆོས་ཉོན་ཅིག །ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བསྒོམ་པ་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམས་པ་ཡིས། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །ཞེས་དང་། ཐོས་གྲོལ་རིག་པ་གཅེར་མཐོང་ལས། མ་མཐོང་རྒྱང་གི་གཏམ་རྒྱུན་ཉན་པ་བཞིན། །སངས་རྒྱས་ས་ལ་ཕྱོགས་ཙམ་ཉེ་མ་སོང་། །དུས་གསུམ་རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་དང་། །བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པ། །གསུངས་པ་ཐམས་ཅད་འདི་ཉིད་རྟོགས་ཕྱིར་ལས། །གཞན་དུ་རྒྱལ་བས་ཅི་ཡང་གསུང་པ་མེད། །ཅེས་དང་།། ༈ །།ཏིང་འཛིན་རྒྱལ་པོ་ལས། སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པ་མི་དགེའི་ལས་ནི་འབའ་ཞིག་སྤྱོད། །ནོར་དང་འབྲུ་ཡི་སྙིང་པོ་འདུ་ཤེས་ཤིང་། །བཞོན་པ་བ་གླང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་དག །དེ་དག་གིས་ཀྱང་ཅི་ཕྱིར་མགོ་སྤུ་བྲེག །ཅེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། ལྟོ་འགྲང་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ། །རང་སེམས་ཆོས་དང་འདྲེས་པར་མི་གདའ་བས། །བློ་འདི་ལས་སུ་རུང་བར་བྱིན་གྱིས་རློབས། །ཞེས་དང་། མདོ་ཟ་མ་ཏོག་གི་གཏམ་ལས། སྲིད་པའི་སྡུག་བསྔལ་མཐོང་ཡང་མི་སྐྱོ་བར། །གང་ལགས་དེ་ནི་ཤིན་ཏུ་བླུན་པ་སྟེ། །རྡོ་ཡི་ཁམས་སམ་ལྕགས་ཀྱི་གོང་བུ་བཞིན། །བདག་ལ་སེམས་པ་མེད་ཅེས་གསལ་བར་མངོན། །ཞེས་དང་། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས།། ༈ །།ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་དང་། ཀླུ་སྒྲུབ་ཀྱིས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུང་། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་དང་། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པར་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་ལུས་རྟེན་ག་ལ་འབྱོར། །ཞེས་དང་། ཇི་སྐད་དུ། མི་ལུས་ཐོབ་པ་ཉིན་མོའི་སྐར་མ་ཙམ། །དེ་རེས་ལན་གཅིག་སྟོང་ཟད་བྱེད་ན་ཕངས། །ཕྱིས་ནས་གར་སྐྱེ་རང་དབང་ཅི་ཆ་ཡོད། །དེ་བས་སྙིང་པོ་དུས་འདིར་བླང་ན་ལེགས། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་རྣམས་ནི་གཉིད་མ་ལོག། ༈ །།ཕ་དམ་པས། སྐྱེས་པའི་ནངས་པར་འཆི་བའི་བྱ་བྱུང་བས། །ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ། །རྒྱ་ཆེ་རོལ་པའི་མདོ་ལས། འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་གློག་འགྱུ་རིང་དུ་མི་གནས་བཞིན། །ཁྱོད་ཀྱི་དུས་འདིར་ཉེ་བར་གནས་གྱུར་པས། །བརྟུལ་ཞུགས་བཟང་པོའི་མངོན་བྱུང་དུས་ལ་བབ། །ཅེས་དང་། འདུལ་བ་ལུང་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པར། །ས་ཕྱོགས་དེ་ནི་གང་ན་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་ཀུན་གྱི་ཕུག་ནའང་ཡོད་མ་ཡིན། །ཞེས་དང་། སྤྱོད་འཇུག་ལས། ཡིད་བརྟན་མི་རུང་འཆི་བདག་ནི། །བྱས་དང་མ་བྱས་མི་འདུག་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་དང་། སློབ་སྤྲིངས་ལས། སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབ་པའང་འཆི་གྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་བྲོད་ཅི་ཞིག་ཡོད། །རིམ་གྱིས་ཡོལ་བར་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་ནས་ལྷུང་བ་བཞིན། །ཞེས་དང་། ཕ་དམ་པས། ས་ཡུལ་རིགས་དྲུག་སེམས་ཅན་སྤྱི་མཐུན་ལ། །ང་དང་བདག་གིར་མ་འཛིན་དིང་རི་བ། །མེ་ཏོག་སྔ་ལོ་ལེགས་ཀྱང་ཕྱི་ལོ་སྐམ། །ཡུལ་ལ་བློ་གཏད་མེད་དོ་དིང་རི་བ། །ཞེས་དང་། རྗེ་མི་ལས། ཚོགས་ཁང་ཀ་བཞིན་གདུང་བརྒྱད་དེ། །དུས་དེང་སང་སེང་གེའི་ཡ་ཁ་འདྲ། །མཁར་ཟུར་བཞི་ལོག་བརྒྱད་རྩེ་དང་དགུ། །དུས་དེང་སང་བོང་བུའི་རྣ་བ་འདྲ། །ཞེས་དང་།། ༈ །།རྒྱལ་བ་སྐལ་བཟང་རྒྱ་མཚོས། དབྱར་དྲོད་གཤེར་ལུད་གསུམ་འཛོམ་པའི་དུས། །ལོ་ཡག་གི་སྙེ་མ་གཡུ་བས་སྔོ། །སྟོན་ཐ་མར་ཞིང་སྟོང་སྐྱ་བོར་སོང་། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །ཤིང་ལྗོན་པ་འདབ་རྒྱས་ལོ་མ་རེར། །སྨིན་ལེགས་ཀྱི་འབྲས་བུ་ཕང་ཕུང་ཆགས། །མཐར་གཅིག་ཀྱང་མི་སྡོད་ས་ལ་ལྷུང་། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །དབྱར་ས་ལ་དྲོད་འབེབ་རྩི་ཐོག་རྒྱས། །བློ་བག་ཕབ་དུས་ཀྱང་དེ་མ་ཐག །དགུན་ཐལ་རླུང་ཚུབས་སེ་གྲང་བས་བསྡམས། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །སྟེང་སྒྲ་དབྱངས་སྒྲོགས་པའི་གཡུ་འབྲུག་དང་། །བར་གསུང་སྙན་འབྱིན་པའི་ཁུ་བྱུག་སོགས། །དུས་སྐད་ཅིག་ཡལ་ཡོལ་ཆ་མེད་ཐལ། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་། །ཤར་རི་བོ་སྤོ་མཐོའི་རྩེ་མོ་ནས། །ཁྲི་གདུགས་ཀྱི་ཉི་མ་དགུང་ལ་ཤར། །དེ་མི་སྡོད་ནུབ་རིའི་རྩེ་མོར་ལྷུང་། །རྐྱེན་འདིས་ཀྱང་མི་རྟག་དྲན་ནས་བྱུང་།། ༈ །།རྗེ་མི་ལས། ཁྱོད་གཞོན་པ་དབང་པོ་དར་ཙ་ན། །རྒས་པ་ཡོང་སྙམ་མི་གདའ་སྟེ། །རྒས་འོག་འགྱུའི་ཚུལ་དུ་འོང་གི་འདུག །འབྱུང་བ་རྣམ་ལྔ་དར་ཙ་ན། །ན་བ་འོང་སྙམ་མི་གདའ་སྟེ། །ནད་གློ་རྒྱག་ཚུལ་དུ་འོང་གི་འདུག །ཚེ་འདི་ལ་སྣང་བ་འཐས་ཙ་ན། །འཆི་བ་འོང་སྙམ་མི་གདའ་སྟེ། །འཆི་བ་ཐོག་དབབ་ཀྱི་ཚུལ་དུ་འོང་གི་གདའ།། ༈ །།ཕ་དམ་པས། ཚོང་དུས་མགྲོན་པོ་ཚོང་ཟིན་ནངས་པར་གྱེས། །གྲོགས་ཀྱིས་བོར་བར་ངེས་སོ་དིང་རི་བ། །གཉེན་ཚན་སྒྱུ་མ་ལྟ་བུའི་བསླུ་བྲིད་ལ། །གདུང་སེམས་འཁྲི་བ་མ་ཆེ་དིང་རི་བ།། ༈ །།བྱིས་པ་བརྟེན་པས་ཅི་ཞིག་བྱ། །སྐད་ཅིག་གཅིག་གིས་མཛའ་གྱུར་ལ། །ཡུད་ཙམ་ཞིག་གིས་དགྲ་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པ། །བྱིས་པ་བརྟེན་པས་ཅི་ཞིག་ཡོད། །རྗེ་མི་ལས། ཤ་ལས་ཆད་པའི་བུ་ཚ་ཀུན། །ཇག་པ་གོ་གསོས་བྱས་པ་འདྲ། །རྒྱུ་རྫས་བྱིན་ཀྱང་ཚུར་ལ་རྩོད། །ཕན་པའི་ལན་དུ་གནོད་པ་བསྐྱེལ། །ད་དེ་འདྲའི་ཉེ་དུ་ངས་མི་འདོད། །མདོ་ལས། འཆི་བའི་དུས་ལ་བབ་པ་ན། །ཕ་མ་མ་ཡིན་གཉེན་འདུན་མིན། །བུ་སོགས་སྐྱབས་སུ་མི་འགྱུར་ཏེ། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཞེས་དང་། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། །རྗེ་མི་ལས། སྡུག་བསྔལ་བསགས་པའི་ནོར་རྫས་རྣམས། །བུང་བས་སྦྲང་རྩི་བསགས་པ་བཞིན། །རང་གིས་བསགས་ཚེ་གཞན་གྱིས་སྤྱོད། །འཆི་དུས་མི་ཕན་ཅི་ཞིག་བྱ། །ཞེས་དང་།། ༈ །།སྤྱོད་འཇུག་ལས། གྲགས་པའི་དོན་དུ་ནོར་གཏོང་ཞིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་ཕན། །ཤི་ན་དེས་ཀོ་སུ་ལ་བདེ། །བྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །རྗེ་མི་ལས། དབུགས་རྒྱུ་བ་ཆད་པའི་ནངས་པར་དེ། །རྒྱུ་འབྱོར་ཚོགས་མང་ཡང་ཅི་ཕན་ཨང་། །སེར་སྣ་ཅན་བཟོད་པའི་བློ་འདུག་གམ། །གཉེན་ཉེ་འབྲེལ་རྣམས་ཀྱིས་མཐའ་བསྐོར་ཡང་། །ཕན་པ་སྐད་ཅིག་སྒྲུབ་ཐབས་མེད། །གདུང་སེམས་ཅན་ཚོས་ཅི་བྱེད་ཨང་། །ད་དེ་འདྲའི་དུས་ཞིག་ཚེས་གྱུར་ན། །དམ་པའི་ལྷ་ཆོས་མ་གཏོགས་པར། །གང་གིས་ཕན་པ་ཡོད་པ་མིན། །རྒས་དུས་མི་འགྱོད་ཙམ་རེ་མཛོད། །ན་དུས་མི་འགྱོད་ཙམ་རེ་མཛོད། །འཆི་ཁར་མི་འགྱོད་ཙམ་རེ་མཛོད། །ཕྱི་མར་མི་འགྱོད་ཙམ་རེ་མཛོད། །ཅེས་དང་། མན་ངག་མཛོད་ལས། འཇིག་རྟེན་བྱ་བའི་ཕན་པ་འདུག་གམ་ལྟོས། །བསགས་པའི་ནོར་རྫས་བཞག་ནས་སོང་ལ་ལྟོས། །ཕན་བཏགས་ལན་དུ་གནོད་པ་སྐྱེལ་ལ་ལྟོས། །མང་པོའི་ནང་ནས་གཅིག་པུར་སོང་ལ་ལྟོས། །ཆེ་བཙན་སྙན་གྲགས་བོར་ནས་སོང་ལ་ལྟོས།། ༈ །།ཕལ་པོ་ཆེ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་སྣང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་ངོ་། །ཞེས་དང་། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱི་ནི་སྣ་ཚོགས་ཀྱིས། །དེ་ཡི་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པ་འཁྱམས་ཤིང་རྒྱུག །ལས་ཀྱི་དྲྭ་བ་འདི་ཆེ་འོ། །མདོ་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དང་། ཡོན་ཏན་མཛོད་ལས། །ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་ཡང་། །རེ་ཞིག་གྲིབ་མ་བལྟ་བར་མི་མངོན་ཀྱང་། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། སྐད་ཅིག་གཅིག་གིས་སྡིག་བྱས་ཀྱིས། །བསྐལ་པ་མནར་མེད་གནས་གྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་འདིས། །བདེ་འགྲོ་མི་འགྲོ་སྨོས་ཅི་དགོས། །ཞེས་དང་། མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལའང་། །མི་གནོད་བསམ་སྟེ་བརྙས་མི་བྱ། །མེ་སྟག་ཆུང་ངུ་ཞིག་གིས་ཀྱང་། །རྩྭ་ཕུང་རི་ཙམ་བསྲེག་པར་བྱེད། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་བསམ་སྟེ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར།། ༈ །།དཔལ་མགོན་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་གདུང་བ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །བཀོལ་སྤྱོད་དག་གིས་གདུང་བ་ཡི། །དུད་འགྲོ་རྣམས་ཀྱང་དྲན་པར་གྱིས། །ཞེས་དང་། བཤེས་སྤྲིངས་ལས། དམྱལ་བ་བྲིས་དང་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་དང་། ཞི་བ་ལྷས། གཡང་ས་ཐ་མལ་ཆུང་ངུ་ལའང་། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །ཡུན་རིང་གཡང་ས་སྨོས་ཅི་དགོས། །ཞེས་དང་། བཤེས་སྤྲིངས་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་དང་། དེ་ལྟར་ཤིན་ཏུ་སྡུག་བསྔལ་མི་བཟོད་དེ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་དང་། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན།། ༈ །།རྒྱལ་པོར་གདམས་པའི་མདོ་ལས། བདག་གིས་ནོར་ནི་བཏང་ལ་ལུས་སྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་སྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་དམ་པའི་ཆོས་སྒྲུབས་ཤིག །ཅེས་དང་། ཀློང་ཆེན་པས། སྡུག་བསྔལ་མེ་ཚོགས་སྤུངས་པའི་འཁོར་བ་རྣམས། །ཕྱི་ནང་གང་ལ་བསམས་ཀྱང་སྐྱོ་བ་སྐྱེས། །དེ་བས་གཅིག་པུ་བྲག་རིའི་དྲུང་འདུག་སྟེ། །ལུས་དང་བཅས་སྟེ་སྲོག་འདི་འདོར་ནུས་ཤོག །ཅེས་དང་། རྗེ་མི་ལས། སྐྱིད་པ་དགྲ་ཡིས་མི་ཚོར་བ། །སྡུག་པ་གཉེན་གྱིས་མ་ཚོར་བ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ན་ན་དྲི་མི་མེད་པ་དང་། །ཤི་ན་ངུ་མི་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་དང་། ཡང་དགོན་པས། འཆི་བ་སྙིང་ཟུག་གི་དགོན་པ་ན། །ཞེན་པ་རང་ལོག་གི་རྣལ་འབྱོར་པ། །ཚེ་འདི་བློས་བཏང་གི་མཚམས་བཅད་དེ། །སེམས་ཆོས་བརྒྱད་ཀྱི་མི་དང་འཕྲད་མཇལ་མེད། །ཅེས་སོགས་ལུང་དྲངས་ཀྱི་རྣམ་པ་བསམ་གྱིས་མི་ཁྱབ་པས་མདོར་བསྡུས་སྣ་རེ་བཀོད་པ་ཡིན་ནོ།། །།