DKYD-DZINDROL-061
གཅོད་མཁན་རྣམས་ཀྱི་ཉེ་བར་སྤྱད་པའི་རྣམ་བཤད་ཕྱིན་དྲུག་ལང་ཚོ་བཞུགས། ཁྲག་འཐུང་གཅོད་པའི་དབང་པོ་ལ་ཕྱག་འཚལ་ལོ། །གཅོད་ཅེས་བྱ་བའི་ངོ་བོ་ནི། །ཕ་རོལ་ཕྱིན་པ་དྲུག་གི་དབྱིངས། །ངེས་ཚིག་བདག་ཏུ་འཛིན་པ་གཅོད། །དབྱེ་ན་ཐུན་མོང་ཁྱད་པར་རོ། །དེ་ལ་གཅོད་པའི་རྣལ་འབྱོར་གྱི། །ཆས་ལ་འོས་པའི་ཡོ་བྱད་ནི། །སྦྱིན་པའི་དྲྭ་བ་ཚུལ་ཁྲིམས་སྟན། །བཟོད་པའི་ཅོག་བུ་བརྩོན་འགྲུས་དུང་། །བསམ་གཏན་པུས་འཁྱུད་ཤེས་རབ་ནི། །ཌཱ་རུའི་རྣམ་པར་གཞག་པ་འོ།། ༼ཀ༽ དྲྭ་ཕད། སྦྱིན་པའི་ཚོགས་རྣམས་སྡུད་བྱེད་ཅིང་། །ཆོག་ཤེས་དྲན་པའི་ཡོན་ཏན་སྣོད། །དྲྭ་བ་ཞེས་པ་མདོ་མདུད་འབྲེལ། །ཕད་བུའི་སྒྲ་ལས་ཡོལ་གོ་སྟེ། །རེག་འཇམ་གཡང་མོའི་འདབ་མ་ལ། །བྲམ་ཟེ་མོ་ཡིས་སྲད་བུ་སྟར། །ཐང་ལྷོད་འཚམ་པར་བསྒྲིམས་པ་བཞིན། །ལུ་གུ་རྒྱུད་དུ་ཡོངས་སུ་སྦྲེལ། །ཕྱི་ནང་མེད་པར་ཟང་ཐལ་ནི། །རྣལ་འབྱོར་འཛིན་པ་དག་པའི་རྟགས། །ནོར་ལ་བདག་ཏུ་ལྟ་བའི་སེམས། །མཉམ་པ་ཉིད་དུ་ལ་དོར་ནས། །འཕྲལ་གྱི་བཟའ་བཏུང་གྱི་ན་ཙམ། །ངོ་ལྐོག་མེད་པར་ཕྱིར་གསལ་བའི། །བརྟུལ་ཞུགས་འདི་ལ་སུ་གོམས་པ། །སྲིད་པའི་བརྩོན་ར་དག་ལས་གྲོལ། །དགྲ་ཡིས་མཐོང་ཡང་སྙིང་རྗེ་སྐྱེ། །སེར་སྣའི་གེགས་དང་མཛའ་བ་མིན། །ཆོམ་རྐུན་དང་ནི་རྩོད་པ་ཅན། །གཞན་འབྱོར་དཔལ་ལ་ཕྲག་དོག་པའི། །ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་། །གློ་བུར་ཡེ་འདྲོག་གདོན་ལས་གྲོལ། །ཕྱག་མཛོད་འདི་ནི་རྣལ་འབྱོར་གྱི། །དབང་ཕྱུག་མི་ལ་རས་པར་འོས། །གང་ལ་གསོག་སེམས་བྲལ་བ་དེ། །སྦྱིན་པའི་ཕ་རོལ་ཕྱིན་པ་འོ།། ༼ཁ༽ ཀོ་སྟན། བརྟུལ་ཞུགས་ཀྱི་ལྟ་བའི་མཚོན་རྣོན་པས། །མ་རིག་གཅན་གཟན་གྱི་སྲོག་བཅད་ནས། །མཉམ་ཉིད་ཀྱི་ངང་དུ་པགས་པ་བཤུས། །རིག་འཛིན་གྱི་སྡོམ་པའི་ཡན་ལག་ཅན། །བསྐྱེད་རྫོགས་ཟུང་འཇུག་གི་སྡེར་བཞི་མཛེས། །སྡོམ་པ་གསུམ་ལྡན་གྱི་སྟན་དུ་བཏིང། །གྱོ་མོ་དང་གསེག་མ་ཚེར་ཅན་སོགས། །ཏིང་འཛིན་ལ་འཛེར་བའི་རྣམ་རྟོག་སྤོང་། །རྐང་མཐིལ་ལ་རླུང་ལྷ་ལྡང་བ་ཡི། །རྟེན་འབྲེལ་ཡང་སྲན་ཚུགས་ངང་དུ་རྫོགས། །ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པ་འོ།། ༼ག༽ ཅོག་པུ། ཅོག་ཞེས་བྱ་བ་པུ་རིའི་དངོས། །མཚོན་པ་རྟགས་ཀྱི་ཁང་བཟང་ཡིན། །བྱང་ཆུབ་སེམས་ཀྱི་རས་བལ་ལ། །སྙིང་རྗེ་ཆེན་པོའི་བཀལ་བཏགས་བྱས། །སྨོན་འཇུག་བྱང་སེམས་ཀྱི་བཟོ་གྲ་བཙུགས། །ཕར་ཕྱིན་དྲུག་གི་རྒྱན་སྤྲོས་མཛེས། །ལྟ་བ་ཡེངས་མེད་ཀྱི་སྲོག་མཁར་བཙུགས། །སྒོམ་པ་གཏད་མེད་ཀྱི་ཐ་གུས་སྦྲེལ། །སྤྱོད་པ་ཐུགས་ཕྲད་ཀྱི་ཕུར་བུས་བརྒྱངས། །ཐེག་པ་ཡས་འབུབས་ཀྱི་ཚུལ་དུ་ཕུབ། །སྤྱོད་པ་མས་འཛེགས་ཀྱི་གནས་མལ་བཅས། །ཀ་བཞི་གདུང་བརྒྱད་ཀྱི་སྤྲོས་པ་ཆོད། །འདུ་འཛི་རྣམ་གཡེང་གི་འཁྲུལ་པ་དོར། །ཆོས་བརྒྱད་རང་གྲོལ་གྱི་ཁང་བཟང་ཡིན། །ཚ་གྲང་གི་གདུང་བ་ཀུན་བཟོད་པས། །བཟོད་པའི་ཕ་རོལ་ཕྱིན་པ་འོ།། ༼ང༽ རྐང་གླིང་། མཆོག་ཆེན་མི་རྐང་གླིང་བུ་ཡི། །བརྡ་དོན་རྟགས་གསུམ་བཤད་ཀྱིས་ཉོན། །རྟོག་མེད་རོ་ཡི་ཡན་ལག་ལས། །ཆགས་སྡང་མེད་པའི་སེམས་ཀྱིས་བྲེགས། །ལྷ་བ་ཕྱུང་ཞིང་བྲད་བརྡར་བྱས། །ཕྱི་ནང་གཟུང་འཛིན་སྤོང་བའི་བརྡ། །རྐང་གླིང་ཁ་སྒོ་གཅིག་པ་ནི། །ཆོས་ཀུན་དུ་མ་རོ་གཅིག་བརྡ། །རྩ་བ་མཛོ་སྣ་ཟུང་འབྲེལ་ཅན། །ཆོས་སྐད་ཟུང་འཇུག་གཅིག་ཏུ་སྟོན། །གཤམ་ལ་འབྲེང་ལྕག་ཅོད་པན་ཅན། །གྲུབ་ཐོབ་རྗེས་སུ་འབྲེང་བའི་དོན། །དྲང་ཞིང་སྟོང་པ་གཞུང་མིག་ཅན། །མཐའ་ལ་མི་གནས་དབུ་མའི་དོན། །འབུད་པ་རླུང་གི་རྟེན་འབྲེལ་ལས། །རོ་རྐྱང་དབུ་མར་ཡང་དག་འཛུད། །ཐོས་པས་ལྷ་འདྲེའི་ཡིད་རྩ་འཁོལ། །ཉན་པས་རང་སྣང་གཞན་སྣང་འགྱུར། །འབུད་སྟངས་དང་པོས་བླ་མ་མཆོད། །གཉིས་པས་སྣང་བ་ཟིལ་གྱིས་གནོན། །གསུམ་པས་མགྲོན་རྣམས་སྤྱན་འདྲེན་བྱེད། །བཞི་པས་ཕམ་རྒྱལ་མེད་པར་བསྔོ། །ལྔ་པས་གཟུང་འཛིན་ཐད་ཀར་གཅོད། །ལེ་ལོའི་གཉིད་ལས་སད་པའི་ཕྱིར། །བརྩོན་འགྲུས་ཕ་རོལ་ཕྱིན་པ་འོ།། ༼ཅ༽ སྒོམ་ཐག་གམ་པུས་འཁྱུད། པུས་མོའི་ལྷ་ངར་ལུས་བརྟེན་ཕྱིར། །དེ་ལ་འཁྱུད་པར་བྱེད་པ་འོ། །རྣལ་འབྱོར་རོ་སྟོད་མཛེས་པའི་རྒྱན། །ཡུམ་གཅིག་རྡོ་རྗེ་ཕག་མོ་དངོས། །ཐིག་ལེ་ཉག་གཅིག་མཚོན་པར་འཁོར། །དབུ་རྐྱང་རོ་གསུམ་བདག་ཉིད་ལ། །རྩ་གནས་འཁོར་ལོའི་དྲྭ་བ་ཅན། །ཕྱི་རུ་སྣང་བ་མཛེས་པའི་རྒྱན། །ནང་ནི་རང་བཞིན་སྟོང་པ་ཉིད། །བོད་དུ་ལོ་ཆེན་བཻ་རོས་བསྟན། །རྡོ་རྗེ་ཟམ་པའི་ཆ་ལག་སྟེ། །དགོས་འགྲེལ་ཤེས་པར་མ་བྱས་ན། །མཆོར་སྒེག་སེམས་ཀྱིས་འཆང་བ་ཙམ། ཁྱི་རྒན་ཚངས་སྐུད་འཆིང་བ་འདྲ། །གནད་དོན་ཤེས་ན་རྣམ་སྣང་གི། །ཆོས་རྣམས་མ་ལུས་སྡུད་པའི་ཕྱིར། །བསམ་གཏན་ཕ་རོལ་ཕྱིན་པ་འོ།། ༼ཆ༽ གཅོད་ཌཱཾ། ཌཱ་རུ་ལ་ཁོར་འདས་ལམ་གསུམ་ཚང་། །འཁོར་བ་སྡུག་བསྔལ་གྱི་ནགས་ཁྲོད་ནས། །མྱང་འདས་ཀྱི་སྟྭ་རེ་རྣོན་པོ་ཡིས། །གཟུང་འཛིན་ལམ་གྱི་ལྗོན་ཤིང་བཅད། །མན་ངག་གདེང་ལྡན་གྱི་ཤིང་མཁན་དེས། །འཁོར་འདས་རྒྱབ་གྱེས་ཀྱི་ཌཱ་རུ་བཟོས། །གཉིས་སྣང་འུབ་ཆུབ་ཀྱི་པགས་པས་གཡོགས། །སྣང་སྟོང་ཟུང་འཇུག་གི་རྐེད་ཆིངས་བཏང་། །ཐབས་དང་ཤེས་རབ་ཀྱི་དབྱུག་ཏོ་ཅན། །མཁའ་འགྲོ་བླ་ཆགས་ཀྱི་མགྲོན་ཚོམ་མཛེས། །ཡེ་ཤེས་ལྔ་ལྡན་གྱི་ལན་ཚར་གདགས། །གསོན་སྐྲས་མ་མོ་བྲན་དུ་བཀོལ། །ཤི་སྐྲས་མཁའ་འགྲོ་དབང་དུ་སྡུད། །སྣང་བ་ཟིལ་གནོན་སྟག་གཟིག་རས། །མ་ཚོགས་དབང་འགྱུར་དྲིལ་གཡེར་ཅན། །ཌཱཀྐ་ཌཱཀྐིའི་ཕྱག་མཚན་ཏེ། །མཐོང་བས་སྲིད་པའི་རྣམ་རྟོག་འགག །འཁྲོལ་པས་གཞན་སྣང་དབང་དུ་འདུ། །བཅངས་པས་མ་ཚོགས་མཁའ་འགྲོ་ཉེ། །སྣང་སྲིད་ལྷ་འདྲེའི་སྲོག་ནས་འདྲེན། །གྲགས་སྟོང་དབྱེར་མེད་རང་སྒྲ་ཡིས། །བརྟན་གཡོ་མ་ལུས་འདར་ཞིང་འཁྲུགས། །ཤེས་རབ་ཕ་རོལ་ཕྱིན་པ་འོ། །ཞེས་གཅོད་པའི་ཉེར་སྤྱད་རྣམས་ཀྱི་རྣམ་པར་ངེས་པ་མདོ་ཙམ་བརྗོད་པ་འདི་ནི། འབྲུག་པ་ངག་དབང་རྡོ་རྗེས་བསྐུལ་ངོར། ཀརྴ་པ་ཎིའི་སྣ་རྒྱན་འཛིན་པའི་བཀྱལ་ཀ་ལས་ཅུང་ཟད་གཞན་དུ་བྱས་ཏེ་བརྗོད་པ་པོ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་རོ།། །།