DKYD-DZINDROL-026

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཆོས་སྐྱོང་གཏོར་འགུགས་བྱིན་བརླབ་ནི། མཆོག་གསུམ་རྩ་གསུམ་སྲུང་མའི་བདེན་སྟོབས་དངཿ ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུསཿ བསྟན་འགྲོར་འཚེ་བའི་དགྲ་བགེགས་དམ་ཉམས་པ། །དམིགས་ཡུལ་ཤ་ཁྲག་དམར་གཏོར་རྟེན་ལ་ཁུག །ནྲྀ་ཏྲི་ཨཱ་ཀརྵ་ཡ་ཛཿ ཞེས་གཏོར་འགུག་སྔོན་དུ་སོང་ནས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་མེ་རླུང་དང་བཅས་པའི་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་དམར་གྱི་ཐོད་རློན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་པའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་དང་། གཞན་ཡང་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ཐབས་ཤེས་ཀྱི་ཡི་གེས་མཚན་པ་ཞུ་ཞིང་ཁོལ་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་དྭངས་བཅུད་མ་ལུས་པ་བཀུག་ཅིང་བསྟིམས་པས། བདུད་རྩི་དཀར་དམར་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་གྱི་ཟེར་མ་འཕྲོ་བའི་སྟེང་གི་ནམ་མཁར་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་དམ་ཚིག་གི་རྫས་དང་དབྱེར་མེད་པར་གྱུར་ཏེ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་རྒུ་རབ་འབྱམས་ཀྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང་། ཨོཾ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་མ་ལུས་པ་ཆར་སྤྲིན་གཏིབས་པ་ལྟར་སྤྱན་དྲངས་བཛྲ་ས་མཱ་ཛཿ ཞེས་དྲངས། དེ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་དྭངས་བཅུད་དྲངས་པས་མཉེས་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་ནས་གསོལ་ཀའི་གཞུང་དཀྱུས་ལྟར་གཏང་ངོ་། །མི་ཕམ་གསུང་འབུམ་ལས་སོ། །མངྒ་ལཾ།།