DKYD-DZINDROL-003

From Khyentse Lineage - A Tsadra Foundation Project
Revision as of 15:41, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །གསོལ་འདེབས་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་པ་ནི། ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དང་། ༈ བླ་མ་སྐུ་གསུམ་སོགས་བརྒྱུད་པ་ཀུན་འདུས་ཀྱི་ངོ་བོར་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ༴ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ༴ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིས༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང༔ ཤྲཱི་སིཾ་ཧའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རྫོགས་ཆེན་བརྒྱུད་པའི་བླ་མ་ལ་གསོལ༴ ཨོ་རྒྱན་པདྨ༴ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ མ་རྒྱུད་ལྷ་མོ་ཡོངས་འཁྱུད་བདེ་མ་དང༔ དྷ་ན་སཾསྐྲྀའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྲིད་པ་མ་བརྒྱུད་ཀྱི་བླ་མ་ལ་གསོལ༴ ཨོ་རྒྱན་པདྨ༴ རྡོ་རྗེ་ཕག་མོའི་ཐུགས་ཀྱི་དགོངས་པ་ཡིས༔ མཁའ་འགྲོ་སེང་གེའི་གདོང་ཅན་ཐུགས་བརྒྱུད་ནས༔ རྡོ་རྗེ་དྲག་པོ་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསང་སྔགས་མ་བརྒྱུད་ཀྱི་བླ་མ་ལ་གསོལ༴ ཨོ་རྒྱན་པདྨ༴ འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ སྣང་ཡང་བདག་འཛིན་མེད་པའི་ངང་ལ་ཞོག༔ གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔ འདོད་ཆགས་རང་གྲོལ་གྱི་བླ་མ་ལ་གསོལ༴ ཨོ་རྒྱན་པདྨ༴ འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔ སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན༔ གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག༔ གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང༔ གྲགས་སྟོང་རྒྱལ་བའི་གསུང་ལ་གསོལ༴ ཨོ་རྒྱན་པདྨ༴ འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང༔ ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང༔ བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔ དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔ བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ ཞེས་མོས་གུས་གདུང་བས་གསོལ་བ་འདེབས། །