ཆོས་འབྱུང་འབེལ་གཏམ་ཉུང་ངུ་།

From Khyentse Lineage - A Tsadra Foundation Project
Revision as of 13:14, 3 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title chos 'byung 'bel gtam nyung ngu
Location dpal sprul bka' 'bum
Volume 1, Text 15, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Discourses - gtam
Colophon

།ཤེས་རྒྱུ་ནི་ཨ་བུ་ཧྲལ་བོས་ཤེས། །མཁོ་རྒྱུ་ནི་བཙན་ཕྱུག་བུ་ལ་མཁོ། །བྲི་ཚོད་ནི་འཁྲུལ་བའི་གཏམ་ལ་མེད། །བཙོང་རྒྱུ་ཞིག་ཡོད་ན་ཨ་བུས་ཚོང་། །དུས་སྨྱོན་ཞིག་ད་ལོ་རྒྱུག་གཤའ་སྟེ། །བཙོང་ཐབས་ནི་མེད་ངེས་ཨ་ལྷ་ཤི། །ཨ་ལ་ལ་ཤིན་ཏུ་དགེ་ལེགས་སྩོལ། །བཀྲ་ཤིས་ཤོག

shes rgyu ni a bu hral bos shes/_/mkho rgyu ni btsan phyug bu la mkho/_/bri tshod ni 'khrul ba'i gtam la med/_/btsong rgyu zhig yod na a bus tshong /_/dus smyon zhig da lo rgyug gsha' ste/_/btsong thabs ni med nges a lha shi/_/a la la shin tu dge legs stsol/_/bkra shis shog

[edit]
༄༅། །ཆོས་འབྱུང་འབེལ་གཏམ་ཉུང་ངུ་བཞུགས་སོ། །


ངག་ལ་ངག་གི་དཔལ་སྟེར་མཚོ་བྱུང་ལྷ། །སྙིང་ལ་སྙིང་རྗེས་རྗེས་འཛིན་མིག་མི་འཛུམ། །ཡིད་ལ་ཡེ་ཤེས་མཆོག་སྦྱིན་འཇམ་པའི་དབྱངས། །རོ་གཅིག་རིག་པའི་ཐིག་ལེ་བླ་མར་ཟླུམ། །བརྗོད་པའི་ངག་གང་ཞིག །སྙན་ཞིང་རྣ་བར་འཇེབ་པ་དང་། མཛེས་ཤིང་ཡིད་དང་མཐུན་པ། བཟང་ཞིང་སྤྲོ་བ་བསྐྱེད་པ་དེ་ནི་ཚངས་པའི་དབྱངས་ཀྱི་ཡན་ལག་ཡིན་པས་ངག་གི་སྒྲིབ་པ་སྤངས་པ་ལ་འབྱུང་བ་ཤས་ཆེ། བརྗིད་ལ་ནོན་དང་ལྡན་པ། མཚར་ལ་བཞད་གད་འབྱིན་པ། བདེན་ལ་ངེས་ཤེས་བསྐྱེད་པ་དེ་མི་ཆོས་ཀྱི་ཕུ་ཐག་ཆོད་པ་ལ་འབྱུང་། མཚར་ལ་དད་པ་སྐྱེ་བ། སྙན་ལ་མཆི་མ་འཆོར་བ། སེམས་ལ་ངེས་ཤེས་སྐྱེ་བ་དེ། ལྷ་ཆོས་ཀྱི་ཕུ་ཐག་ཆོད་པ་ལ་འབྱུང་། མང་ལ་འབྲེལ་བ་མེད་པ། དཔེ་དང་དོན་དུ་འགལ་བ། དཔེ་མང་ཁུར་དུ་ལུས་པ་དེ། མི་མཁས་ང་རྒྱལ་ཆེ་བ་ལ་འབྱུང་། ཟོབ་ལ་ཟད་དུས་མེད་པ། ལུས་མེད་ཡན་ལག་མང་བ། འབྲེལ་མེད་གཏམ་གཞུང་རིང་བ་དེ། རྒན་པོ་ཨུ་ཚུགས་ཅན་ལ་འབྱུང་། ད་དེ་དག་ཐམས་ཅད་ཀྱང་རང་ལ་གཤིས་ཀྱིས་ཡོད་པ་དང་། འཕྲལ་བྱུང་གོམས་པས་བསྐྱེད་པ་སྟེ་གཉིས་ལས་སྔ་མ་གཙོ་ཆེ། རང་ལ་གཤིས་ཀྱིས་མེད་ན་འཕྲལ་དུ་བཟོ་བཅོས་བྱས་པ་དེ་ལ་གཏམ་གྱི་གོལ་ས་ལྡང་བ་ཡིན་ཏེ། དཔེ་བལྟས་ཡིག་འདོན་གྱི་གོལ་ས་ལྷ་ཆོས་ཀྱི་གཏམ་ལ་འབྱུང་། ལད་མོ་འབྲེལ་མེད་ཀྱི་གོལ་ས་མི་ཆོས་ཀྱི་གཏམ་ལ་འབྱུང་། ཚིག་ངན་ཅར་ཕོག་གི་གོལ་ས་བཞད་གད་ཀྱི་གཏམ་ལ་འབྱུང་། མཐོ་དམན་ཕྱོགས་ལྷུང་གི་གོལ་ས་ནམ་དུ་ཡང་འབྱུང་བ་ཡིན་པས་གཟབ་དགོས་ལ། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་ལ་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ། ཚིག་ངན་ལ་ནོན་གལ་ཆེ། བཞད་གད་ལ་འཇམ་གལ་ཆེ་བས། ཐོས་པའི་མཐའ་རྒྱ་མ་བཅད་ན། ཆོས་བཤད་ཁོལ་བུས་ས་མི་ཆོད་དེ། སླར་ལ་དྲིས་ན་ཡང་ལན་མི་འབྱུང་། གོམས་པའི་གཏམ་གཞུང་མི་ཤེས་ན། ཨུ་ཚུགས་ཚིག་གིས་དོན་མི་འགྲུབ་སྟེ། བཤད་རྒྱ་ཆེ་ཡང་ནམ་ཕུག་ཕམ། ངེས་པའི་ཞིབ་ཆ་མེད་ན་ཕྱོགས་མཐོང་ཙམ་གྱིས་དག་ཆ་མི་ཐོན་ཏེ། ཞིབ་ཏུ་བཤད་ན་ཕུག་སྡུག །ནོན་ཆ་དོན་གྱི་ལྕིད་མེད་ན་རྣམ་འགྱུར་རྩུབ་མོས་ཕ་རོལ་མི་ཐུབ་སྟེ། ཝ་ཁ་དགྲ་འབོད་མི་ཡིས་འཕྱ། འཇམ་ལ་མཚར་བའི་ཉམས་མེད་ན། གཞན་མཚང་ཟློས་པ་བཞད་གད་མིན་ཏེ། རྩེད་མོ་བྱས་པ་རྩོད་པར་འགྱུར་བ་ཡོད་པས་གཤིས་བཟང་པོ་རང་ལ་ཡོད་པ་དང་། ཤེས་གོམས་ཆ་ཡུན་དུ་སོང་བ་ཞིག་དང་གཉིས་ཀ་དགོས་པ་ཡིན། ད་གཏམ་དེ་དག་ཐམས་ཅད་ཀྱང་མདོར་བསྡུ་ན། སྐྱོན་ཅན་དང་སྐྱོན་མེད་གཉིས་ལ་འདུ། གཏམ་སྐྱོན་མེད་དེ་མཁས་པའི་ལྷ་གྲལ་དུ་དགོས་པས། དེའི་ལོ་རྒྱུས་ཅུང་ཟད་འཆད་ན། གཏམ་དེ་ལའང་ཡས་གཏམ་དང་མས་གཏམ་གཉིས་ཡོད་པས། ཡས་གཏམ་ལྷ་ཆོས་ཀྱི་གཏམ་ཡིན་ཏེ། དེ་ཡང་བླ་མའི་ཆོས་བཤད་ལ་ལག་ལེན་གྱི་དོན་གཙོ་ཆེ། ཆོས་ཁྲིམས་ཀྱི་ཆོས་བཤད་ལ་ལོ་རྒྱུས་ཀྱི་བྱུང་ཚུལ་གཙོ་ཆེ་བས་སྔ་མ་ནི། བཀའ་རྒྱུད་སྡེ་དཔང་པོར་བཞག་པའི་ཐོས་བསམ་བསྒོམ་གསུམ་ཉམས་མྱོང་དང་འབྲེལ་བ་ཞིག་དགོས། ཕྱི་མའང་། བཤད་པའི་སྐབས་ལ་བབས་པ་རང་ཤེས་ཀྱི་མཐའ་རྒྱ་ཆོད་པ། ཉན་པ་པོ་ཆེ་དགུ་འཛོམ་པ། གནས་སྐབས་ཀྱི་འབྲེལ་དང་ལྡན་པ་ཞིག་མེད་ན། མཁས་མཁས་ཆེ་བ་བླུན་གཟུགས་སུ་འགྲོ་བའི་དཔེ་ཡོད། ད་ཆོས་ཀྱི་ལོ་རྒྱུས་དེ་ཅུང་ཟད་བཤད་ན། སྤྱིར་སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། སྐྱོབ་པ་དམ་ཆོས་ཀྱི་དར་ཚུལ་དང་གཉིས་ལ་འདུས། དེ་ཡང་གླིང་གཞི་ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བ་ཞིག་ཡིན་ཏེ། སྟོན་པ་ཕུན་སུམ་ཚོགས་པ་རྣམ་འདྲེན་ཟས་གཙང་སྲས་པོ་དེ་ཉིད། གནས་ཕུན་སུམ་ཚོགས་པ་དབུས་འགྱུར་ཚལ་མ་གྷངྷ་རྡོ་རྗེའི་གདན་དུ་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ཏེ། དུས་ཕུན་སུམ་ཚོགས་པ་གདུལ་བྱ་ཡོངས་སུ་སྨིན་པའི་གནས་སྐབས་ལ་བབ་པ། མི་རྣམས་ཀྱི་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པའི་དུས་ན། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་མཇལ་བའི་སྐལ་པ་དང་ལྡན་པའི་གང་ཟག་རིགས་ཅན་གསུམ་ལ། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གསང་སྔགས་ཕྱི་ནང་དང་བཅས་པ། རྗོད་བྱེད་ཀྱི་ངག་དག་པ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་བརྗོད་བྱའི་དོན་བཟང་བ་ལམ་བསླབ་པ་གསུམ་གྱི་གནད་ཚང་བར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས། རྗེས་འཇུག་འཕགས་པའི་གང་ཟག་རྡོ་རྗེའི་ཐུགས་དང་ལྡན་པས་མི་བརྗེད་གཟུངས་ཀྱི་དབང་ཐོབ་པ་རང་ལམ་གྱི་ས་ལ་གནས་པ་དང་འབྲས་བུ་ཐོབ་པ་དག་གིས་བཀའི་བསྡུ་བ་གསུམ་གྱིས་གཏན་ལ་ཕབ། ཆོས་ཕུན་སུམ་ཚོགས་པ་ཚིག་ཏུ་བཟླས། ཚིག་ལ་བཤད་པ་དཔེ་ལ་བྲིས་ཏེ། འཇུག་འདོད་ཀྱི་གང་ཟག་འཆད་པས་རྗེས་སུ་བཟུང་། རྒོལ་འདོད་ཀྱི་གང་ཟག་རྩོད་པས་ཚར་བཅད། རྗེས་འཇུག་གི་གང་ཟག་ལ་རྩོམ་པས་བསྟན་རྒྱུན་བཞག་ནས་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་དུ་མཛད། དེ་ལས་བོད་གངས་ཅན་གྱི་ཡུལ་དུ་ལྷ་སྤྲུལ་བའི་རྒྱལ་པོ་མི་རྗེ་ཐོ་ཐོ་རི་གཉན་གྱི་རིང་ལ་དམ་ཆོས་ཀྱི་དབུ་བརྙེས། ལྷ་ཅིག་སྲོང་བཙན་སྒམ་པོ་འཕགས་པ་མིག་མི་འཛུམ་པ་མངོན་སུམ་མི་ཡི་རྣམ་རོལ་ལ་བྱོན་ཏེ། བོད་མ་སང་འདྲེའི་ཡུལ་དུ། འཕགས་ཆེན་ལྷ་ཡི་རྒྱལ་པོ་མཛད། མཐའ་བཞིའི་ཆེ་དགུ་དབང་དུ་བསྡུས། ཡི་གེ་དང་བསྟན་བཅོས་ཀྱི་དབུ་བཙུག །སྐུ་རྟེན་རིན་པོ་ཆེ་ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས། དགའ་བཞིའི་འཕྲུལ་སྣང་ལྷ་ལས་བབ་པའི་གཙུག་ལག་ཁང་བཞེངས་ཏེ། སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད། རྒྱལ་རབས་ལྔ་ནས་རྗེ་བཙུན་འཇམ་པའི་རྡོ་རྗེ་མིའི་རྗེ་བོར་ཕེབས་པ། གནམ་ལྷ་བབ་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག །མགོ་ནག་བོད་ཀྱི་སྤྱི་རྗེ་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཕོ་བྲང་འོམ་བུ་བྲག་དམར་དུ་སྐུ་བལྟམས། ཡབ་མེས་ཀྱི་ཡིག་ཚངས་གཟིགས་པས་དམ་པའི་ཆོས་ཀྱི་ཐུགས་བབ་བྱུང་སྟེ། བདུད་བློན་གྱི་མདུན་གྲོས་རྣམ་དཔྱོད་ཀྱིས་ཚར་བཅད། ཟ་ཧོར་མེ་ཏོག་གི་གླིང་ནས་མཁན་ཆེན་བྱང་ཆུབ་སེམས་དཔའ་འདུལ་འཛིན་ཤཱནྟ་རཀྵི་སྤྱན་དྲངས་ཏེ་མདོ་སྡེ་རྒྱུ་འབྲས་ཀྱི་ཆོས་ལ་ཐུགས་སྦྱངས། བལ་ཡུལ་ཡང་ལེ་ཤོད་ནས་ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་འདྲེན་གྱི་ཕོ་ཉས་བསུས་ཏེ་མཁན་སློབ་ཆོས་གསུམ་གདན་འཛོམས་པས་ནག་ཕྱོགས་ཀྱི་ལྷ་འདྲེ་དམ་ལ་བཏགས། དཀར་ཕྱོགས་ཀྱི་སྡེ་བརྒྱད་བྲན་དུ་བཀོལ་ནས་ལུགས་གསུམ་མི་འགྱུར་ལྷུན་གྲུབ་ཀྱི་གཙུག་ལག །ལྷ་ཡུལ་རྩ་གསུམ་གྱི་བཀོད་པ་ལ་མི་ཡུལ་རྟེན་གསུམ་གྱི་ལང་ཚོས་ཕྲ་བཏབ་པ་བཞེངས་ནས། ཕྱོགས་ཀྱི་མཁས་པ་དུ་མ་དང་། བོད་ཀྱི་ལོ་ཙཱ་དུ་མས་བཤད་ཉན་འགྱུར་གསུམ་གྱི་ཆོས་གྲྭ་བཙུགས་ནས། བྱ་བ་ལེགས་ཉེས་ཀྱི་སྤང་བླང་སྟོན་པ་གཙུག་ལག་རྩིས་ཀྱི་སྒོ་མོ། ནད་པའི་ཟུག་ཟེར་གཅོད་པ་ཐུགས་རྗེ་སྨན་གྱི་བསྟན་བཅོས། འཁོར་བའི་སྡུག་བསྔལ་སེལ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དཀར་འཇམ་ཡུག་གཅིག་ཏུ་བརྡལ་ནས། ཆོས་ཐེག་དགུ་འཛོམས་པས་སངས་རྒྱས་ཀྱི་བསྟན་པའི་ལུས་ཚང་བ། གྲུབ་མཐའ་ང་ཁྱོད་ཀྱི་ཕྱོགས་རིས་མེད་པས་བསྟན་པ་ཐམས་ཅད་གཅིག་ཏུ་འདུས་པ། བཤད་སྒྲུབ་ཟུང་དུ་འབྲེལ་པས་མཁས་གྲུབ་གཉིས་ལྡན་དུ་འབྱུང་བ། མདོ་སྔགས་ཟུང་དུ་འཆད་པས་ལྟ་སྤྱོད་ཡ་མ་བྲལ་བའི་སྔ་འགྱུར་རྙིང་མའི་ཆོས་ཞེས་གྲགས་ཆེན་དོན་དང་ལྡན་པ་སངས་རྒྱས་ཀྱི་བསྟན་པའི་གཞི་བཏིང་། སད་མི་མི་བདུན་ལ་སོགས་བསྙེན་པར་རྫོགས་ཏེ་བསྟན་པའི་གཞི་མ་ཆོས་འདུལ་བ་རིན་པོ་ཆེའི་སྲོལ་བཏོད་ནས་རབ་བྱུང་བཙུན་པའི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་ཞེས་མཆོད་གནས་ཀྱི་སྡེ་གཉིས་སུ་མཛད་དེ་དགེ་འདུན་གྱི་གྲྭ་བཙུགས། བོན་ཞང་ཞུང་གི་གྲུབ་མཐའ་ལུགས་གཉིས་ཟུང་འཇུག་གི་ཁྲིམས་ཀྱིས་ཚར་བཅད། ཕྱི་རོལ་མུ་སྟེགས་ཀྱི་རྒྱུ་འགྲུལ་བཀའ་སྲུང་བསྟན་མའི་ཕྲིན་ལས་ཀྱིས་མཚམས་བཅད་དེ་རྒྱལ་བསྟན་ཡིད་བཞིན་གྱི་ནོར་བུ་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་མཛད་ཕྲིན་རྩིབས་སྟོང་གི་འཁོར་ལོས་སྣ་དྲངས་ཏེ། འཛམ་བུའི་གླིང་སུམ་གཉིས་ཀྱི་རྒྱལ་སྲིད་རང་དབང་དུ་བྱས་ནས་ཆོས་སྲིད་ཟུང་འཇུག་གི་སྣང་བ་འགྲན་ཟླ་དང་བྲལ་བར་མཛད། བར་སྐབས་སུ་བསྟན་པའི་དར་ནུབ་ཅི་རིགས་པ་ཞིག་བྱུང་ཡང་། དབོན་སྲས་སྤྲུལ་པའི་བཙན་པོ་འཕགས་ཆེན་ལག་ན་རྡོ་རྗེའི་རྣམ་རོལ་མིའི་སྒྱུ་འཕྲུལ་དུ་ཤར་བ་ལྷ་གཅིག་ཁྲི་ལྡེ་སྲོང་བཙན་བོད་ཀཻ་ལ་ཤའི་རྒྱལ་སར་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ཕེབས་ཏེ། ཟན་གཡང་ཆོས་འཁོར་ཆེན་པོ་སུམ་སྤྲུགས་དགུ་བརྩེགས་ཀྱི་བཀོད་པའི་འཁྲུལ་ཐབས་སྒྱུ་མའི་བཟོ་སྒྲོས་བགྲངས་བ་ལས་འདས་པའི་ཁྱད་ཆོས་སུ་བྱས་པ། འོན་ཀྱང་རྡོ་བཀྲ་ཤིས་དགེ་ལེགས་འཕེལ་གྱི་གཙུག་ལག་ཁང་བཞེངས་ནས། ཆོས་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབས། བཀའ་དང་བསྟན་བཅོས་ཡོངས་སུ་རྫོགས་པ་ཕྱོགས་གཅིག་ཏུ་བསྡུས་ནས་བཀའ་གཙིགས་དཀར་ཆག་གིས་མནན། ཡང་ཟབ་མཁའ་འགྲོའི་སྙིང་ཁྲག་རྡོ་རྗེ་འཆང་གི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་གསང་སྔགས་མིང་དོན་མཐུན་པས་སྐལ་བཟང་དབང་རྣོན་གྱི་སྤྱོད་ཡུལ་དུ་བྱས་ནས་སྐལ་དམན་ལོག་སྤྱོད་ཀྱི་སླད་མི་འཇུག་པའི་བཀའ་རྒྱས་བཏབ་སྟེ་བསྟན་པ་ལ་ཕྱག་བཞེས་འགྲན་ཟླ་དང་བྲལ་བ་ཡབ་མེས་ཀྱི་དུས་ལས་ཀྱང་ལྷག་པ་མཛད་དེ་སྐབས་དེ་ཙ་ན་དབོན་སྲས་ཨུ་དུམ་བཙན་པོའི་ཐུགས་ལ་གདོན་གསོལ་གྱིས་ཐེབ་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཅུང་ཟད་སྨ་ཕབ་སྟེ་བོད་དབུས་གཙང་གི་ཡུལ་གྲུ་ན་རབ་ཏུ་བྱུང་བའི་གཟུགས་ཀྱིས་སྟོང་པར་བྱས་ཀྱང་སྐུ་ཚེ་མཐར་མ་ཕྱིན་ཏེ་མཚོན་གྲིར་གཤེགས། གསང་སྔགས་འབྲས་བུ་ཐེག་པའི་རང་ལམ་ནས་གྲུབ་པ་བརྙེས་པའི་འཕགས་ཆེན་བགྲངས་ཡས་སུ་བཞུགས་པའི་བཀའ་དྲིན་ལས་ཆོས་ཐེག་པ་ཆེན་པོ་མདོ་སྡེ་བསླབ་པ་གསུམ་དང་གསང་སྔགས་བསྐྱེད་རྫོགས་ཀྱིས་གཞུང་མན་ངག་དང་བཅས་པ་བཀའ་དང་བསྟན་བཅོས་ཟུང་དུ་འབྲེལ་བར་ཉམས་མེད་དུ་བཞུགས། དམར་གཡོ་གཙང་གསུམ་དུ་གྲགས་པའི་ཡེར་བའི་གྲུབ་ཆེན་རྣམ་གསུམ་མདོ་ཁམས་སྨད་ན་བཞུགས་པ་ལ་ཤཱཀྱ་དགེ་བ་རབ་གསལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དེ་ལས་དབུས་གཙང་མི་བཅུ་ལ་སོགས་པར་མཆེད་དེ་བསྟན་པའི་གཞི་མ་ཆོས་འདུལ་བ་རིན་པོ་ཆེ་སྨད་འདུལ་རྙིང་མའི་ལུགས་སྲོལ་ཚུགས། བོད་རྒྱལ་རབས་སིལ་བུར་འཐོར་བའི་ནང་ཚན་མངའ་རིས་པུ་རོང་གི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ལ་རྒྱལ་བསྟན་གཞི་བཞེངས་སུ་བཏང་བའི་རྣམ་དཔྱོད་གསར་དུ་འཁྲུངས་ཏེ། ལུས་སྲོག་ཆོས་ཕྱོགས་སུ་འདོར་བའི་དཀའ་སྤྱད་ཀྱི་ཁུར་ཁྱེར་དབོན་སྲས་ཞི་བ་འོད་ཀྱི་དཀའ་ལས་ཐུགས་ལ་བཞེས། མི་ཕངས་གསེར་ལ་བྱས་ནས། བདེ་གཤེགས་སྣང་བ་མཐའ་ཡས་ཀྱི་རྣམ་རོལ་སྤྲུལ་པའི་དགེ་སློང་དུ་བསྟན་པ་ལྷ་ཅིག་དཱི་པཾ་ཀ་ར་མཐོ་ལྡིང་སྤྲུལ་པའི་ལྷ་ཁང་དུ་སྤྱན་དྲངས། ལྷ་ཆོས་བདུན་ལྡན་གྱི་ཆོས་འཁོར་རྒྱུན་མི་འཆད་དུ་བསྐོར་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཆོས་ཐམས་ཅད་ཀྱི་ལག་ལེན་བསྡུས་ནས་ཆེ་ཐོབ་ཆེ་འཚེངས། ཆུང་ཐོབ་ཆུང་འཚེངས་པའི་བྱང་ཆུབ་ལམ་གྱི་རིམ་པ་བློ་སྦྱོང་བྱང་སེམས་ཀྱི་རིམ་པ་རྩལ་དུ་བཏོན་ནས་བོད་གངས་ཅན་གྱི་འགྲོ་བ་རྒྱལ་བའི་སྲས་པོ་ཁྱུ་གཅིག་ཏུ་བྱིན་གྱིས་བརླབས། འདུལ་བ་གཞི་གསུམ་གྱི་ལག་ལེན་དགེ་བདུན་ཕལ་ཆེན་སྡེ་གྱུར་གཤིས་གསར་དུ་བསྙེན་རྫོགས་བསྒྲུབས་པ་སོགས་བསྟན་པ་རྩོད་པ་ཅན་དུ་འགྱུར་བའི་རྐྱེན་དུ་དགོངས་ཏེ་མ་མཛད་ཀྱང་སྤང་བླང་ལག་ལེན་གྱི་གནད་འགག་དོན་མཐུན་ཡང་དག་གི་མཛད་པ་ཤེས་པར་བྱས་ནས། གསང་སྔགས་ཟབ་དོན་གྱི་གདམས་པ་ཆིག་རྒྱུད་ལ་དོ་ཧའི་དཀོར་མཛོད་འབྲོམ་རྒྱལ་བའི་འབྱུང་གནས་ལ་ཡང་གསང་མན་ངག་ཏུ་གདམས་ཏེ། མདོ་སྔགས་ཟུང་གི་ཉམས་ལེན། ཕྱི་འདུལ་བའི་སྤངས་བླང་གི་ཚུལ་མཛེས་ཤིང་། ནང་བྱང་ཆུབ་སེམས་ཀྱི་བསླབ་པས་རྒྱུད་གྲོལ་ཏེ། གསང་བ་གསང་ཆེན་གྱི་ཐེག་པས་གྲུབ་པ་བརྙེས་པའི་ཇོ་བོ་བཀའ་གདམས་པ་ཞེས་ཕྱི་དར་གྱི་བསྟན་པའི་ཐོག་མར་བྱུང་། མར་པ་ཆོས་ཀྱི་བློ་གྲོས་སྐྱེས་སྦྱངས་ཀྱི་ལང་ཚོ་རྣམ་པར་རྒྱས་པའི་སྔོན་སྨོན་གྱི་ཐུགས་བསྐྱེད་དུས་སུ་བབས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་དཀའ་བ་ཁྱད་དུ་བསད་དེ་ལུས་སྲོག་ལྟོས་མེད་དུ་བྱོན་ནས་པཎ་ཆེན་ནཱ་རོ་པ། མངའ་བདག་ཨ་བ་དྷུ་ཏི། གྲུབ་ཆེན་ཞི་བ་བཟང་བོ་ལ་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དུ་མ་བསྟེན་ཏེ། བཀའ་རྒྱུད་སྡེ་བཞིའི་སྙིང་ཁུ་བྱུང་བ་ཆོས་ཐེག་པ་གསུམ་གྱི་མདོ་དོན་དྲིལ་ཏེ་གང་ཟག་དབང་པོ་རྣོན་པོ་ཚེ་ལུས་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་བདེ་བླག་ཏུ་བགྲོད་པའི་གསང་ཆེན་རྡོ་རྗེའི་ཐེག་པ་རྩལ་དུ་བཏོན་ཏེ། ཐུགས་སྲས་ཀ་ཆེན་བཞི་ལ་བཀའ་བབས་ཀྱི་གདམས་པ་སོ་སོར་གཏད་པ་ལས་སྙན་རྒྱུད་ཉམས་ལེན་གྱི་ཆོས་བཀའ་མི་ལ་བཞད་པ་རྡོ་རྗེ་ལ་བབ་སྟེ་སྲས་གྲུབ་པའི་སྐྱེས་བུ་བགྲངས་བ་ལས་འདས་པ་བྱོན་ཞིང་། ཉི་མ་ལྟ་བུ་མཉམ་མེད་དྭགས་པོ་རིན་པོ་ཆེ་ནས་སློབ་མ་ཁམས་པ་མི་གསུམ་ལས་ཀརྨ་བཀའ་རྒྱུད། འབྲུག་པ། འབྲི་གུང་། སྟག་ལུང་། ཁྲོ་ཕུ་ལ་སོགས་བཀའ་རྒྱུད་ཟུང་བཞི་ཡ་བརྒྱད་དུ་གྲགས་པ་ལས་ཀྱང་། ཀརྨ་པ་རིན་པོ་ཆེའི་སྐུའི་སྐྱེ་འཕྲེང་དུ་མར་ཤར་རྒྱ་ནག་གི་དབུ་བླར་ཕེབས་ཏེ་ཆོས་སྲིད་ཟུང་གི་མཛད་པ་རྒྱ་ཆེ། འགྲོ་མགོན་ཕག་མོ་གྲུབ་པའི་སློབ་རྒྱུད་ལས་དཔལ་ལྡན་འབྲུག་པའི་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་འཕེལ་ཏེ་སྦས་པའི་རྣལ་འབྱོར་གྲུབ་པ་ཐོབ་པ་གཞལ་དུ་མེད་པ་བྱུང་། འབྲི་གུང་སྐྱོབ་པ་རིན་པོ་ཆེ་སོགས་ནས་གྲུབ་ཐོབ་ཀྱི་སྐྱེས་བུ་བགྲངས་ལས་འདས་པ་བྱུང་ཞིང་ཁྱད་པར་ལྷ་སྲས་རིན་ཆེན་ཕུན་ཚོགས་ལ་གསར་རྙིང་ཟུང་འཇུག་གི་བརྒྱུད་པའི་བཀའ་བབས་ཏེ་བསྟན་པ་ཐམས་ཅད་ཀྱི་མངའ་བདག་ཏུ་བཞུགས་པ་ནས་བརྒྱུད་པའི་སྲོལ་འཛིན་པ་དང་དགོངས་པས་བྱིན་གྱིས་བརླབས་པ་སོགས་བསྟན་པ་ལ་ཕྱག་བཞེས་འགྲན་ཟླ་དང་བྲལ་བ་བྱུང་། ཨོ་རྒྱན་སངས་རྒྱས་གཉིས་པའི་དངོས་སློབ་འཁོན་ཆེན་ཀླུའི་དབང་པོའི་མི་རྒྱུད་དང་ཆོས་རྒྱུད་ཟུང་དུ་འཇུག་པ་འཁོན་དཀོན་མཆོག་རྒྱལ་པོ་ཡབ་སྲས་ཀྱི་རིང་ལ་གསང་སྔགས་གསར་མའི་ཆོས་ལ་ཞུགས་ཏེ་སྲས་ས་ཆེན་ཀུན་དགའ་སྙིང་པོ་རྟེན་དགེ་བསྙེན་གོས་དཀར་ཅན་དུ་བཞུགས་ཀྱང་ཞང་དགོན་པ་བ་ལ་སོགས་བླ་མ་མཁས་གྲུབ་དུ་མ་བསྟེན་མགོན་པོ་བིརྺ་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། གདམས་པ་ཐམས་ཅད་ཀྱི་བཀའ་བབས་ལམ་འབྲས་བུ་དང་བཅས་པ། འབྲས་བུ་ལམ་དང་བཅས་པ། ཆེ་བ་བཅུ་གཅིག་དང་ལྡན་པའི་མན་ངག་གྲོལ་བྱེད་ཀྱི་གདམ་པས་ཐུགས་རྒྱུད་ཡོངས་སུ་གྲོལ་ཏེ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་བཞེངས་ཏེ་གདན་སའི་ཐོག་མར་མཛད། ཐབས་ལམ་འགྲོ་དོན་གྱི་སྤྱོད་པའི་རིགས་རྒྱུད་བྱིན་གྱིས་བརླབས་ཏེ་ས་ཆེན་བསོད་ནམས་རྩེ་མོ། གོང་མ་གྲགས་པ་རྒྱལ་མཚན་དང་བཅས་ས་སྐྱའི་དཀར་པོ་རྣམ་གསུམ་དུ་གྲགས་པའི་མི་རྒྱུད་གཅིག་ཏུ་བྱོན་ཞིང་ཁྱད་པར་དུ། རྗེ་བཙུན་འཇམ་པའི་རྡོ་རྗེ་ངུར་སྨྲིག་གར་གྱི་རོལ་པར་བསྟན་པས་པཎ་ཆེན་ཀུན་དགའ་རྒྱལ་མཚན་ནམ་འཁོན་སྲས་དཔལ་ཆེན་དོན་གྲུབ་འཁོན་དཔལ་ཆེན་འོད་པོའི་སྲས་སུ་འཁྲུངས། སྔོན་སྦྱང་གི་ལས་འཕྲོ་སྟོབས་སུ་གྱུར་ཏེ་ཆོས་ཐམས་ཅད་མ་བསླབ་པར་ཤེས། རྒྱ་བོད་ཀྱི་གཙུག་ལག་ཇི་སྙེད་པ་ཐོགས་མེད་དུ་གཟིགས་པའི་བློ་གྲོས་ཀྱི་རྩལ་རྫོགས་བོད་གངས་ཅན་གྱི་ལྗོངས་སུ་རིག་པའི་གནས་ཆེན་ལྔ་དང་རིག་གནས་ཕྲན་བུ་དུ་མའི་སྲོལ་བཏོད། སྒྲ་ཚད་ཀྱི་སྦྱངས་པ་མཐར་སོན་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་ལ་འཕགས་ཡུལ་མཁས་པའི་ཚོགས་ཀྱང་ངོ་མཚར་གྱི་མེ་ཏོག་འཐོར། མུ་སྟེགས་ཀྱི་མཁས་པ་འཕྲོག་བྱེད་དགའ་བོ། ཡང་དག་པའི་རྩོད་པས་ཚར་བཅད་དེ་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་བསྟན་རྣམ་པར་རྒྱལ་བའི་རུ་མཚོན་ཕྱར། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ལས་བསྙེན་པར་རྫོགས་ཏེ་གཞི་གསུམ་གྱི་ཕྱག་བཞེས་འགྲན་ཟླ་དང་བྲལ་བར་མཛད། སྔ་འགྱུར་རྙིང་མའི་ཆོས་ཀྱི་གཙོ་བོ་དཔལ་ཡང་དག་དང་རྡོ་རྗེ་ཕུར་པ་གཉིས་ལ་ཐུགས་དམ་གྱི་མཐིལ་མཛད་དེ་ཡབ་མེས་ཀྱི་ཕ་ཆོས་རྒྱུན་བསྐྱང་པས་གྲུབ་པའི་རྗེས་ཟིན། སྐུ་ཚེའི་སྨད་ཙམ་ན་ཧོར་གནམ་གྱི་རྒྱལ་པོ་སེ་ཆེན་གན་གྱི་ལུང་བྱུང་སྟེ་རྒྱ་ནག་གི་རྒྱལ་ཁབ་ཏུ་ཕེབས། མཁས་པའི་ཚུལ། བཙུན་པའི་ཚུགས། གྲུབ་པའི་རྟགས་བསམ་གྱིས་མི་ཁྱབ་པས་མཐའ་ཁོབ་ཀྱི་ཡུལ་ཁམས་ཆོས་ལ་བསྒྱུར་ཏེ། རྒྱ་བོད་ཧོར་གསུམ་དུ་འཇམ་མགོན་ས་སྐྱ་པཎ་ཆེན་ཞེས་རྒྱལ་བསྟན་ཡིད་བཞིན་ནོར་བུའི་མངའ་བདག་ཏུ་བཞུགས། དབོན་ཆོས་རྒྱལ་འཕགས་པས་ཧོར་རྒྱལ་པོའི་དབུའི་མཆོད་གནས་མཛད་དེ། བོད་ཤིང་སྒོ་ཅན་གྱི་མངའ་བདག་ཏུ་གྱུར། བསྟན་པ་ཡོངས་སུ་རྫོགས་པའི་མཁྱེན་དཔྱོད་ཕུལ་དུ་བྱུང་བའི་ཆོས་སྲིད་ལུགས་གཉིས་ཀྱི་སྣང་བས་གངས་ལྗོངས་ཉིན་མོར་བྱེད་པ་དཔལ་ལྡན་ས་སྐྱ་བ་ཞེས་གྲགས་པ་སྲིད་པའི་ཁྱོན་དུ་ཤོང་དཀའ་བ་ཙམ་དུ་བྱུང་། ཕྱི་མའི་དུས་འདིར་རྗེ་བཙུན་བསྟན་པའི་འཁོར་ལོ་རིག་གྲོལ་སྤྲུལ་པའི་དགེ་སློང་དུ་ཞལ་བསྒྱུར་བ་མཉམ་མེད་བློ་བཟང་གྲགས་པ་ཤར་ཙོང་ཁའི་ཡུལ་གྲུ་རྒྱ་བོད་གཉིས་ཀྱི་སོ་མཚམས་སུ་སྐུ་བལྟམས། ཀརྨ་པ་རོལ་པའི་རྡོ་རྗེ་ལས་རབ་ཏུ་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་རྟགས་ཀྱི་ཆེ་བའི་ཕྱི་འདུལ་བའི་ཕྱག་བཞེས་ལ་ཐོག་མར་སྦྱངས། ཇོ་བོ་བཀའ་གདམས་པའི་བརྒྱུད་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་ཐུགས་བསྐྱེད་ལམ་གྱི་རིམ་པ་གསན་ཏེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྙིང་རྗེ་ནོར་བུའི་རྒྱན་ལ་གཙིགས་སུ་བྱས་ཏེ་སྤྱོད་ཕྱོགས་རྒྱ་ཆེའི་གཞུང་བསྲངས། དཔལ་ལྡན་ས་སྐྱའི་མཁས་པ་རེ་མདའ་བ་གཞོན་ནུ་བློ་གྲོས་ལས་ཟབ་མོ་དབུ་མའི་ལྟ་བ་རྣམ་དཔྱོད་རིགས་ལམ་གྱིས་གཞལ་བའི་མན་ངག་ཐོས་པའི་མཐའ་རྒྱ་བཅད་དེ་ཟབ་མོ་ལྟ་བའི་ལུགས་ལ་འགྲན་ཟླ་དང་བྲལ། གསང་སྔགས་རྙིང་མའི་གྲུབ་ཆེན་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལས་ཆོས་ཉིད་གཅེར་མཐོང་དུ་སྟོན་པའི་ཉམས་ལེན་གནད་ཀྱི་ངོ་སྤྲོད་ཞུས་ཏེ། ཐུགས་ཀྱི་དོགས་པ་ཐམས་ཅད་ཡོངས་སུ་བཅད་ནས་གདམས་ངག་ཚིག་གཅིག་ཏུ་འདུས་པ་རང་བཞིན་རྫོགས་པ་ཆེན་པོའི་ཉམས་ལེན་བྱིན་བརླབས་ཀྱི་རྒྱུད་ལས་གྲུབ་པའི་ས་མཐོར་གཤེགས་པའི་ཐོས་གྲོལ་ཅིག་ཆར་དུ་གྱུར་པས་ཐུགས་དགྱེས་རྩེར་སོན་ཏེ། ཇི་སྐད་དུ། ལས་ཀྱི་རྡོ་རྗེ་བླ་མའི་མཆོག །བློ་བཟང་གྲགས་པ་སློབ་མའི་མཆོག །བདུད་རྩི་སྨན་མཆོག་ཆོས་ཀྱི་མཆོག །ཅེས་ཆེད་དུ་བརྗོད་པའི་ངོ་མཚར་གྱི་གླེང་གཞི་འགྲན་ཟླ་བྲལ་བའི་རོལ་མོ་དཀྲོལ་ཏེ། རྒྱལ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་གྱུར། གཞུང་ལུགས་གདམས་པར་ཤར་བ་དང་། བསྟན་པ་འགལ་མེད་རྟོགས་པའི་རྣམ་དཔྱོད་བླ་ན་མེད་པས་བྱང་ཆུབ་ལམ་གྱི་རིམ་པ་དང་། མདོ་སྡེ་རྒྱུ་འབྲས་ཀྱི་ཆོས་དང་། ཟབ་མོ་དབུ་མའི་ལྟ་བ་ཟུང་དུ་འཇུག་པའི་མན་ངག་ཉམས་ལེན་གྱི་ཁྲིད་ཚུལ་རྣམ་པར་དག་པས་ཐུན་མོང་གི་གདུལ་བྱ་རྗེས་སུ་འཛིན་ཞིང་གསང་སྔགས་ལམ་གྱི་རིམ་པ་བཤད་པ་རྒྱུད་དང་འབྲེལ་ཞིང་། ཉམས་ལེན་གདམ་ངག་དང་འབྲེལ་བ་སྐུ་རྒྱུད་འཇམ་དཔལ་དཔའ་བོའི་བསྐྱེད་རྫོགས་དང་བཅས་པའི་དབང་རྣོན་ཚེ་གཅིག་གིས་གྲོལ་བའི་ཉེ་ལམ་སྟོན་ཞིང་། ཡང་གསང་བླ་ན་མེད་པའི་ལྟ་སྒོམ་རྩོལ་བྱས་ལས་འདས་པའི་སྙན་རྒྱུད་གདམས་པའི་ཆུ་བོའི་གང་ཟག་ཤིན་ཏུ་དབང་རྣོན་ཐོས་གྲོལ་ཅིག་ཆར་དུ་བྱེད་པའི་མན་ངག་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་སོགས་སྐལ་བཟང་གི་སྐྱེས་བུ་རྣམས་ལ་ཡང་གསང་ཐུགས་ཀྱི་མན་ངག་ཏུ་གནང་ནས། ལྷ་ལྡན་སྨོན་ལམ་ཆེན་མོ་ལ་སོགས་བསྟན་འགྲོ་ལ་ཕན་པའི་བྱ་བ་ལས་ཀྱི་འཁོར་ལོ་འགྲན་བྲལ་དུ་མཛད། འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ་གདན་སའི་མཐིལ་མཛད། ཕྱི་འདུལ་བའི་ཀུན་སྤྱོད་དངོས་གཙང་མའི་སྦྱང་བའི་ཡོན་ཏན་བཅུ་གཉིས་དང་ལྡན་པའི་སྤྱོད་པ་མཐའ་གཉིས་ལ་མི་གནས་པའི་སྲོལ་བསྐྱངས་ཏེ་རྒྱལ་བ་དགྱེས་པའི་མཛད་པ་ལྷུར་ལེན་པ་ལས་ཆོས་བརྒྱད་དོན་དུ་གཉེར་བའི་མི་ཆེན་གྱི་ལད་མོ་མི་མཛད། ནང་དུ་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་གྲོལ་ཏེ་སྙིང་རྗེ་ཆེན་པོའི་ཁུར་འཛིན་ཞིང་ཕ་རོལ་ཕྱིན་པའི་སྤྱོད་པ་ལ་དགྱེས་པའི་གཞན་ཕན་འབའ་ཞིག་ལྷུར་ལེན་ཕྱོགས་འཛིན་གྱི་འཁྲུགས་པ་སློང་བ་དང་། མངའ་འབངས་ཚར་གཅོད་ཀྱི་དབང་བསྒྱུར་བ་ལ་སོགས་གཞན་གནོད་གཞིར་བཅས་ལ་རྩ་བ་ནས་མི་དགྱེས། གསང་བ། གསང་ཆེན་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཉམས་ལེན་གྱི་གདམས་པས་གྲུབ་པའི་ས་མཐོར་གཤེགས་ཏེ་ཆོས་ཉིད་བློ་བྲལ་དུ་རྟོགས་པས་ཚུལ་ཁྲིམས་མཆོག་འཛིན་གྱི་གོལ་ས་དང་ཡིད་དཔྱོད་རྩོལ་བཅས་ཀྱི་ལྟ་བ་ལ་བློ་ཕུག་མི་གཏད་པའི་རྒྱལ་བ་སྲས་དང་བཅས་པའི་ཞལ་སྐྱིན་དུ་བཞུགས་ཏེ། སྐལ་བཟང་ལས་ལྡན་གྱི་སློབ་རྒྱུད་ཆོས་མཐུན་དམ་པའི་རྗེས་འཇུག་བགྲངས་བ་ལས་འདས་པ་བྱུང་ཞིང་རྒྱལ་བསྟན་གཞི་བཞེངས་སུ་སློང་བའི་བདག་རྐྱེན་བླ་ན་མེད་པ་མཛད་པ་ཡིན་ལ། མཐུན་འཇུག་ལྟོ་གོས་ལ་ལྟ་བ་དང་། ཆགས་སྡང་ཆོས་བརྒྱད་ལ་ཞེན་པའི་དུས་མཐའི་རབ་བྱུང་གདུལ་བར་དཀའ་བའང་རྗེ་འདི་ཉིད་ཀྱི་མཚན་ཙམ་རྣ་བར་སོན་པ་རྒྱུ་མཚན་དུ་བྱས་ཏེ་གྲུབ་མཐའི་འཛིན་པ་ས་ཆེན་པོའི་རྡུལ་ལས་ཀྱང་མང་ངོ་། །དེ་དག་ཐམས་ཅད་ལས་ཀྱང་ཁྱད་པར་དུ་གྱུར་པ་འོད་གསལ་རྡོ་རྗེ་སྙིང་པོ་ཟབ་དོན་སྙིང་གི་ཐིག་ལེ་མན་ངག་རྫོགས་པ་ཆེན་པོའི་གདམས་པ་ཡིན་ཏེ། དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་རིག་འཛིན་དགའ་རབ་རྡོ་རྗེ་སངས་རྒྱས་མི་གཟུགས་སུ་བྱོན་ཏེ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཆོས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན་ནས་པཎ་ཆེན་འཇམ་དཔལ་བཤེས་གཉེན་ལ་གནང་བ་ནས་བརྒྱུད་དེ། རྒྱ་ནག་པོའི་སློབ་དཔོན་ཤྲཱི་སེང་ཧ། ཨོ་རྒྱན་སངས་རྒྱས་གཉིས་པ། ཁ་ཆེའི་པཎ་ཆེན་བི་མ་མི་ཏྲ་སོགས་ཟག་མེད་འོད་སྐུར་གཤེགས་ཏེ་འཕོ་ཆེན་ཟུང་འཇུག་གི་སྐུར་བཞེངས་པའི་མི་སློབ་པའི་གང་ཟག་དུ་མར་སྙན་ནས་སྙན་དུ་བརྒྱུད་པ་ལས་ཕྱི་མའི་དུས་འདིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་འཇམ་པའི་རྡོ་རྗེའི་རྣམ་པར་འཕྲུལ་པ་གྲུབ་པའི་རྡོ་རྗེ་འཛིན་པའི་ཚུལ་དུ་ཕེབ་པ་སྟེ། གཡོ་རུ་གྲྭའི་ཕུ་རུ་སྐུ་བལྟམས། ཆུང་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་རྗེས་སུ་ཞུགས་ཏེ་ཁྱིམ་པའི་རྟགས་དོར། གསང་ཕུ་ནེའུ་ཐོག་ཏུ་བླ་བྲང་བ་ཆོས་དཔལ་རྒྱལ་མཚན་ལ་སོགས་མཁས་པ་དུ་མའི་ལེགས་བཤད་ལ་གསན་བསམ་མཛད་དེ། ཆོས་སྡེ་སྣོད་གསུམ་གཞུང་བཤད་པ་ལ་ཉམས་ལེན་གཞི་སེམས་བསྐྱེད། སྒྲུབ་བྱེད་ཚད་མ་དང་བཅས་པར་འགྲན་ཟླ་བྲལ་བའི་མཁས་གྲུབ་ཏུ་གྱུར་ཏེ། བསམ་ཡས་ལུང་མང་པའམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཞེས་རྩོད་པ་ཐམས་ཅད་དང་བྲལ་བའི་དོན་གྱི་པཎྜི་ཏར་བཞུགས་པ་ས་སྐྱ་བཀའ་རྒྱུད་ལ་སོགས་པའི་གཞུང་གི་བཤད་པ། མན་ངག་གིས་ཁྲིད་དུ་མ་ཡང་གསན་བསམ་གྱིས་ཉམས་བཞེས་མཛད་དེ། བསྟན་པ་ཐམས་ཅད་ཀྱི་བདག་པོར་གྱུར། ཁྱད་པར་དུ་ཡར་སྟོད་སྐྱམ་གྱི་ཕུར་རིག་འཛིན་ཀུ་མ་རཱ་ཛ་ལས་འོད་གསལ་རྡོ་རྗེ་སྙིང་པོ་སྙིང་ཐིག་མན་ངག་གི་སྡེ་བ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པའི་མངོན་སུམ་གནད་ཀྱི་ངོ་སྤྲོད། སངས་རྒྱས་ལག་བཅང་གི་གདམས་པ་གསན་ཏེ། ཕུར་ཚུགས་སུ་ཉམས་སུ་བླང་བས་དགོངས་པའི་གསང་མཛོད་རྡོལ། བློས་བྱས་ཀྱི་འཛིན་པ་དག །ཡང་དག་པའི་ཆོས་ཀྱི་གཏེར་ཆེན་པོ་ལ་དབང་བསྒྱུར་ཏེ་བསྟན་པ་ཐམས་ཅད་ཀྱི་གནད་སྟོན་ཅིང་འོད་གསལ་རྫོགས་པ་ཆེན་པོའི་གྲུབ་མཐའ་གཙོ་བོར་སྟོན་པ། མཛོད་ཆེན་བདུན། སྙིང་ཐིག་ཡ་བཞི། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་ལ་སོགས་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དངོས་དང་ཁྱད་པར་སྤུ་ཙམ་ཡང་མེད་པའི་བསྟན་བཅོས་བསམ་གྱིས་མི་ཁྱབ་པས་བསྟན་པ་སྤྱི་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གཞི་བཞེངས་སུ་བསླངས། གྲུབ་པའི་ས་མཐོར་གཤེགས་པས་ཆོས་སྐྱོང་མ་གཟའ་དམ་གསུམ་ལ་སོགས་གཡོག་ཏུ་བཀོལ་ནས་སྣག་ཚ་འདུལ་བ་དང་ཤོག་བུ་མཉེ་བ་ཡན་ཆད་ཀྱི་ལག་ལས་བྲན་ལྟར་དུ་བསྐོ། རྒྱུད་སྡེ་བཞི་དྲུག་གསར་རྙིང་གི་ལྷ་དང་གནས་གསུམ་གྱི་མཁའ་འགྲོ་རྣམས་ཚོགས་ཀྱི་མཆོད་པའི་དངོས་གྲལ་དུ་འབྱོན་ཞིང་མི་དང་མི་ལབ་པ་བཞིན་དུ་མཛད། དངོས་པོ་དངོས་མེད་དང་། དངོས་མེད་དངོས་པོར་བསྒྱུར་བ། དུས་གསུམ་གྱི་ལྐོག་གྱུར་ཇི་བཞིན་དུ་གཟིགས་པ་ལ་སོགས་གྲུབ་པའི་སྤྱོད་པ་མཐའ་ཀླས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་ཡོངས་སུ་གང་བས་འཇིག་རྟེན་གྱི་འགྲོ་བ་མཆོག་དམན་འབྲིང་གསུམ་ལ་མ་གཅིག་པུའི་བུ་ལྟར་ཐུགས་རྗེས་རྗེས་སུ་དགོངས་ཏེ་རང་རང་གི་སྐལ་བ་དང་འཚམས་པའི་ཆོས་ཀྱིས་རྗེས་སུ་བཟུང་སྟེ་ཐར་པའི་ལམ་བླ་ན་མེད་པའི་གོ་འཕང་ལ་གཅིག་ཆར་དུ་དཀྲི་བ་སོགས་བོད་མཁས་གྲུབ་བགྲངས་ལས་འདས་པ་དེ་དག་གིས་ཀྱང་འགྲན་ཟླ་དང་བྲལ་བས་རྒྱུ་སྐར་གྱི་དབུས་ན་ཟླ་བའི་དཀྱིལ་འཁོར་ཉ་གང་བ་བཞིན་དུ་གྱུར་ཀྱང་། འཇིག་རྟེན་གྱི་ཆོས་བརྒྱད་ལ་གཏན་ནས་མི་དགྱེས་པས། སྟོབས་འབྱོར་གྱིས་ཁེངས་བ་དང་། གདན་སའི་རྣམ་དཔྱོད་ལ་སོགས་སྙིགས་མའི་རབ་བྱུང་གི་ལད་མོ་མི་མཛད་པར་སྦྱང་བའི་ཡོན་ཏན་ལ་གནས་པའི་དགེ་སློང་སྡེ་སྣོད་འཛིན་པར་གྱུར་ཏེ། སངས་རྒྱས་ཀྱི་བསྟན་པའི་བདག་པོར་བཞུགས་པ་ཡིན་ལ། སྙིགས་མའི་དུས་འདིར་ཆོས་ཡང་དག་པའི་ཉམས་ལེན་དང་བཤད་སྒྲུབ་ཀྱི་རྒྱུན་ནུབ། རང་རང་གི་གྲུབ་མཐའི་གནད་མི་ཤེས་པའི་སྔ་འགྱུར་པར་རློམ་པ་རྣམས་ཀྱང་། སྒྲུབ་ཕྲིན་དང་དབྱངས་རོལ་ཙམ་ལ་ཆོས་ཀྱི་སྙིང་པོར་བྱེད། གསར་མ་པ་རྣམས་ཀྱང་ཁ་ཤག་དང་བཤད་རལ་ཙམ་ལས་གནད་ཀྱི་ཉམས་ལེན་བྱེད་པའི་གང་ཟག་དཀོན་པར་གྱུར་བའི་གནས་སྐབས་འདིར། ཇི་སྐད་དུ་བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ། །ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན། །འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་། །ཞེས་པ་ལྟར། ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པ་གཡོ་རུ་ཡུལ་གྱི་དབུས་སུ་སྐུའི་སྐྱེ་བ་བཟུངས། ལོ་གསུམ་དུ་ཉམས་ལེན་ཆིག་སྒྲིལ་དུ་མཛད་པས་རང་བྱུང་གི་རྟོགས་པ་རྒྱུད་ལ་སྐྱེས། ཆོས་ཐམས་ཅད་མ་བསླབ་པར་ཤེས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་དྲི་མེད་འོད་ཟེར་གྱི་ཞལ་ལན་གསུམ་དུ་མཇལ་ཏེ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། བསྟན་པ་ཐམས་ཅད་ཀྱི་བདག་པོར་དབང་བསྐུར། ཆོས་ཐམས་ཅད་དགོངས་བརྒྱུད་གཅིག་ཏུ་བྱིན་གྱིས་བརླབས་ཏེ་རྒྱལ་བའི་རྒྱལ་ཚབ་ཏུ་མངའ་གསོལ་བ་ནས་བཟུང་སྟེ། སྟོད་རྒྱ་གར་གྱི་ཡུལ་གྲུ་ཕྱིན་ཆད། སྨད་རྒྱ་ནག་གི་ཆུ་མཐའ་ཡན་ཆད་ཀྱི་མངའ་རིས་སྐོར་གསུམ། མདོ་ཁམས་སྒང་དྲུག །དབུས་གཙང་རུ་བཞི། མོན་ཁ་སྣ་བཞི། རྒྱལ་མོ་རོང་གི་རྒྱལ་ཁག་བཅོ་བརྒྱད། ཨོ་རོད་སྡེ་བ་ཚོ་བཞི། བོད་སྡེ་སྦྲ་ནག་ཁག་གསུམ་ཚུན་ཆད། ཆོས་བརྒྱུད་དང་སློབ་བརྒྱུད་ཀྱིས་གང་རྙིང་མ་རང་རྐང་མ་ནོར་བའི་ཀུན་མཁྱེན་ཀློང་ཆེན་པའི་ཆོས་ལུགས་ཞེས་བསྟན་པ་ཐམས་ཅད་ཀྱི་གནད་ཚང་བ། མན་ངག་ཐམས་ཅད་ཀྱི་བཅུད་འདུས་པ། རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་ཕྱུང་བ། བཤད་པ་དང་སྒྲུབ་པ་ཟུང་དུ་འཇུག་པའི་ཆོས་ཉིད་གཅེར་མཐོང་དུ་རྟོགས། ཆོས་ཅན་རྟེན་འབྲེལ་དུ་ཤེས་པས་ཟབ་པ་ལས་ཀྱང་ཟབ་པའི་གྲུབ་མཐའ་ཀུན་གྱི་རྩེ་མོར་གྱུར་པ་འདི་ལྟར་དུ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་ཤེས་པ་ལ་མཁས་པ་ཟེར་གྱི་ཕྱོགས་མཐོང་ཙམ་ལ་བསྔགས་སུ་མེད་པས་ལོ་རྒྱུས་ཀྱིས་དག་ཐོན་པ་ཞེས་ཕོ་རྩལ་སྣ་དགུའི་ཡང་རྩེར་བཤད་པ་བཞིན་དོན་འདི་དག་སེམས་ལ་ངེས་པར་བྱས་ཏེ་གནད་ཟབ་མོ་མཁས་པའི་ངག་ལས་ཀྱང་བསླབ་ནས། དོན་བཤད་པ་རང་ཡུལ་གྱི་གཏམ་དང་སྦྱར་ནས་སྙན་ལ་གོ་བདེ་བ། འབྲེལ་ལ་གཅོད་མཚམས་ལེགས་པ། རང་བློས་འཕྲལ་དུ་བྱས་པ་ལྟ་བུ་ཞིག་མ་བྱུང་ན། བླུན་པོས་གོ་དཀའ་སྟེ། བླ་མས་ལུང་འདོན་པ་དང་འདྲ། མཁས་པས་ཐུགས་ཁྲེལ་ཏེ་བྱིས་པས་ལད་མོ་ཟློས་པ་དང་འདྲ་བས། གཏམ་གྱི་གོལ་ས་མེད་པ་ཞིག་ཅིས་ཀྱང་ཤེས་པར་བྱ་དགོས་ལ། མས་གཏམ་འཇིག་རྟེན་གྱི་ལུགས་དང་སྦྱར་ན། གོང་ན་རྗེའི་གདུང་རབས། འོག་ན་འབངས་ཀྱི་མི་རབས། སྟོང་སྡེ་སྲིད་པའི་ཆགས་ཚུལ་དང་གསུམ་དུ་ཤེས་པར་བྱ་དགོས་ལ། བསྐལ་རབས་བཞིའི་དང་པོ། འཛམ་གླིང་ཆགས་ནས་རིང་པོར་མ་ལོན་པའི་གནས་སྐབས་ན། སྟེང་ན་དཔོན་མེད་དེ་མི་ལ་དྲག་ཞན་མེད། འོག་ན་འབངས་མེད་དེ་དབུལ་པོའི་ཐ་སྙད་མེད་པའི་གནས་སྐབས་ན། མི་ཐམས་ཅད་ནམ་མཁའ་ལ་འགྲོ། བདུད་རྩིའི་ཟས་ཟ། རྫུ་འཕྲུལ་གྱི་རྟ་ཞོན། རང་འོད་ཀྱིས་སྣང་བ་བྱེད་པའི་བསྐལ་པ་རྫོགས་ལྡན་དང་པོ་ཞེས་གྲགས་ལ་དེ་ནས་རིམ་གྱིས་ཟ་ཐད་དང་བསོད་ནམས་ཕྲི། འབྲས་སཱ་ལུའི་ཞིང་ལ་སྤྱོད་པའི་སྐབས་སུ་བྱུང་སྟེ་ཞིང་ལ་བགོ་བཤའ་བྱས། རང་གཞན་གྱི་ཕྱོགས་འཛིན་བྱུང་། རྒྱལ་པོ་ལ་སྔ་བ་མང་པོས་བསྐུར་བའི་རྒྱལ་པོ་བྱུང་སྟེ། རྒྱ་གར་འཕགས་པའི་ཡུལ་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བགྲངས་པར་དཀའ་བ་བྱུང་བ་ནས་དྲི་མེད་ཤཱཀྱའི་རྒྱལ་རྒྱུད་ཅེས་རྒྱལ་རིགས་ཀུན་གྱི་མཆོག་ཏུ་གྲགས་ཤིང་། རྒྱལ་ཕྲན་ཕལ་པ་ཡུལ་རེ་རེར་དུ་མར་བྱུང་བ་ནི་རང་རང་གི་སྲིད་ལ་གྲགས་ཆེ་བ་ཙམ་ལས་བཤད་པར་ཡང་མི་ལྡང་ལ། བོད་གངས་ཅན་གྱི་ལྗོངས་འདིར་ནི། དང་པོ་ཡུལ་ཁམས་རྒྱ་མཚོར་གནས་པ་ལས་རིམ་གྱིས་ལྗོངས་སུ་ཆགས་ཏེ། མི་དང་མི་མིན་གྱི་འགྲོ་བས་གང་བར་མཆེད་པ་ལས་རིམ་པ་བཞིན་དུ་དང་པོ་མི་མིན་གྱི་དབང་དུ་བྱས་ཏེ་མ་སང་སྤུན་དགུས་རིམ་པར་དབང་བསྒྱུར། བར་དུ་མི་ཡི་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། གནམ་ལྷ་ཡི་ཡུལ་ནས་དམུ་སྐས་ཐེམས་པ་ལས་བརྒྱུད་དེ་མགོ་ནག་བོད་ཀྱི་རྒྱལ་པོར་ཕེབས་པ་ནས་གནམ་ལ་ཁྲི་བདུན། ས་ལ་ལེགས་དྲུག །བར་ལ་བཙན་ལྔ། ཚིག་ལ་སྡེ་བརྒྱད། སྐྱིད་པའི་གདུང་རབས་བཅུ་གསུམ། ཤིན་ཏུ་སྐྱིད་པའི་གདུང་རབ་ལྔ། རྒྱལ་རབས་སིལ་མ་བཅུ་དྲུག་ཏུ་གྲགས་པ་ལ་སོགས་དུ་མ་བྱུང་བ་ཡིན་ལ། དེ་དག་ལས་ཁྱད་པར་དུ་གྱུར་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ། ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ་པ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྦྲམ་ལ་ལྕི་བའི་ལུགས་གཉིས་ཁྲིམས་ཀྱི་སྲོལ་བཏོད། ངན་བྱེད་ལ་ཆད་པ་བཅད། བཟང་བྱེད་ལ་གཏང་རག་བྱིན། མཁས་བླུན་ལ་ཁྱད་པར་བྱས། ཡ་རབས་ཀྱི་གཞུང་བསྲངས། མ་རབས་ཀྱི་སྲོལ་བསྣུབ། བཀའ་གཙིགས་ཀྱི་ཡི་གེ་བྲིས་ཏེ་བོད་ཁྲིམས་མེད་ལ་ཁྲིམས་ཀྱི་སྲོལ་བཏོད། མི་དཔོན་མེད་ལ་ཤོག་གི་དཔོན་བསྐོས། རྒྱལ་རབས་ཀུན་ལས་འགྲན་ཟླ་བྲལ་བར་གྱུར་ཏེ། ལྷ་སྲས་བརྒྱུད་པ་གསུམ་གྱི་རིང་ལ། ཡབ་མེས་ཀྱི་སྲོལ་བཟུང་། གླང་དར་མ་ཨུ་དུམ་བཙན་པོས་ཆོས་ཁྲིམས་ཀྱི་སྲོལ་བསྣུབས། རྒྱལ་ཁྲིམས་ཤུགས་ཀྱིས་ཞིག །རྒྱལ་རབས་སིལ་བུར་འཐོར། གོང་དཔོན་ལ་སྤྱི་ཁྲིམས་མེད་པའི་གནས་སྐབས་ན། ལྷ་སྲས་རྩེ་སྡེའི་བརྒྱུད་པ་ལས། སྟོད་མངའ་རིས་སྐོར་གསུམ་ལ་དབང་བསྒྱུར་ཏེ་བོད་བྱེ་བྲག་ལ་དབང་བའི་རྒྱལ་པོ་རིམ་བྱོན་ཏེ་ལུགས་གཉིས་ཀྱི་སྲོལ་རིམ་པར་དར། ཕྱི་ནས། འགྲོ་མགོན་ཆོས་རྒྱལ་འཕགས་པ་གནམ་སེ་ཆེན་རྒྱལ་པོའི་དབུ་བླར་ཕེབས་ཏེ། བོད་ཁྲི་སྐོར་བཅུ་གསུམ་དབང་ཡོན་དུ་ཕུལ། བོད་སྤྱི་ལ་དབང་བའི་དཔོན་ཆེན་ཤཱཀྱ་བཟང་པོ་སོགས་བསྐོས་ཏེ་ཁྲིམས་སྲོལ་ཧོར་དང་བསྟུན་པས། བཟང་ལ་གཏང་རག་དང་། ངན་ལ་ཆད་པ་བྱས། མགར་བློན་རིག་པ་ཅན་གྱི་བུ་རྒྱུད་མདོ་ཁམས་སྨད་ཀྱི་ཡུལ་གྲུར་བྱོན་ཏེ། སྡེ་དགེ་བླ་མ་ཞེས། མཚན་སྙན་གྱི་ཅོད་པཎ་དང་ལེགས་བྱས་ཀྱི་དབུ་འཕང་གསར་དུ་འབོས་ཏེ། སྨད་གླིང་ཁམས་ཀྱི་ཡུལ་གྲུ་ཕལ་ཆེར་ལ་དབང་བསྒྱུར། སྨད་ཤར་སྡེ་འབྲོག་པའི་མི་རྒྱུད་དང་། ལྷོ་རོང་སྡེ་ཁང་ཞིང་གི་བདག་པོ་རྫོང་ཁག་ཉི་ཤུ་རྩ་ལྔ། སྟོང་སྡེ་ཁྲི་སྐོར་མང་པོའི་རྒྱལ་པོར་གྱུར་ཏེ། གོང་མ་གནམ་གྱི་རྒྱལ་པོའི་བཀའ་ཤེལ་དམ་ལག་ཏུ་བཞག །ཐོབ་འཕྲུ་ཏོག་མགོ་ལ་བཙུགས། སྡེ་རང་ཐོབ་ཧོ་བཅུར་བྲིས་ནས་བསྐོས་པ་རྒྱས་མཛད་ཀྱང་། མཛད་པ་བོད་ཀྱི་སྲོལ་དུ་བྱས་ཏེ། བོད་སྔ་རབས་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཁྲིམས་སྲོལ་རྒྱུན་བསྐྱངས་ཏེ་ཉེས་ཅན་ལ་ཆད་པ་བྱས། སྡིག་ཅན་ལ་ཁྲིམས་ལུང་བསྟན། རྐུན་པོ་ལ་ཆད་འཇལ་ལེན། མི་བསད་ལ་རྒྱུ་སྟོང་འཇལ། བསད་པ་དང་རྐུ་བ་ཉེས་པའི་ཆེ་ཤོས་སུ་བྱས་ཏེ་དགེ་བ་བཅུའི་ཁྲིམས་བཙུགས། ལྔ་ལ་ལྔ་དཔོན། བཅུ་ལ་བཅུ་དཔོན། སྡེ་ལ་སྤྱི་དཔོན། ཡུལ་ལ་རྫོང་དཔོན་བསྐོས་ཏེ་རྒྱལ་རབས་རིམ་པར་བརྒྱུད་པ་ནས། ད་ལྟའི་ལྷ་སྲས་མི་ཡི་རྗེ་བོ་འཇིགས་བྲལ་ཚེ་དབང་རྡོ་རྗེ་ཞལ་དངོས་སུ་བཞུགས་པ་འདི་ནི་སྟེང་ན་རྗེའི་གདུང་རབས་ཞེས་ཟེར་ལ། སྤྱིར་ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས། ནང་བཅུད་ཀྱི་སེམས་ཅན་ཡས་ནས་མར་ཆགས། སྲིད་རྩེ་བསམ་གཏན་གྱི་ལྷ་ལས་ཟག་བཅས་ནམ་མཁའ་ལ་བརྟེན་པའི་འདོད་པའི་ལྷ་རིགས་དྲུག་ཏུ་ཆགས་ཏེ། གླིང་གསུམ་འོད་གསལ་ལྷ་ལས་ཆད། བྱང་གླིང་རྩ་གསུམ་ལྷ་ལས་ཆད་དེ་བར་གླིང་བཞི་སྲིད་པའི་མི་རུ་བྱུང་། དེ་ལས་ཀྱང་ལྷོ་འཛམ་བུ་གླིང་པ། བསོད་ནམས་ཆོས་ཀྱི་ཡུལ་གྲུ། བདེ་སྐྱིད་ལས་ཀྱི་ས་པ། སྐལ་བཟང་ཐུབ་པའི་གདུལ་ཞིང་། སྟོད་རྒྱ་གར་ལྷ་ལས་ཆད་དེ་དཔལ་དང་རིགས་གཟུགས་བཟང་། ཡ་རབས་ཀྱི་སྲོལ་མང་། མཁས་པའི་རིག་པ་རྩི། ལྷ་ཆོས་ཀྱི་གྲོལ་ཕུགས་སུ་བྱུང་། སྨད་རྒྱ་ནག་ཀླུ་ལས་ཆད་དེ། ནོར་དང་ལོངས་སྤྱོད་ཆེ། ཁྱད་ནོར་གྱི་ཡོ་བྱད་མང་། ཕྱུག་པོའི་ཟས་གོས་ལ་རྩི། ཁྲིམས་སྲོལ་གྱི་གྲོལ་ཕུགས་སུ་བྱུང་། བར་སོག་སྡེ་ལྷ་མིན་ལས་ཆད་དེ། དཔའ་རྩལ་དང་བརྟུལ་ཕོད་ཆེ། མཚོན་ཆའི་སྒྱུ་ཐབས་ལ་མཁས། དཔའ་བོ་དང་ཧ་ཤག་ལ་རྩི། འཐབ་པའི་གྲོལ་ཕུགས་སུ་བྱུང་། བོད་སྤྲེའུ་དང་བྲག་སྲིན་ལས་ཆད་དེ་མི་དང་འདྲེ་རུ་འབྲེལ། ཁ་ཡང་ལ་ཞེ་གནག །རིགས་སྔོན་བྱུང་དང་བསྟུན་པའི་བོད་མི་བུ་གདུང་དྲུག །སྟོད་མངའ་རིས་སྐོར་གསུམ་རྫིང་ལྟ་བུ། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུ་སྟེ། བོད་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དུ་གྱུར། སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་དུ་དར། རྒྱ་གར་མཁས་པའི་བསྟན་བཅོས། བོད་རྗེ་རྒྱལ་པོའི་ཁྲིམས་སྲོལ། རང་སྡེ་ཡུལ་གྱི་སྤྱི་སྲོལ། འདྲ་ལ་ཁྱད་ཆོས་མང་པའི། མི་ཆོས་ཀྱི་ལུགས་ཀ་ཤེས། ལྷ་ཆོས་ཀྱི་ལོ་རྒྱུས་ཞིབ། ཕོ་མཁས་ན་ཕོ་རྩལ་སྣ་དགུ་དང་། ཉམས་མཚར་བའི་རྩེད་མོ་སྣ་དགུ། མི་ཡ་རབས་ཀྱི་དམ་པའི་གནས་ལྔ་ཞེས། སྒྱུ་རྩལ་ལ་གཞི་བཅོལ། ཟས་གོས་ལ་རྒྱན་བྱས། ལོངས་སྤྱོད་ལ་འཕེལ་རྩི། མཁས་པའི་གྲགས་པ་འདོན། བཟང་པོའི་ཡོན་ཏན་བསྟོད། ལྷ་ཆོས་རྒྱ་གར་དང་བསྟུན། ཚོང་སྲོལ་རྒྱ་ནག་དང་བསྟུན། གཡུལ་འཁྲུགས་ཧོར་སྡེ་དང་བསྟུན། ཁྲིམས་སྲོལ་རང་ལུགས་སུ་སྐྱོངས་བའི་བོད་གངས་ཅན་གྱི་ལྷ་སྡེ་མང་ལ་རྒྱ་ཆེ། བཟང་ལ་གྲལ་འཛོམ། མཐུན་ལ་ཡ་རབས་པ་ཤ་སྟག་ཏུ་བྱུང་སྟེ། ཕོ་བྱུང་ཚད་འཕགས་པའི་དགེ་བསྙེན་དང་། མོ་བྱུང་ཚད་ཆོས་ཀྱི་ལྷ་མོར་གྱུར་བས། བྱིས་པ་ལོ་གསུམ་གྱི་དུས་ནས་ཨ་མ་དང་མ་ཎི་མཉམ་དུ་ཟློས་པའི་བསྟན་པ་ལ་མ་ཞུགས་པའི་གང་ཟག་མེད་ལ། དཀོན་མཆོག་ལ་མི་དད་པའི་གྲུབ་མཐའ་མེད་པས་བོད་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཞེས་ཁྱད་པར་འཕགས་པའི་གཏམ་སྲོལ་དུ་བྱུང་ལ། དེ་ལས་ཀྱང་ཕོ་བྲང་དམར་པོའི་རི་ལ་ཆོས་སྲིད་ཟུང་དུ་འཇུག་པའི་རྒྱལ་ཁྲིམས་ལྷ་ཆོས་སུ་སྐྱོངས་པས། མི་སྡེ་ལས་ལྷ་སྡེ་མང་། མི་ནག་ལས་རབ་བྱུང་མང་། ལྷ་ཤཱཀྱ་མུ་ནེ་སྟོན་པའི་རྒྱལ་ཚབ་ཏུ་བཞུགས་པའི་ཕྱོགས་ཀྱི་རྒྱལ་པོ་སྡེ་བཞིར་དད་འདུན་གྱི་རང་དབང་བྱེད། མཐའ་བཞིའི་ནོར་སྣ་མང་། ཕྱོགས་བཞིའི་ཚོགས་འདུས་ཆེ། ཕྱུགས་པོས་སྐྱོངས་སླ། མེད་པོས་བཙལ་སླ། ཉོ་ཚོང་གིས་སྒྲུབ་སླ། ཟས་གོས་ཀྱི་རིགས་མང་། སྟེར་སློང་གི་སྲོལ་ཡོད། ཕྱོགས་བཞིའི་མི་སྣ་དུ་མ་འོད་སྡེའི་ཡུལ་དུ་མཆེད་དེ། ཤར་རྒྱལ་རོང་གི་ཡུལ་གྲུ། བོད་ལྷ་ཆོས་ཀྱི་སྡེ་ལ་ཡར་འདུ། བྱང་ཧོར་སོག་གི་རྒྱལ་ཁམས་ཆོས་དད་གཏོང་བའི་ཡོན་བདག་ཏུ་བྱུང་། སྨད་མདོ་ཁམས་སྒང་དྲུག་ཕལ་མོ་ཆེ་བ། སྟོབས་ལྡན་སྡེ་དགེ་རྒྱལ་པོའི་ཆབ་འོག་ཏུ་འདུ་བའི། རོང་སྡེ་རྫོང་ཁག་ཉེར་ལྔ། འབྲོག་སྡེ་ལྷོ་རྫ་གཉིས་ཞེས་པའི། བྱང་རྫ་ཆུའི་ཀླུང་འགྲམ་དུ་མི་ལ་ལྷ་དཔོན་བྱུང་སྟེ། ལྷ་རྗེ་རྫ་རྒྱལ་བཙད་པོ། །ལྷ་མིང་མི་ལ་འཕོས། ཤར་གསེར་གཡུའི་གཞུང་ནས་གདུང་ལྷ་སྡེ་དཀར་མོ་རྗེ་བོ་དཔོན་རིགས་སུམ་ཅུ་གདུང་ཞྭ་དཀར་ཅན་གྱི་བརྒྱུད་པ་བྱུང་སྟེ། བཤད་ན་གཏམ་མཁས་བསྐོར་ན་བློ་བཟང་། བརྟན་ལ་གཞུང་ཐུབ། སྔ་ཚིག་གི་ཕུག་ཐུབ་པས་འབངས་མི་སྡེའི་དཔོན་རིགས་སུ་བྱུང་། གོང་རྒྱལ་པོའི་བློན་རིགས་སུ་བྱུང་སྟེ། སྡེ་རང་ཕྱོགས་ཀྱི་སྐྱིད་སྡུག་ལ་དབང་པའི་དཔོན་ཐོབ་སུམ་ཅུ་སོ་ལྔ། ཉེ་འབྲེལ་ཡ་རབས་སུ་འབྲེལ་བའི་བཟང་པོའི་མི་རྒྱུད་མི་འཆད། བྱང་ཕྱོགས་ཧོར་སོག་གི་ཡུལ་ཁམས་ཨོ་རོད་ཚོ་ཆེན་གྱི་མི་རིགས་ཚ་ཞང་ཕྱུགས་དར་དུ་འཛོམ་པར་བྱུང་སྟེ། དགྲ་དཔའ་རྩལ་གྱིས་འདུལ། གཉེན་ཟས་ནོར་གྱིས་སྐྱོངས། དཔོན་དཔྱ་ཁྲལ་གྱིས་མཆོད། མི་རྒྱུ་ལ་ཧེབ་མི་ཆེ་བས་རྐུ་ཇག་གིས་འགྲོས་སྣ་མི་མང་། རང་རྒྱུད་ལ་བསོག་འཇོག་མི་དམན་པས་ལོངས་སྤྱོད་ཀྱིས་སྟོང་པ་མི་འོང་། སྔར་བྱུང་གི་ཁྲིམས་སྲོལ་མི་སྣུབ་པས་གཞུང་ལམ་ལ་འཕོ་འགྱུར་མི་འོང་། ཉེས་བྱས་རྗེ་ལ་ཞུ་བས་མི་དམངས་ལ་ཤི་བསད་མི་མང་། དམེ་འཁྲུགས་ཀྱི་སྲོལ་ཀ་མེད་པས་ཁྲིམས་སྲོལ་ལ་བློ་གྲོས་ཞིབ་སྟེ་བཟང་ལྷ་གྲལ་ནས་འདོན། མཁས་ཚོགས་གྲལ་ནས་བཤད། བདེན་རང་ལམ་དུ་གཏོང་། རྫུན་ཉེས་ཆད་ཀྱིས་སྣུབ། ཁྲིམས་སྤྱི་དཔོན་གྱིས་གཏམ་པའི་མི་ཡུལ་ལྷ་ལ་འགྲན་པར་བྱུང་སྟེ་འོག་ན་འབངས་ཀྱི་མི་རབས་ཞེས་བྱ། ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས་པ་ཞེས་བྱ་སྟེ། ཡེ་མེད་སྲིད་པ་དང་པོའི་འབྱུང་བཞི་རྡུལ་ཕྲན་དུ་འདུས། གླིང་བཞི་རང་བབས་སུ་ཆགས། རི་རྒྱལ་རི་བོ་ཆེན་པོ་རང་བཞིན་དུ་གྲུབ་སྟེ། ཤར་གྱི་གླིང་གསུམ་ཟླུམ་པོར་བྱུང་བ་ལ། མི་རིགས་ལུས་བོང་ཆེ་བས། ཤར་ལུས་འཕགས་ཀྱི་གླིང་ཞེས་གྲགས་ཏེ། རི་རབ་ཤར་ཕྱོགས་ཤེལ་ལས་གྲུབ་པའི་ཤར་ནམ་མཁའ་དཀར་པོའི་མར་ཞབས་སུ་འདུ། བྱང་གླིང་གསུམ་གྲུ་བཞིར་བྱུང་སྟེ་བདེ་སྐྱིད་ལྷ་ལ་འགྲན། མ་རྨོས་མ་བཏབ་པའི་འབྲས་བཟང་། ཤི་ཚད་ལྷ་ཡུལ་དུ་སྐྱེ། འཆི་ཚེ་སྒྲ་འབྱུང་བས་སྒྲ་མི་སྙན་ཞེས་བྱ་སྟེ། རི་རབ་ཀྱི་བྱང་ཕྱོགས་གསེར་ལས་གྲུབ་པའི་བྱང་ནམ་མཁའ་སེར་པོའི་ཁེབ་ཞབས་ལ་གནས། ནུབ་གླིང་གསུམ་ཟླ་གམ་དུ་བྱུང་སྟེ་འདོད་འཇོའི་བ་ལ་ལོངས་སྤྱོད་པས་ནུབ་བ་གླང་སྤྱོད་ཅེས་བྱ་སྟེ། རི་རབ་ནུབ་ཕྱོགས་པདྨ་རཱ་ག་ལས་གྲུབ་པའི་ནུབ་ནམ་མཁའ་དམར་པོའི་ཡུལ་གྲུ་ཞེས་བྱ། ལྷོ་གླིང་གསུམ་སོག་ཀ་རུ་བྱུང་སྟེ། འཛམ་གླིང་ལས་ཀྱི་ས་པ། མི་རིགས་སྐད་རིགས་མི་མཐུན། བདེ་སྐྱིད་ཀྱི་རྣམས་གྲངས་མི་འདྲ། བདེ་སྡུག་གི་ཁོད་མི་སྙོམས། མི་ལ་དྲག་ཞན་བྱུང་སྟེ། ཡུལ་ཆེན་པོ་དྲུག་ཏུ་གནས་པའི། དབུས་རྒྱ་གར་གྱི་ཡུལ་ཁམས་གོས་རྒྱན་རྟེན་འབྲེལ་ཐམས་ཅད་དཀར་པོ་བྱེད་པས་རྒྱ་དཀར་པོའི་ཐ་སྙད་ཆགས། དབུས་མ་གྷ་ངྷ་རྡོ་རྗེའི་གདན་དྲང་སྲོང་ཞོ་འཐུང་གི་རུས་པ་ལས་གྲུབ་པས་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་ཚང་བ། རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་སུ་གནས་པའི་ལྟེ་བ་ལ་བྱང་ཆུབ་ཀྱི་ཤིང་སྐྱེས་ཏེ། བསྐལ་བཟང་གི་སངས་རྒྱས་སྟོང་གིས་བྱང་ཆུབ་བརྙེས་པའི་གནས་སུ་བྱུང་། སྲིད་པ་ཐམས་ཅད་སྟོང་ཀྱང་ཆགས་འཇིག་མེད་པར་ནམ་མཁའ་ལ་ཟོ་བ་བཏགས་པ་ལྟར་གནས་པས་རྒྱ་གར་རྡོ་རྗེ་གདན་ཞེས་བྱ་སྟེ། ལྷོ་འཛམ་བུ་གླིང་གི་ལྟེ་བ་བྱུང་། དེ་ལས་ཀྱང་བྱང་ནས་བྱང་དུ་བགྲོད་པའི་རི་ནག་པོ་དགུ་ཕྲག་འདས་པའི་ཕ་རོལ་ན་བྱང་ཕྱོགས་ཀྱི་རི་བོ་གངས་ཅན་ཡོད་དེ། སྨན་ཤི་གསོས་ཀྱི་བདུད་རྩི་འཁྲུངས། བཅུད་འཆི་མེད་ཀྱི་རྩི་ཡིས་ཁྱབ། ལྷ་སྲིད་པའི་མེས་པོས་དབྱར་གནས་མཛད། བརྒྱ་བྱིན་གྱི་གླང་པོ་རབ་བརྟན་གླང་གཡོག་དང་བཅས་པ་འཚོ་སྐྱོང་གི་གཟན་ལ་བཀྲམས་པའི་གནས་ན། མཚོ་ཆེན་པོ་མ་དྲོས་པ་ཁ་ཞེང་དཔག་ཚད་ལྔ་བརྒྱ་ཡོད་པའི། ཤར་རྟ་མཆོག་གི་ཁ་ནས་ཆུ་ལོ་ཧི་ཏ་དངུལ་གྱི་ཕྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ། མཚོ་མ་དྲོས་པ་ལ་ལན་བདུན་བསྐོར་ཏེ་ཤར་གྱི་རྒྱ་མཚོར་བབས། ལྷོ་གླང་པོ་ཆེའི་ཁ་ནས་གངྒ་གསེར་གྱི་བྱེ་མ་འདྲེན་ཞིང་ལྷོ་ཡི་རྒྱ་མཚོར་འབབས། ནུབ་རྨ་བྱའི་ཁ་ནས་སིནྡྷུ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་འདྲེན་ཞིང་ནུབ་ཀྱི་རྒྱ་མཚོར་བབས། བྱང་སེང་གེའི་ཁ་ནས་པཀྵུ་རྡོ་རྗེའི་བྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ་མཚོ་ཆེན་པོ་མ་དྲོས་པ་ལ་ལན་བདུན་གཡས་ཕྱོགས་སུ་བསྐོར་ནས་བྱང་གི་རྒྱ་མཚོར་འབབས་པ་བཞི། ཤར་ལྷོ་འཚམས་ན་ཤིང་འཛམ་བུ་ཏྲི་ཀྴ་ཞེས་བྱ་བ་ཤིང་ཐོག་ཆུ་ནང་དུ་ལྷུང་པ་ལས་འཛམ་བུའི་ཆུ་བོའི་གསེར་ཞེས་ལན་བཅུ་དྲུག་ཏུ་བཞུ་བརྟུལ་བྱས་པའི་གསེར་དང་འདྲ་སྟེ་བཞུ་ཁམས་ཀྱི་རིན་པོ་ཆེའི་རྒྱལ་པོར་གྲུབ་པས་འཛམ་བུའི་གླིང་ཞེས་མིང་དུ་ཆགས། ཤར་རྒྱ་ནག་གི་ཡུལ་ཁམས་ལོངས་སྤྱོད་རྒྱ་ཆེ། གོས་རྒྱན་རྟེན་འབྲེལ་ཐམས་ཅད་ནག་པོ་ལ་རྩིས་སུ་བྱེད་པས་རྒྱ་ནག་པོའི་ཡུལ་ཁམས་སུ་གྲགས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ཨོ་རྒྱན་རྡུ་མ་ཐ་ལ་ཞེས་བྱ་སྟེ། གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་འབྱུང་བའི་གནས་སུ་བསྟན། མ་མོ་དང་མཁའ་འགྲོ་སྟོང་གི་བཞུགས་གནས་སུ་གྱུར་པའི་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་ཀྱང་གྲགས་ཏེ། ཡུལ་ཉེར་བཞིའི་གཙོ་བོར་གྱུར། བྱང་ན་རིགས་ལྡན་སྤྲུལ་བའི་གནས་ཤམ་བྷ་ལ། མི་རིགས་འབུམ་ཕྲག་དྲུག་ཅུ་དང་། སྐད་རིགས་འབུམ་ཕྲག་དྲུག་ཅུ་རིགས་ལྡན་གཅིག་གི་མངའ་ཞབས་སུ་འདུ། སྤྲུལ་པ་ལྷའི་རྒྱལ་པོས་ལོ་བརྒྱ་བརྒྱ་རེར་ཆོས་སྟོན། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་བརྩོན་པའི་གྲུབ་པའི་རྣལ་འབྱོར་མང་། བར་བོད་ཁམས་ཀྱི་ཡུལ་གྲུ། རི་གངས་རི་དཀར་པོའི་ཕྲེང་བས་བསྐོར་ཏེ། གངས་ལྡན་ཉི་ཤུ་རྩ་གཅིག་ལྷ་རིགས་དགེ་བསྙེན་དུ་གནས་པས་ཡུལ་ལ་དབང་བྱེད། རི་མཐོ་བསིལ་ལ་དྭངས་པས་མི་རྒྱུད་རིག་པ་བཟང་། ཡུལ་ལ་དགེ་བཅུ་ཚང་བས་ཡོན་ཏན་ཕུན་སུམ་ཚོགས། ཆུ་བོ་དྭངས་ལ་བསིལ་བས་འདུ་བ་རང་བཞིན་གྱིས་སྙོམས། བསིལ་དྲོད་ཀྱི་སྔོ་སྣ་ཚང་པས་བདུད་རྩིའི་སྦྱོར་སྡེ་འཛོམས། མི་ཐམས་ཅད་ལེགས་ལམ་ལ་དགའ། ཆུ་ཐམས་ཅད་ཤར་ཕྱོགས་སུ་འབབས། རི་ཐམས་ཅད་གངས་དཀར་གྱིས་གཡོག །དུས་བཞིའི་རྣམ་འགྱུར་གསལ། མངའ་ཐང་དང་ལོངས་སྤྱོད་ཆེ། བཟའ་ཤིང་དང་འབྲས་བུ་མང་། ཕྱུགས་ལུག་ལ་རྩྭ་གཟན་མོད། སྟོད་ལྷ་ཆོས་ཀྱི་ཡུལ་ན་ལྷ་ལྡན་སྤྲུལ་པའི་གཙུག་ལག །ཕོ་བྲང་པོ་ཏ་ལ། ར་ས་འཁྲུལ་སྣང་གི་ལྷ་ཁང་། རིན་པོ་ཆེ་བརྒྱ་དང་རྩ་བརྒྱད་ལས་གྲུབ་པའི་སྟོན་པའི་ཞལ་སྐྱིན་ཇོ་ཤཱག་རྣམ་གཉིས་བརྗོད་དུ་མེད་པའི་ཆོས་སྟོན་ཅིང་། ཐུབ་པ་དངོས་ཀྱི་རྒྱལ་ཚབ་ཏུ་བཞུགས། ཕོ་བྲང་དགའ་བཞིའི་འཕྲུལ་སྣང་། གསེར་བརྟུལ་མའི་རྒྱ་ཕིབས་མཇལ་བས་ཀྱང་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ། ལུགས་གསུམ་བསམ་ཡས་ཀྱི་གཙུག་ལག་ཁང་སྟེང་རྒྱ་གར་བར་ལི་ཡུལ་འོག་རྒྱ་ནག་གི་ལུགས་སུ་བཞེངས་ཏེ། བཀའ་སྡེ་སྣོད་གསུམ་གྱི་བསྟན་པའི་ཆོས། སྒྲུབ་པའི་ལྷ་བརྒྱུད་པའི་བླ་མ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ། མཐོང་བས་ཕྱིར་མི་ལྡོག་པའི་ས་ལ་རེག་པའི་ངོ་མཚར་གྱི་བཀོད་པ་བཀྲ། སྨད་མདོ་ཁམས་ཀྱི་ཡུལ་གྲུ། ཆུ་ཐམས་ཅད་བསིལ་ལ་དྭངས། ཤིང་ཐམས་ཅད་དྲང་ལ་ལྡེམ། སྤང་ཐམས་ཅད་སྣུམ་ལ་བཀྲ། ཞིང་ཐམས་ཅད་ཕྱུག་ལ་གཤིན། རོང་སྡེ་དང་འབྲོག་སྡེ་འབྲེལ། བཟའ་བཏུང་གི་རྩོལ་སྒྲུབ་སླ། ཨར་ཇག་གི་རྒྱུ་འགྲུལ་ཉུང་། ས་གཞི་ཁ་རྒྱ་ཆེ། ལུང་པ་ཕུ་ཐག་རིང་། ས་དཔྱད་བཟང་དགུ་འཛོམ། ལྷ་ཆོས་གཙུག་ལག་གི་དཔྱད་འཛོམ་པས་དགེ་འདུན་གྱི་སྡེ་ཀུན་དར་རྒྱས་ཆེ། མི་ཆོས་ཕོ་བྲང་གི་ལེགས་དགུ་འཛོམ་པས་རྒྱལ་རབས་སྲིད་ཆུས་བརྟན་ཞིང་མངའ་ཐང་དང་ལོངས་སྤྱོད་རྒྱས། ཕལ་བ་དུར་མཚེར་འདེབས་ས་ལེགས་པས་མི་ཕྱུགས་ཡར་ལྡན་དུ་འཕེལ། གང་ཡང་ཕུན་སུམ་ཚོགས་པས་ཡུལ་ལ་དགེ་བཅུ་ཚང་བ་སྟེ། སྟོང་སྡེ་སྲིད་པའི་ཆགས་ཚུལ་ཞེས་བྱ། སྤྱིར་གཏམ་གང་ལ་ཡང་རང་ཕྱོགས་ཀྱི་ཡུལ་སྲོལ་དང་མཐུན་པ་བསྟོད་དགོས་དང་སྨད་དགོས་མ་ནོར་བ། དགོས་དོན་གྱི་ས་བཅད་མ་ཤོར་བ། སྔ་ཚིག་དང་ཕྱི་ཚིག་མི་འགལ་བ། བྲེལ་ཉམས་ཀྱི་ཟློས་སྐྱོན་མ་ཤོར་བ། དལ་ཉམས་ཀྱི་བར་སྟོང་མ་ལུས་པ། དལ་ལ་རྒྱུན་རིང་བ། སྒྲ་དག་ལ་ཚིག་གསལ་བ། བར་གྱི་གཅོད་མཚམས་ལེགས་པ་ཞིག་མ་བྱུང་ན། སྐད་ཀྱིས་གདང་འདོན་ཚུལ་དང་དབུགས་ཀྱི་མཚམས་ལེན་ཚུལ་ཙམ་ལའང་མང་པོའི་དབུས་ན་ཁྱད་པར་ཆེ་བ་ཤེས་པར་བྱ་དགོས་ཏེ། བཤད་རྒྱུའི་དངོས་པོ་ལའང་འདིར་ཕྱོགས་མཚོན་ས་བཅད་ཙམ་དུ་བྲིས་མོད་ཀྱི། སྤྱིར་ལྷ་ཆོས་ཀྱི་གཏམ་ལ་བླ་མས་གསུང་བར་འོས་པ་དང་། ཕལ་བས་ཞུ་བར་འོས་པ་གཉིས་ཡོད། དང་པོ་ལ། སྨིན་བྱེད་དབང་དང་འབྲེལ་བ་དམ་ཚིག་གི་རྣམ་བཤད། གྲོལ་བྱེད་ཀྱི་གདམས་པ་དང་འབྲེལ་བ་ཉམས་ལེན་གྱི་གནད་འགགས། གཉིས་ཀ་ཐུན་མོང་དང་འབྲེལ་བ་བརྒྱུད་པའི་ལོ་རྒྱུས། ཡོན་བདག་གི་ཚོགས་གསོག་དང་འབྲེལ་བ་བསྔོ་བ་དང་ཡོན་བཤད། ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བ་སྤངས་བླང་གི་ཞལ་བཀོད་དང་ལྔ་ཡོད། ཕལ་བས་ཞུ་བར་འོས་པ་ལའང་ཆོས་ཁྲིམས་ཀྱི་ཞུ་བར་འོས་པ་ཤས་ཆེ་སྟེ་ཁྲིམས་བཅའ་བཀོད་ཀྱི་འཇོག་ཚུལ་བླ་མའི་བཀའ་དང་བསྟུན་ཏེ་ཞུ་བ། ཡོན་འབུལ་བའི་ཡོད་ཚུལ་ཡོན་བདག་གི་འབྱོར་བ་དང་བསྟུན་ཏེ་ཞུ་བ། འཕྲལ་གནས་སྐབས་ཀྱི་ཞུ་བ་ལས་དོན་ཡུལ་སྡེའི་ཁེབ་དང་བསྟུན་ཏེ་ཞུ་བ། སྐྱིད་མཎྜལ་གྱི་རྣམ་བཤད་ལོ་རྒྱུས་གཞུང་དང་བསྟུན་ཏེ་ཞུ་བ། བསྟོད་ཚོགས་སྒྲུབ་ཀྱི་སྟོང་ཐུན་འཕྲལ་གྱི་ཕུན་ཚོགས་དང་བསྟན་ཏེ་ཞུ་བ། ཁྲོམ་མི་དམངས་ཀྱི་ཁྲོམ་ལབ་བླ་མའི་ཡོན་ཏན་དང་བསྟུན་ཏེ་ཞུ་བ་སྟེ། དྲུག་ཡོད་ལ། དེ་ལས་ཕྱི་མ་གཅིག་པུ་མ་གཏོག །དགེ་འདུན་གྱི་གྲལ་དུ་ཞུ་འོས་ཡིན་པས། ཕྱག་གི་སྣ་དྲངས། གུས་པའི་ཞེ་ས་དང་བཅས་ཏེ་གྲལ་གཤམས་ནས་འགྲེངས་ནས་ཞུ་འོས་ཡིན་གྱིས། འཕགས་པའི་དགེ་འདུན་ལ་མ་གུས་པའི་རྣམ་འགྱུར་དང་། ཞེ་ས་མེད་པའི་གཏམ་བཤད་ན། ལུས་ངག་གཉིས་ཀའི་ཉེས་བྱས་སུ་འགྱུར་ཏེ། དམ་པའི་སྐྱེས་བུ་གང་ཟག་ས་བཅུ་ཐོབ་པ་ཞིག་ལས་ཀྱང་། འདུས་པའི་དགེ་འདུན་བཞི་སྡེ་ཞིག་གཉན་པ་ནི། ངེས་པར་ཤེས་དགོས་ཏེ། དཀོན་མཆོག་གསུམ་གྱི་ཕྱི་མ་ཡིན་པའི་ཕྱིར་རོ། །མཚངས་ཅན་གྱི་སྐྱོན་ནས་རྒོལ་བའང་གང་ཟག་ལ་སྨོད་པ་ནི་ཉེས་པ་ཆུང་སྟེ། དགེ་འདུན་ལ་སྨོད་པ་ནི་སྐྱབས་སྡོམ་རྩ་བ་ནས་འཇིག །ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོ་བར་འགྱུར་ཏེ། བསམ་པ་བཟང་པོ་ཁ་ཙམ་དུ་ཟེར་ཡང་སྙིང་ལ་གནས་པ་ནི་ཤིན་ཏུ་དཀའ་བས། སྙིང་རྗེས་དྲངས་པའི་ཞེ་སྡང་དེ་ལའང་རྟོག་དཔྱོད་དགོས་ཏེ། བསྐལ་པའི་ཚོགས་བསགས་པ་ཞེ་སྡང་གི་མེས་འཇོམས་པ་རྒྱལ་སྲས་རྣམས་ཀྱིས་གསུངས་པའང་ཤེས་དགོས་པར་མ་ཟད་སྤྱི་ལ་ཁྲིམས་སྲོལ་འཇུག་པའང་ལེགས་ཏེ། རང་ལ་སྐྱབས་སྡོམ་ཡོད་པ་འདི་གལ་ཆེ་བས། རྒྱབ་ལྷ་ཆོས་ལ་གཏད། ཕུག་སངས་རྒྱས་ལ་བཅོལ། བླ་མའི་བཀའ་དང་བསྟུན། གྲྭ་སའི་ཕྱག་བཞེས་དང་འབྲེལ། ཁོག་བསླབ་གསུམ་ལ་བཅས། ཚུལ་ཞེ་ས་དང་བཅས། དོན་སེམས་བསྐྱེད་ཀྱིས་ཟིན་པ་ཞིག་མ་བྱུང་ན་དགེ་འདུན་འདུས་པའི་ཁྲོད་ན་ཕ་མེས་ཀྱི་རབས་རྒྱུད་འཆད་པ། རྒྱལ་ཁྲིམས་ཀྱིས་བསྡིག་མོ་འཐེན་པ། ངག་ཤག་གི་གྱོད་ཚིག་སྨྲ་བ། ང་བཟང་གི་ཆེ་བ་འདོན་པ་རྣམས་ནི། ལྷ་ཁང་དུ་ཁྱི་ཟུག་པ་ཞེས་བྱ། གསེར་སྣོད་དུ་མི་གཙང་གཡོ་བ་ཞེས་བྱ། བདུད་རྩི་ལ་དུག་འདེབས་པ་ཞེས་བྱ་སྟེ། མཁས་པས་ཁྲེལ་བགད་འཆོར་བ་འདི་ཡིན། བླུན་པོའི་བཟང་སྣ་འཆོར་བ་དེ་འདི་ཡིན། དཀར་ཕྱོགས་མཆི་མའི་འཆོར་བ་འདི་ཡིན། སངས་རྒྱས་ཀྱི་བསྟན་པ་མཐའ་ལ་ཐུགས་པའི་རྟགས་ཡིན། ལྷ་ཤཱཀྱ་སེང་གེའི་བསྟན་པ་བདུད་རྩིའི་ལྷ་གྲལ་ན། རིགས་མི་གཙོ། རུས་མི་གཙོ། ལོངས་སྤྱོད་མི་གཙོ། ཟས་གོས་མི་གཙོ། མངའ་ཐང་མི་གཙོ་སྟེ། འདྲེགས་མཁན་ཉེ་བ་འཁོར་གྱི་རྐང་པ་ལ། ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་ཀྱང་། ཕྱག་འཚལ་བ་ཡིན་ན། དགེ་འདུན་འདུས་པའི་གྲལ་ན་སུ་ཞིག་ང་རྒྱལ་གྱི་འགྱིང་བ་དེ་ནི་ཚར་བཅད་པར་འོས་སོ། །ཤེས་རྒྱུ་ནི་ཨ་བུ་ཧྲལ་བོས་ཤེས། །མཁོ་རྒྱུ་ནི་བཙན་ཕྱུག་བུ་ལ་མཁོ། །བྲི་ཚོད་ནི་འཁྲུལ་བའི་གཏམ་ལ་མེད། །བཙོང་རྒྱུ་ཞིག་ཡོད་ན་ཨ་བུས་ཚོང་། །དུས་སྨྱོན་ཞིག་ད་ལོ་རྒྱུག་གཤའ་སྟེ། །བཙོང་ཐབས་ནི་མེད་ངེས་ཨ་ལྷ་ཤི། །ཨ་ལ་ལ་ཤིན་ཏུ་དགེ་ལེགས་སྩོལ། །བཀྲ་ཤིས་ཤོག །