PJCW-KABUM-02-KHA-024

From Khyentse Lineage - A Tsadra Foundation Project
Revision as of 08:56, 2 June 2024 by Jeremi (talk | contribs)

PJCW-KABUM-02-KHA-024
Wylie title
Location dpal sprul bka' 'bum
Volume 2, Text 24, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །གཞི་བཅུ་བདུན་གྱི་ཟིན་བྲིས་བཞུགས་སོ། །


ན་མོ་མ་ཧཱ་མུ་ན་ཡེ། ཐུགས་རྗེ་མཆོག་གི་སྤྲིན་དཀར་གཡོ་བ་ལས། །ཆོས་འདུལ་རྒྱ་ཆེན་སྙིང་པོའི་གྲུ་ཆར་གྱིས། །རིང་ནས་ཐ་བའི་རྒྱུད་མཁྲེགས་རླན་མཛད་པ། །ཐུབ་དབང་སྲས་བཅས་སྤྱི་བོའི་གཙུག་གིས་མཆོད། །གང་ཞིག་སྲིད་བདེས་འཕྲལ་སྣང་མེ་འོབས་ལྟར། ། མཐོང་ནས་ཤིན་ཏུ་ཞི་བའི་ལམ་གཉེར་ཏེ། །ལེགས་གསུང་ཁྲིམས་ཀྱི་རང་རྒྱུད་སྡོམ་བགྱིད་ ལ། །བཅུ་བདུན་བླང་བྱའི་རྣམ་གྲངས་བསྡུས་ཏེ་གླེང་། །ཞེས་བརྗོད་ནས་སོ་སོར་ཐར་པའི་བསླབ་པའི་གནས་དག་ལས་བླང་བར་བྱ་བའི་བསླབ་བྱ་གཞི་བཅུ་བདུན་གྱི་དབྱེ་བ་ཅུང་ཟད་ཟིན་ཐོར་དགོད་པ་ལ་དང་པོ་སྡོམ་ནི། རབ་བྱུང་༡གསོ་སྦྱོའི་༢གཞི་དང་ནི། །དགག་དབྱེ་༣དབྱར་༤དང་ཀོ་ལྤགས་༥གཞི། །༦སྨན་དང་གོས་༧དང་སྲ་བརྐྱང་༨དང་། །ཀཽ་ཤཱམ་༩བཱི་དང་ལས་༡༠ཀྱི་གཞི། །དམར་སེར་༡༡ཅན་དང་གང་ཟག་༡༢དང་། །སྤོ་དང་༡༣གསོ་སྦྱོང་༡༤བཞག་པ་དང་། །གནས་༡༥མལ་དང་ནི་རྩོད་༡༦པ་དང་། །དགེ་འདུན་༡༧དབྱེན་རྣམས་བསྡུས་པ་ཡིན། །ཞེས་པ་སྟེ་དང་པོ། །རབ་བྱུང་གི་གཞི་ནི། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག་དག་སྟེ། དེ་ཡང་འཇིག་རྟེན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མཁན་པོ་དང་སློབ་དཔོན་ལ་བརྟེན་པ་མེད་པར་རབ་བྱུང་དུ་བསྙེན་པར་རྫོགས་ནས་མངོན་པར་བྱང་ཆུབ་པའི་གོ་འཕང་བླ་ན་མེད་པ་བརྙེས་ཏེ་ཝ་ར་ཎ་སིར་འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་པ་བཞི་བཟླས་ཏེ་བསྟན་པ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་ཚེ་ཀུན་ཤེས་ཀོཎྜི་ཎ་ལ་སོགས་འཁོར་ལྔ་སྡེ་རྣམས་ཆོས་ཀྱི་མིག་དྲི་མ་མེད་པ་ཐོབ་ནས་ཡེ་ཤེས་ཁོང་དུ་ཆུད་པའི་དགེ་སློང་དུ་གྱུར་ལ། དེའི་ཚེ་ཉེ་བའི་ལྔ་སྡེ་དང་། གྲོང་པའི་ཁྱེའུ་ལྔ་བཅུ་དང་། རལ་པ་ཅན་སྟོང་ལ་སོགས་པ་ཡང་རབ་ཏུ་བྱུང་སྟེ་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ན་སྐྱེས་གཉིས་ཀྱང་ཚུར་ཤོག་གིས་རབ་ཏུ་འབྱིན་པར་མཛད་ཅིང་དགེ་སློང་དག་གི་དྲུང་དུ་རབ་ཏུ་འབྱུང་བར་འོང་བ་དག་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྲིད་དེ་ཚུར་ཤོག་གི་རབ་བྱུང་གནང་བ་སྟེ། དེ་ཡང་། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པའི་ལུས་གཟུགས་བཀབ་པར་གྱུར། །ཞེས་པ་ལྟར་ཡིན་ལ་རེ་ཞིག་གི་ཚེ་དགེ་སློང་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་ཞིག་འོང་བ་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དགེ་སློང་དེས་ཁྲིད་དེ་འོང་བས་ལམ་ནས་ཤི་བ་དེའི་དགེ་སློང་གི་དངོས་པོར་གྱུར་བའི་བར་ཆད་དུ་འགྱུར་བའི་སྐབས་དེ་དགོངས་ནས་གསོལ་བཞིའི་ལས་ཀྱིས་ཅིག་ཆར་རབ་ཏུ་འབྱུང་བར་གནང་སྟེ། དེ་ཡང་དགེ་འདུན་ཐམས་ཅད་འདུས་ནས་རབ་ཏུ་འབྱུང་བར་འདོད་པ་དེས་རྒན་རིམ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་ཙོག་ཙོག་པོར་འདུག་སྟེ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་གསོལ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་དང་ལས་སུ་བྱ་བ་ལན་གསུམ་གྱི་རབ་ཏུ་བྱུང་བ་ཡིན་ལ་དེའི་ཚེ་དེ་ལྟར་རབ་ཏུ་བྱུང་བ་དག་མཁན་པོ་དང་སློབ་དཔོན་མེད་པར་མ་བསྡམས་པར་གྲོང་ཏུ་རྒྱུ་བ་མཐོང་ནས་མུ་སྟེགས་ཅན་དག་འཕྱ་བར་བྱེད་པ་ལས་བཅོམ་ལྡན་འདས་ཀྱིས་མཁན་པོ་དང་སློབ་དཔོན་ལ་བརྟེན་ཏེ་རབ་ཏུ་བྱུང་བའི་ཚུལ་གནང་སྟེ་དེ་དག་ནི་ད་ལྟའི་འདུལ་བའི་ལས་ཆོག་དག་ལས་ཇི་ལྟར་བཤད་པ་བཞིན་རབ་ཏུ་བྱུང་ནས་མཁན་པོ། དེའི་དྲུང་དུ་ཉེ་བར་གནས་ནས་བསླབ་པའི་གཞི་མཐའ་དག་ལ་ཡོངས་སུ་སྦྱང་བར་བྱ་བ་ཡིན་ཏེ་དེ་ལྟ་བུས་མཁན་པོ་ཡང་རབ་ཏུ་བྱུང་ནས་ལོ་བཅུ་ལོན་པ། ཚུལ་ཁྲིམས་དང་ཐོས་པ་དང་ལྡན་པ། སྡེ་སྣོད་གསུམ་ལ་མཁས་ཤིང་གཞན་རྗེས་སུ་འཛིན་པ་ལ་མཁས་པ་དག་ཡིན་ཞིང་གང་རབ་ཏུ་འབྱུང་བའང་བར་ཆད་ཀྱི་ཆོས་ཐམས་ཅད་ལས་གྲོལ་ཞིང་མཁན་པོའི་ཅི་གསུང་བསྒྲུབས་པའོ། ། ༈ གསོ་སྦྱོང་ནི། བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་གྱི་ནང་ཚན་དུ་གྱུར་པ་སྟེ་རྒྱལ་པོའི་ཁབ་འོད་མའི་ཚལ་དུ་དགེ་བསྙེན་མང་པོས་ཞུས་པ་ལ་གནང་། དེ་ལའང་ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་ལས་དང་པོ་ནི། དགེ་སློང་སྤོང་བའི་ཞལ་ཏ་བ་བསྐོས་ཏེ་དེ་ཉིས་ཀྱི་གཎྜིའི་སྒྲས་སྤོང་བ་ལས་སློང་བ་དང་གཙུག་ལག་ཁང་བྱི་དོར་བྱེད་པ་ལ་སོགས་པ་དེང་བཅས་པའི་དགེ་སློང་རྣམས་སྤོང་ཁང་དུ་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་བསྒོམ་པ་ལ་སོགས་དང་ཞི་གནས་ཀྱི་ཏིང་ངེ་འཛིན་སྒྲུབ་པའོ། །གཉིས་པ་ལའང་། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་པའི། གནོད་པ་དབྱུང་བའི། བསྡུམ་པའི་གསོ་སྦྱོང་དང་ལྔའོ། ། དང་པོ་གཉིས་ནི་དུས་ནམ་དུ་ཡང་ཟླ་བ་ཕྱེད་ཕྱེད་ནས་དགེ་འདུན་གྱི་གསོ་སྦྱོང་བྱེད་པ་སྟེ་བཅོ་ལྔ་པ་གསུམ་རེའི་མཚམས་སུ་བཅུ་བཞི་པ་རེ་རེ་སྟེ་རེས་མོས་སུ་འབྱུང་ངོ་། །གསུམ་པ་ནི་དགའ་སྟོན་དང་རབ་གནས་ལྟ་བུའི་ཚེ་དང་། བཞི་པ་ནི་བསྟན་པ་ལ་གནོད་པ་སུན་འབྱིན་པ་དང་། ལྔ་པ་ནི་དགེ་འདུན་གྱི་དབྱེན་བྱུང་བའི་ཚེ་ནའོ། །གང་ལྟར་ཡང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནས་ལ་བློ་མཐུན་པ་དང་། མཚམས་གཅད་པ་དང་བཅས་པའི་དགེ་སློང་སོགས་དགེ་འདུན་འདུས་ཏེ་གསོ་སྦྱོང་སྔ་མ་ཚུན་དུ་རང་ལ་ལྟུང་བ་བྱུང་བ་གང་དྲན་དགེ་སློང་སུ་ཡང་རུང་བ་ལ་ཆོས་བཞིན་དུ་བཤགས་ཤིང་ལྟུང་བ་མ་དག་པ་དང་ཡིད་གཉིས་ཟ་བར་གྱུར་ན་དགེ་སློང་སྡེ་སྣོད་འཛིན་པ་ལ་དྲིས་ནས་ཕྱིར་བཅོས་བྱ་བ་རྣམས་གྲུབ་ནས། གསོལ་བཞི་སྔོན་དུ་འགྲོ་བའི་དགེ་སློང་གནས་བརྟན་གྱིས་སོ་སོར་ཐར་བའི་མདོ་འདོན་པ་ལ་སོགས་པའོ། ། ༈ དགག་དབྱེ་ནི། གླེང་གཞི་མཉན་ཡོད་དུ་ལྗོངས་ཤིག་ཏུ་དབྱར་གནས་པའི་དགེ་སློང་མང་པོ་ལ་བརྟེན་ཏེ་བཅས་སོ། །དེ་ནི་དབྱར་གནས་ཚར་ནས་བྱ་བ་སྟེ་གཙུག་ལག་ཁང་ཕྱག་དར་དང་ཆག་ཆག་བྱ་བ་སོགས་དང་ཉི་མ་འདི་སྙེད་ནས་དགེ་འདུན་གྱི་དགག་དབྱེ་བྱེད་པར་འགྱུར་རོ་ཞེས་སྤྱོད་ཡུལ་གྱི་གྲོང་དུ་གོ་བར་བྱ་བ་སྔོན་དུ་སོང་ནས། དགག་དབྱེ་བྱེད་པའི་དགེ་སློང་བསྐོ་ཏེ་དེ་དང་པོ་རང་ཉིད་ལ་སྤྲོ་བ་དྲི་དེ་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱ་ཞིང་བསྐོས་པའི་དགེ་སློང་གིས་འཇགས་མ་བྲིམ་པ་བྱས་ནས་དགེ་སློང་གནས་བརྟན་གྱིས་དགེ་འདུན་གྱི་དགག་དབྱེ་བྱེད་པར་གསོལ་པ་འབའ་ཞིག་པ་དང་དེ་ནས་རང་ཉིད་ཀྱི་མཐོང་ཐོས་དོགས་གསུམ་གྱི་དགག་དབྱེ་བརྗོད་ཅིང་གཞོན་རིམ་གྱི་མཐའི་བར་དུ་བྱ། དེ་ནས་དགག་དབྱེ་བྱེད་པའི་དགེ་སློང་རང་གིས་བྱ། དེ་ནས་དགེ་སློང་མ་དང་དགེ་སློང་ཕ། དགེ་ཚུལ་ཕ་མའི་བར་གྱི་དགག་དབྱེ་གྲུབ་པ་ནས་དགག་དབྱེ་བྱེད་པའི་དགེ་སློང་གིས་དགེ་འདུན་གྱི་དགག་དབྱེ་མཛད་ལགས་སོ། །ཞེས་བརྗོད་ཅིང་ཐམས་ཅད་ཀྱིས་དགག་དབྱེ་ལེགས་པར་མཛད་ཟིན་ཏོ་སོགས་བརྗོད། ལྟུང་པ་དྲན་ན་ཆོས་བཞིན་ཕྱིར་བཅོས་བྱ་བ་རྣམས་ཏེ་དབྱར་གྱི་ཚེ་དེར་བྱུང་བའི་འགལ་ལྟུང་ཕྱིར་བཅོས་པའི་བྱ་བ་སྟེ་དེ་གྲུབ་འཕྲལ་དབྱར་གྱི་རྙེད་པ་རྣམས་ལེགས་པར་བགོ་པར་བྱེད་པ་སོགས་སོ། ། ༈ དབྱར་གནས་ནི། མཉན་ཡོད་དུ་དགེ་སློང་རྣམས་དབྱར་ལྗོངས་རྒྱུ་བ་ལ་ཕྱི་རོལ་བ་རྣམས་འཕྱ་པ་བསལ་བའི་ཕྱིར་བཅས་ཏེ། དེ་ནི་དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་གཙུག་ལག་ཁང་ཆག་ཆག་བྱ་བ་ལ་སོགས་སྔོན་དུ་སོང་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དགེ་སློང་གནས་མལ་གྱི་ཞལ་ཏ་བ་བསྐོས་ཏེ་དེས་ཚུལ་ཤིང་བྲིམ་ནས་གནས་མལ་སྟོབ་པ་དང་ཟླ་བ་ཕྱེད་ཅིང་གནས་མལ་ལ་བརྟགས་པར་བྱ་བ་དང་དགེ་འདུན་ཚོགས་ནས་སྦྱིན་བདག་ཞལ་ཏ་བ་སྤྱོད་ཡུལ་གྱི་གྲོང་སོགས་ཀྱང་གོ་བར་བྱ་ཞིང་དགེ་སློང་རྣམས་ཀྱང་ན་བའི་གཡོག་དང་ཆོས་སོགས་ཀྱི་སྐྱབས་ཡོད་པར་ཤེས་ན་དབྱར་གནས་པར་དམ་བཅའོ། །དེ་དམ་བཅས་ནས་དགོས་པ་ཆེན་པོའི་ཕྱིར་ཞག་བདུན་བྱིན་གྱིས་རླབས་ཏེ་འགྲོ་བ་ཙམ་མ་གཏོགས་པ་མཚམས་ཀྱི་ཕྱི་རོལ་ཏུ་ཡང་མི་འགྲོ་བས་གནས་པར་བྱ་བ་སོགས་སོ། ། ༈ ཀོ་ལྤགས་ཀྱི་གཞི་ནི། ཡུལ་མཐའ་འཁོབ་ཏུ་ཀོ་ལྤགས་ཀྱི་གདན་ཀ་ཏྱ་ན་ལ་གནང་། ཡུལ་དབུས་སུ་ཡང་སྦྱིན་བདག་གི་ཁྱིམ་དུ་གནང་ལ་ཉལ་བ་དང་གཙུག་ལག་ཁང་དུ་མ་གནང་ངོ་། །ན་བ་དང་རྒན་པ་ལ་ནི་བཞོན་པ་ཡང་གནང་ལ་ལྷམ་ཀྱང་རིམ་གཅིག་པ་དང་ཡུ་ཐུང་སོགས་ཀྱང་གནང་ལ་མཐའ་འཁོབ་ཁ་བ་འབབ་པའི་ཡུལ་དུ་ནི་ལྷམ་སྒྲོག་གུ་ཅན་ཡང་གནང་ཤིང་ཆུ་ལ་ནི་རྐྱལ་སྐྱ་དང་རྩིས་བསྐུས་པའི་རྐྱལ་བས་སྐྱལ་བར་གནང་ལ་ལྷམ་རིམ་པ་མང་པོ་ཅན་ཡང་ཁྱིམ་པས་ཅུང་ཟད་ལོངས་སྤྱད་པ་ཕུལ་ན་ནི་བཅང་ཤིང་ལྷམ་དྲུབ་བའི་སྐུད་པ་དང་ཁབ་ཡང་རྗེས་སུ་གནང་ངོ་། ། ༈ སྨན་གྱི་གཞི་ནི། རྒྱལ་བྱེད་ཀྱི་ཚལ་དུ་དགེ་སློང་མང་པོ་ལ་བརྟེན་ནས་སྨན་རྣམ་པ་བཞིར་ཕྱེ་ནས་གནང་སྟེ། དེ་ཡང་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བའོ། །དེ་ལ་དུས་སུ་རུང་བ་ནི་འདེ་གུ་དང་། འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུར་རོ། ཐུན་ཚོད་དུ་རུང་བ་ནི། བཏུང་བ་བརྒྱད་པོ་རྣམས་སོ། །ཞག་བདུན་པ་ནི། ཏིལ་མར་དང་། བུ་རམ་གྱི་དབུ་བ་དང་། སྦྲང་རྩི་དང་། ཤ་ཁརའོ། །འཚོ་བའི་བར་དུ་བཅང་བ་ནི་རྩ་བ་དང་སྡོང་བུ་དང་མེ་ཏོག་ལ་སོགས་པའི་སྨན་གྱི་རིགས་ཟས་ཀྱི་དོན་དུ་མི་འགྱུར་བ་རྣམས་སོ། །དེ་དག་ཀྱང་བྱིན་གྱིས་བརླབས་ཏེ་བཅང་བའོ། ། གཞན་ཡང་ཚིལ་དང་མིག་སྨན་དང་ཤ་ལ་སོགས་པ་གང་ཡང་ནད་ཀྱི་ཆེད་དུ་ནི་གནང་བ་སྟེ་ནད་མེད་པས་སྤྱད་པར་བྱ་བ་ནི་མ་ཡིན་ནོ། ། ༈ གོས་ཀྱི་གཞི་ནི། རྒྱལ་པོ་གཟུགས་ཅན་སྙིང་པོས་ཆེད་དུ་ཞུས་ཏེ་དྲས་ཤིང་གྲུབ་པའི་གོས་གནང་སྟེ། དེ་ཡང་ཆོས་གོས་སྣམ་སྦྱར་དང་། ཆོས་གོས་མཐང་གོས། ཆོས་གོས་བླ་གོས་དང་གསུམ་ནི་ཆོས་གོས་རྣམ་གསུམ་ཞེས་དགེ་སློང་རྣམས་ཀྱི་སྟེ་དགེ་ཚུལ་ལ་ནི་སྣམ་སྦྱར་མེད་དོ། །དེ་ལས་གཞན་ཆོས་གོས་བླ་གོས་ཀྱི་ནང་དུ་རྔུལ་གཟན་དང་མཚན་མོ་རྔུལ་གཟན་གྱི་གཟན། མཐང་གོས་ཀྱི་ནང་དུ་ཤམ་ཐབས་དང་དེའི་ནང་དུ་ཤམ་ཐབས་ཀྱི་གཟན་གཉིས་པོ་མཚན་མོ་བགོ་བར་བྱ་བ་དང་། གདིང་བ་ནི་སྟན་ནོ། །ས་ག་མས་ཞུས་པ་ལ་བརྟེན་ནས་རས་ཆེན་དང་། གཡན་པའི་ནད་ཀྱི་ཉེན་པ་ལ་གཡན་པ་དགབ་པ་རྣམས་ཀྱང་གནང་བ་ཡིན་ནོ། ། ༈ སྲ་བརྐྱང་གི་གཞི་ནི། གྲོང་གནས་བཅས་སུ་དབྱར་གནས་པའི་དགེ་སློང་མང་པོ་ལ་གནང་སྟེ་དེ་ཡང་སྲ་བརྐྱང་ལ་ཕན་ཡོན་ལྔ་ཡོད་དེ། ཞག་བཅུ་ཐལ་ན་མ་ཡིན་པ་དང་། ཟླ་བ་ལས་ཐལ་ན་མ་ཡིན་པ་དང་། ནུབ་མོ་བྲལ་བ་དང་། བླ་གོས་དང་མཐང་གོས་བཅས་པའི་ཆོས་གོས་ཀྱིས་ལྗོངས་རྒྱུར་འགྲོ་བ་དང་། ཆོས་གོས་རུང་བ་མ་ཡིན་པ་ཇི་ཙམ་འདོད་པ་འཆང་ན་མ་ཡིན་པའོ། །གཞན་ཡང་ཕན་ཡོན་ལྔ་ཡོད་དེ། ཚོགས་ཤིང་ཟན་མ་ཡིན་པ་དང་། ཡང་ཡང་ཟ་ན་མ་ཡིན་པ་དང་། ཁྱིམ་རྣམས་སུ་མགྲོན་དུ་མ་བོས་པར་འགྲོ་ན་མ་ཡིན་པ་དང་། ཇི་ཙམ་འདོད་པའི་ཆོས་གོས་བཙལ་བ་དང་། སྟོན་ཟླ་འབྲིང་པོའི་ནས་དཔྱིད་ཟླ་ར་བའི་བར་གྱི་ནང་དེར་སྲ་བརྐྱང་བཏིང་བ་རྣམས་ཀྱི་རྙེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ་ཇི་ལྟར་བཏིང་ན། དབྱར་གྱི་ནང་དུ་རྙེད་པར་བྱུང་བའི་ཆོས་གོས་སམ་ཆོས་གོས་ཀྱི་རྒྱུ་གང་ཡང་རུང་བ་གསོལ་བའི་ལས་ཀྱིས་སྲ་བརྐྱང་དུ་བྱ། དེ་ནས་གསོལ་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་བཏིང་བའི་དགེ་སློང་བསྐོས་ཏེ་དེས་སྲ་བརྐྱང་དེ་བཀྲུ་བ་དང་བཙེམ་པ་དང་ཚོས་ཀྱི་བསྒྱུར་བ་ལ་སོགས་པ་བྱས་ནས། སྟོན་འབྲིང་པོའི་བཅོ་ལྔ་ལ་སང་སྲ་བརྐྱང་འདི་ངས་ཀྱིས་ཁྱེད་ཅག་སོ་སོའི་ཆོས་གོས་ཀྱི་སྔགས་ཕྱུང་ཞིག་ཅེས་གོ་བར་བྱ་ཞིང་། དེ་ནས་དེས་སྲ་བརྐྱང་དྲི་དང་མེ་ཏོག་གིས་གཏོར་ཞིང་དྲི་ཞིམ་པོའི་བདུག་པས་བདུག་ནས་དགེ་འདུན་བསྡུས་ཤིང་རྒན་རིམ་གྱི་མཐའ་ནས་སྲ་བརྐྱང་འདིང་བའི་ཚིག་བརྗོད་ཅིང་དེ་དག་གིས་ཀྱང་ལེགས་པར་བཏིང་ངོ་སོགས་བརྗོད། དེ་ནས་སྲ་བརྐྱང་བཏིང་བའི་དགེ་སློང་གིས་སྲ་བརྐྱང་ཐོག་ཏེ་གཤང་གཅི་སར་འགྲོ་བ་དང་སྲ་བརྐྱང་དང་ཞག་ཏུ་འབྲལ་བ་ལ་སོགས་པ་མི་བྱ་ཞིང་དགེ་འདུན་གྱི་ནི་སྔར་བཤད་པ་རྣམས་ལ་བག་ཡངས་སུ་སྤྱོད་དུ་རུང་བ་སྟེ་ཆོས་གོས་རྣམས་ཀྱི་བྱིན་རླབས་སྲ་བརྐྱང་ལ་སྤྲོས་པ་ཡིན་ནོ། །དེ་ནས་དཔྱིད་ཟླ་ར་བའི་ཡར་ངོས་བཅོ་ལྔ་ལ་སྲ་བརྐྱང་འབྱིན་ཞིང་ཆོས་གོས་གསུམ་བྱིན་གྱིས་རློབ་པའོ། ། ༈ ཀཽ་ཤཱམྦཱིའི་གཞི་ནི། བཅོམ་ལྡན་འདས་ཡུལ་ཀཽ་ཤཱམྦཱིའི་གཙུག་ལག་ཁང་ན་གནས་པའི་ཚེ། ཡངས་པ་ཅན་གྱི་དགེ་སློང་སྡེ་སྣོད་གསུམ་པ་དག་དང་ཀཽ་ཤཱམྦཱིའི་དགེ་སློང་སྡེ་སྣོད་གསུམ་པ་དག་ཕྲག་དོག་གི་དབང་གིས་འཁྲུགས་ཤིང་རྩོད་པ་ལ་བཅས་ཏེ། དེ་ཡང་དགེ་འདུན་གྱི་ཁྲིམས་སུ་བཅས་པ་རལ་བའམ་ལྟུང་བ་བྱུང་བའི་དགེ་སློང་ནི་གནས་ནས་དབྱུང་བའི་ལས་དག་བྱ་སྟེ་དེས་ཀྱང་ཉེས་པ་དེ་ཆོས་བཞིན་དུ་ཕྱིར་འཆོས་ཤིང་དགེ་འདུན་ལ་མཐུན་པ་གསོལ་བ་ལས་སླར་འཐབ་པ་དང་རྩོད་པ་སོགས་མི་བྱ་ཞིང་། གནས་ནས་འབྱིན་པའི་དགེ་སློང་གིས་ཀྱང་དེས་མི་འདོད་པར་གླེང་ནས་འཐབ་པ་སོགས་མི་བྱ་ཞིང་དགེ་འདུན་གྱི་གསོལ་བཞིའི་ལས་ཀྱིས་ཉེས་པ་བྱུང་བའི་དགེ་སློང་དེ་གནས་དབྱུང་གི་ལས་བྱ་ཞིང་། དེས་ཀྱང་ཆོས་བཞིན་དུ་ཉེས་པ་ལ་ཉེས་པར་མཐོང་བར་བྱ་ཞིང་སླར་ཡང་མཐུན་པ་གསོལ་ཏེ་དགེ་འདུན་གྱིས་ཀྱང་གསོལ་བཞིའི་ལས་ཀྱིས་མཐུན་པ་སྦྱིན་ཞིང་། དེ་ནས་མཐུན་པའི་གསོ་སྦྱོང་ཀྱང་གསོལ་ཞིང་གནང་སྟེ་ལེགས་པར་གནས་པར་བྱའོ། ། ༈ ལས་ཀྱི་གཞི་ནི། ཕལ་ཆེར་དྲུག་སྡེ་དག་ལ་བརྟེན་ནས་བཅས་ཏེ། དེ་ཡང་དགེ་འདུན་གྱི་ལས་སུ་བྱ་བ་མང་པོ་ཞིག་ཏེ། དགེ་སློང་གང་ཞིག་ལྟུང་བ་བྱུང་ཞིང་ལྟུང་བ་བྱུང་བ་དེ་གླེང་ཞིང་དྲན་པར་བྱས་ནས་ལྟུང་བ་ལ་ལྟུང་བར་ཁས་མ་བླངས་པར་གནས་ནས་དབྱུང་བ་མི་བྱ་བ་དང་། དགེ་འདུན་གྱི་ལས་རྣམས་ལས་དགེ་སློང་ལྔའི་ཚོགས་ཀྱི་དགག་དབྱེ་བྱ་ཞིང་དེ་ལས་ཉུང་བས་མི་བྱེད་པ་དང་། དེ་བཞིན་དུ་བཅུས་བསྙེན་པར་རྫོགས་པ་དང་ཉི་ཤུས་གནས་ནས་དབྱུང་བ་བྱ་ཞིང་དེ་ལས་གཞན་པའི་ལས་གང་བྱེད་ཀྱང་བཞིའི་ཚོགས་ཡན་ཆད་ཀྱིས་བྱ་ཡི། གཅིག་དང་། གཉིས་དང་། གསུམ་གྱིས་མི་བྱ་བ་དང་ཡང་གསོལ་གཉིས་དང་གསོལ་བཞི་ལ་སོགས་པའི་ལས་གང་བྱེད་ཀྱང་དེ་དག་མ་ཚང་བར་གསོལ་བ་མེད་པར་ལས་སུ་བྱ་བ་གཉིས་སམ་གསུམ་བཟླས་པ་ཙམ་དང་ལས་བྱ་བ་མེད་པར་གསོལ་བ་འབའ་ཞིག་གིས་བྱེད་པ་རྣམས་ཀྱང་མི་བྱ་ཞིང་ཁས་བླང་བའི་ལས་མི་བྱེད་པ་དང་སྡིག་པའི་ལྟ་བ་འཛིན་པ་མི་སྤོང་བར་གནས་དབྱུང་བྱེད་པ་དང་། གཤེ་བ་དང་བསྐྲད་པར་འོས་པ་ལ་དེ་ལྟར་མི་བྱེད་པ་དང་། གནས་ནས་དབྱུང་བར་འོས་པ་སོགས་བག་ཡངས་སུ་གཞག་པར་མི་བྱ་བ་ལ་སོགས་པ་མང་པོ་ཞིག་གོ། ༈ དམར་སེར་ཅན་གྱི་གཞི་ནི། མཉན་ཡོད་དུ་དམར་སེར་ཅན་གྱི་དགེ་སློང་མང་པོ་འཐབ་མོ་དང་རྩོད་པ་བྱེད་པ་ལ་སོགས་པ་མང་པོ་ལ་བཅས་ཏེ། དགེ་སློང་གང་དག་འཐབ་པ་དང་རྩོད་པ་དང་མཚངས་འབྲུ་བ་ལ་བརྩོན་པར་བྱེད་པ་དེ་དག་ལ་ནི་དགེ་འདུན་གྱི་བསྡིག་པའི་ལས་བྱེད་དེ་དེ་ཡང་གླེང་བ་དང་། དྲན་པར་བྱ་བ་དང་། གཞི་དང་བཅས་པ་དང་། ཁས་བླང་བ་དང་། མངོན་སུམ་དུ་གྱུར་བ་བྱེད་ནས་དེ་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྡིག་པའི་ལས་བྱས་ནས། དེས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་མི་སྦྱིན། དགེ་ཚུལ་གཞག་པར་མི་བྱ། དགེ་སློང་མ་ལ་གདམ་པར་མི་བྱ། དགེ་སློང་གཞན་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་དང་སྤྱོད་པ་དང་། འཚོ་བ་རྣམས་ཉམས་པ་གླེང་བར་མི་བྱ། དྲན་པར་མི་བྱ། གདམས་ངག་སྦྱིན་པར་མི་བྱ། གསོ་སྦྱོང་མ་ཡིན། དགག་དབྱེ་མ་ཡིན། གསོལ་བ་དང་གཉིས་པ་དང་། གསོལ་བ་དང་བཞིའི་ལས་ཀྱང་མི་བྱའོ། །དེ་འགྱོད་པས་ཕྱིས་ནས་བསླང་བར་གསོལ་ཞིང་ཉེས་པ་དེ་དག་གཏོང་ན་ནི་དགེ་འདུན་གྱི་གསོལ་བཞིའི་ལས་ཀྱིས་བསླང་བར་བྱའོ། །དེ་བཞིན་དུ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ཞིང་དེ་སྤོང་བ་སོགས་བགྱིས་ཀྱང་ཡང་ནས་ཡང་དུ་ལྷག་མའི་ལྟུང་བ་འབྱིན་པ་ནི་སྨད་པའི་ལས་བྱའོ། །དགེ་སློང་ཁྱིམ་པ་སུན་འབྱིན་པའི་ལས་དག་བྱེད་པ་ནི་བསྐྲད་པའི་ལས་བྱའོ། །ཁྱིམ་བདག་ལ་བརྙས་ཐབས་བྱེད་པ་ནི་ཕྱིར་འགྱེད་པའི་ལས་སོ། །ལྟུང་བ་བྱུང་བ་མ་མཐོང་ངོ་ཞེས་སྨྲ་བ་དང་སྡིག་པའི་ལྟ་བར་སོང་བ་ནི་གནས་ནས་དབྱུང་བའི་ལས་བྱའོ། །དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་བཅང་བར་བྱེད་པ་ནི་ཟླ་བ་ཕྱེད་ཀྱི་སྤོ་བ་སྦྱིན་པ་སྟེ་དེ་དག་ཀྱང་གླེང་བ་སོགས་དང་། གསོལ་བཞིའི་ལས་དང་ཕྱིས་བསླང་བ་སོགས་ཆོ་ག་འདྲ་སྟེ་ཁྱིམ་བདག་ལ་བརྙས་ཐབ་བྱེད་པ་ནི་ཕྱིས་ཁྱིམ་བདག་ལ་བཟོད་པར་གསོལ་དུ་གཞུག་གོ། ༈ གང་ཟག་གི་གཞི་ནི། འཆར་ཀ་ལ་སོགས་མང་པོ་ལ་བརྟེན་ནས་བཅས་ཏེ་དེ་ཡང་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་ཟླ་བ་ཕྱེད་བཅས་པ་ལ་ནི་ཟླ་བ་ཕྱེད་ཀྱི་སྤོ་བ་སྦྱིན་པ་དང་། མ་བཅབ་པ་དེ་ལ་ཞག་དྲུག་གི་མགུ་བར་བྱ་བ་སྦྱིན་པ་དང་། ཡང་གང་ཟག་གང་ཞིག་ལྷག་མའི་ལྟུང་བ་གཉིས་བྱུང་བ་དེ་གཉིས་སུ་མ་ཤེས་ཏེ་ཟླ་བ་གཉིས་ལོན་ནས་ཤེས་པ་དང་། ཟླ་བ་གཉིས་བཅས་ཏེ་གཅིག་ནི་དགེ་སློང་རྣམས་ལ་སྨྲས། གཅིག་ནི་མ་སྨྲས་པ་དང་དགེ་འདུན་གྱི་དེར་ཟླ་བ་གཉིས་ཀྱི་སྤོ་བ་བྱིན་ཏེ། དེ་སྤོ་བ་བགྱིད་བཞིན་པ་ལས་དེས་དགེ་འདུན་གྱི་ནང་དུ་མ་སྨྲས་པའི་ལྟུང་བ་གང་ཡིན་པ་དེ་ཡང་ཤེས་ན་དེ་ལ་ཡང་ཟླ་བ་གཉིས་ཀྱི་སྤོ་བ་སྦྱིན་ནོ། །དེ་བཞིན་དུ་ཟླ་བ་གཅིག་ཏུ་བཅབ་པ་ལ་ནི་ཟླ་བ་གཅིག་གི་སྤོ་བ་སྦྱིན་ནོ། །དེ་ལ་བསླབ་པ་ཉམས་པ་ཕྱིར་བཅོས་ཀྱི་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་གོ། ༈ སྤོ་བའི་གཞི་ནི། དགེ་སློང་གང་ཞིག་དགེ་འདུན་ལྷག་མའི་ལྟུང་བ་རྣམས་ཕྱིར་བཅོས་ཀྱི་ཆོ་ག་སྟེ་མཉན་ཡོད་དུ་དགེ་སློང་མང་པོ་ལྷག་མའི་ལྟུང་བ་བྱུང་བས་འགྱོད་དེ་བབས་པ་ལ་བརྟེན་ནས་བཅས་ཏེ་དེ་ཡང་ལྷག་མའི་ལྟུང་བ་བྱུང་ནས་ཟླ་བ་ཕྱེད་བཅབ་ན་ཟླ་ཕྱེད་ཀྱི་སྤོ་བ་སྦྱིན་པ་དང་། ཟླ་གཅིག་བཅབ་ན་ཟླ་བ་གཅིག་གི་སྤོ་བ་སྦྱིན་པ་དང་། མ་བཅབ་ན་ཞག་དྲུག་གི་མགུ་བ་སྦྱིན་པ་སོགས་གསང་སྔགས་ཀྱི་གཞིར་ཤེས་པར་བྱས་ནས་སྤོ་བ་དངོས་ནི་འདི་ལྟར་དགེ་སློང་གི་དགེ་འདུན་ཡོངས་སུ་དག་པ་བཞི་ཡན་རྨད་ཀྱི་ཚོགས་བསྡུས་ནས་དེའི་དྲུང་དུ་དང་པོ་རང་ཉིད་ཀྱི་སྤོ་བ་བསྩལ་བར་གསོལ། དེ་ནས་དགེ་སློང་གཞན་ཞིག་གིས་གསོལ་བཞིའི་ལས་ཀྱིས་སྤོ་བའི་ཆོ་ག་བྱ་སྟེ་དེ་ལྟར་བྱིན་པའི་དགེ་སློང་དེས་ཀྱང་དགེ་སློང་གཞན་གྱི་ཕྱག་དང་ལྡང་བ་ལ་སོགས་ཞེ་ས་བདག་གིར་མི་བྱ། སྟན་གཅིག་ཏུ་འདུག་པ་དང་། དགེ་སློང་གཞན་གྱི་སྟན་དང་མཉམ་པ་ལ་ཡང་མི་འདུག་སྟེ། སྟན་དམའ་བར་འདུག་པ་དང་། བསོད་སྙོམས་ཀྱི་ཕྱིར་གཞན་གྱི་ཁྱིམ་དུ་མི་འགྲོ་ཞིང་འགྲོ་ན་ཡང་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་དུ་བྱའོ། །དེས་གཞན་རབ་ཏུ་བྱུང་བ་ལ་སོགས་ཀྱང་མི་བྱ་གཞན་གྱི་སྐྱོན་གླེང་བར་མི་བྱ་ཅི་ནས་ཀྱང་དགེ་སློང་གཞན་རྣམས་ལ་ཞེ་ས་དང་བཀུར་སྟི་དང་རིམ་གྲོ་དང་མངག་གཞུགས་སོགས་ཅི་ལྟར་འཚམ་པ་བྱེད་ཅིང་གནས་པའོ། ། ༈ གསོ་སྦྱོང་གཞག་པའི་གཞི་ནི། གང་ན་དགེ་སློང་གི་དགེ་འདུན་ཡོངས་སུ་དག་ནས་དགེ་འདུན་གྱི་གནས་བརྟན་གྱིས་སོ་སོར་ཐར་བའི་མདོ་འདོན་པར་བྱ་བ་ལས་དེས་དགེ་སློང་གི་འཁོར་མ་དག་པ་མཐོང་ན་དེ་ལ་ལྐོག་ཏུ་གླེང་བར་བྱ་ཞིང་མི་དྲན་ནོ་ཟེར་ན་དྲན་པར་བྱ་ཞིང་དྲན་ནས་ཆོས་བཞིན་དུ་ཕྱིར་བཅོས་བགྱིད་ན་ལེགས་པར་གསོ་སྦྱོང་བྱ་ཞིང་གལ་ཏེ་ཁྲོ་བར་བགྱིད་ན་དེ་ལ་སྐབས་འབྱེད་དུ་བཅུག །འོན་ཀྱང་གཞན་དུ་སྒྱུར་བར་བྱེད་ན་མི་སྨྲ་བར་གཞུག་གོ། དེས་ཀྱང་མ་བཏུབ་ན་གསོ་སྦྱོང་དང་དགག་དབྱེ་གཞག་པར་བྱའོ། །དེ་ཡང་ཚུལ་ཁྲིམས་དང་ལྟ་བ་ཉམས་པ་དང་། བསླབ་པ་སྤོང་བ་ལ་སོགས་པའི་ཉེས་པ་དགེ་སློང་དེར་ཡོད་བཞིན་དུ་དེ་གླེང་བ་ན་ཁྲོ་བ་དང་། གཞན་དུ་སྒྱུར་བ་ལ་སོགས་བྱེད་ནས་གསོ་སྦྱོང་གཞག་པ་བྱས་ན་ནི་ཆོས་བཞིན་དུ་གསོ་སྦྱོང་བཞག་པར་བྱས་པ་ཡིན་གྱི། དགེ་སློང་དེ་ཉེས་པ་བྱས་པ་མེད་བཞིན་དུ་གླེང་ཞིང་གསོ་སྦྱོང་བཞག་པར་བྱས་ན་ནི་ཆོས་མ་ཡིན་པར་གསོ་སྦྱོང་བཞག་པར་བྱས་པ་ཡིན་ནོ། ། ༈ གནས་མལ་གྱི་གཞི་ནི། ཝཱརཱ་ཎ་སཱིར་ལྔ་སྡེ་ལ་ཁྱིམ་བདག་དགེ་བཟང་གི་ཆེད་དུ་གནང་སྟེ། དེ་ཡང་དགེ་འདུན་གྱི་གཙུག་ལག་བརྩིགས་པ་སྟེ། དེ་ཡང་དབུས་སུ་དྲི་གཙང་ཁང་དང་། དེའི་གཡས་གཡོན་དུ་གནས་ཁང་གཉིས་བྱ་ལ། དེ་བཞིན་གནས་ཁང་དགུ་ལ་སོགས་པ་བྱའོ། །དེ་ཡང་དགེ་སློང་གི་གཙུག་ལག་ཁང་ནི་ལྔ་རྩེག །དྲི་གཙང་ཁང་ནི་བདུན་རྩེག །སྒོ་ཁང་སྟེང་གི་བསིལ་ཁང་ཡང་བདུན་རྩེག་ཏུ་བྱ་ལ། དགེ་སློང་མའི་གཙུག་ལག་ཁང་ནི་སུམ་རྩེག་དྲི་གཙང་ཁང་ནི་ལྔ་རྩེག་སྒོ་ཁང་གི་སྟེང་གི་བསིལ་ཁང་ཡང་ལྔ་རྩེག་ཏུ་བྱའོ། །དེ་ནས་གནས་མལ་འབོག་པའི་དགེ་སློང་དག་བསྐོ་ཞིང་དེས་ཀྱང་རྒན་རིམ་བཞིན་གྱི་གནས་ཁང་བསྐོ་བར་བྱ་སྟེ། དེ་དག་གིས་ཀྱང་ཆག་ཆག་དང་ཕྱག་དར་བྱེད་པ་ལ་སོགས་པར་ལེགས་པས་སྤྱད་དོ། །གལ་ཏེ་གནས་ཁང་མང་ཞིང་དགེ་སློང་ཉུང་བར་གྱུར་ན་ནི་དགེ་སློང་རེ་རེ་ལ་གནས་ཁང་མང་པོ་དག་ཕོག་སྟེ་དེ་དག་ཁ་ཅིག་ཏུ་ནི་སྔ་དྲོ། ཁ་ཅིག་ཏུ་ནི་ཕྱི་དྲོ་ལ་སོགས་པར་གནས་ཤིང་ཕྱག་དར་སོགས་བགྱིད་ལ་དགེ་སློང་མང་ཞིང་གནས་ཁང་ཉུང་བར་གྱུར་ན་ནི་རེ་རེ་ཡང་བགོ་བར་བྱ་ལ་དེ་ལ་སོགས་པའོ། ། ༈ རྩོད་པའི་གཞི་ནི། སེངྒེ་ལའི་རྒྱལ་པོའི་བུ་མོས་མུ་ཏིག་བྲེ་གསུམ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱེས་སུ་ཕུལ་བ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐལ་བ་ནི་ཆོས་སྨྲ་བའི་དགེ་འདུན་རྣམས་ལ་དབང་བར་གསུང་ན་དགེ་སློང་འདུལ་བ་འཛིན་པ་དང་། མདོ་སྡེ་འཛིན་པ་དང་། མ་མོ་འཛིན་པ་རྣམས་འདུམ་སྟེ་རྒྱ་ཆེར་རྩོད་པ་དང་ལྗོངས་ཞིག་ཏུ་དབྱར་གནས་པའི་དགེ་འདུན་མང་པོ་ལ་བཅས་ཏེ། དེ་ཡང་དགེ་སློང་དག་ཕན་ཚུན་རྩོད་པ་ན་རྩོད་པ་དེའི་ནང་ན་མེད་ཅིང་བསླབ་པ་ཡོངས་སུ་དག་ལ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ཞིག་ལ་རྩོད་པ་དེ་སེལ་དུ་གཞུག་གོ། དེས་སེལ་མ་ནུས་ན་དགེ་འདུན་གྱིས་སེལ་བར་བྱ་ཞིང་དེས་ཀྱང་མ་ནུས་ན་སྤྲོ་བ་དྲི་བ་དང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དགེ་སློང་གསལ་བ་བཅུ་འམ་བཅུ་གཉིས་བསྐོ་བར་བྱ་ལ་དེ་དག་གིས་རྩོད་པ་དེ་ཞི་བར་བྱ་ལ་དེ་དག་གིས་ཀྱང་ཞི་བར་བྱ་མ་ནུས་ན་གསལ་བ་བས་ཀྱང་གསལ་བ་བརྒྱད་དམ་དགུ་བསྐོས་ནས་རྩོད་པ་དེ་ཞི་བར་བྱའོ། །དེས་ཀྱང་ཞི་མ་ནུས་ན་དགེ་འདུན་གྱི་རྩོད་པ་སྦེད་པའི་དགེ་སློང་བསྐོ་སྟེ་དེས་ཀྱང་དགེ་འདུན་གྱི་གནས་བརྟན་དག་ལ་གཏད་དེ་དེས་ཞི་བར་བྱ་མ་ནུས་ན་དགེ་སློང་སྡེ་སྣོད་གསུམ་པ་དག་ལ་གཏད་དོ། །དེ་དག་གིས་ཀྱང་མ་ནུས་ན་ཕྱོགས་གཞན་ན་གནས་པའི་དགེ་སློང་གནས་བརྟན་དང་སྡེ་སྣོད་གསུམ་པ་ལ་གཏད་ཅིང་དེ་དག་གིས་ཀྱང་རྩོད་པ་བྱེད་པའི་དགེ་སློང་གིས་ཞེ་ས་དང་བཀུར་སྟི་བྱེད་ཀྱང་དང་དུ་མི་བླང་ཤིང་ཆོས་ཀྱང་མི་སྟོན་གདམས་ངག་ཀྱང་མི་འབོག་ལ་རྩོད་པ་དག་མ་བྱེད་ཅིག་ཅེས་ཡང་དང་ཡང་དུ་བསྒོ་བར་བྱ་ཞིང་དེ་དག་གིས་ཀྱང་ཞི་བར་བྱེད་མ་ནུས་ན་ཚུལ་ཤིང་མང་པོ་བྲིམ་པའི་ཞི་བར་བྱེད་པ་སོགས་སོ། ། ༈ དབྱེན་གྱི་གཞི་ནི། རྒྱལ་པོའི་ཁབ་ཏུ་ལྷ་སྦྱིན་དང་དེའི་གྲོགས་བྱེད་པའི་དགེ་སློང་བཞིས་དགེ་འདུན་གྱི་དབྱེན་བྱེད་པར་རྩོམ་པ་ན་བཅས་ཏེ། དེ་ཡང་དགེ་འདུན་གྱིས་དང་པོར་དབྱེན་བགྱིད་པའི་དགེ་སློང་དེ་ལ་དགེ་འདུན་མ་དབྱེ་ཞིག་ཅེས་བཞག་སྟེ་བསྒོ་བར་བྱ་ཞིང་དེས་ཀྱང་མ་བཏུབ་ན་གསོལ་བ་དང་བཞིའི་ལས་ཀྱིས་བཞག་ཏེ་བསྒོའོ། །གྲོགས་བྱེད་པ་རྣམས་ལ་ཡང་དགེ་འདུན་འབྱེད་པའི་གྲོགས་མ་བྱེད་ཅིག་ཅེས་བསྒོ་ཞིང་དེས་ཀྱང་མ་བཏུབ་ན་གསོལ་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །ཞེས་གསུངས་པ་རྣམས་ཏེ་དགེ་འདུན་གྱི་དབྱེན་ནི་སངས་རྒྱས་མི་བཞུགས་པ་ན་མི་འབྱུང་ངོ་། །དེས་ནི་དགེ་འདུན་གྱི་སོ་སོར་ཐར་བའི་གཞི་བཅུ་བདུན་པོ་དག་ཚང་བ་ཡིན་ཏེ་དེ་ལས་ཁང་པ་དང་གོས་རྣམས་ཀྱི་ཚད་ནི་ཅི་ཞེ་ན། གནས་ཁང་ནི་སྲིད་དུ་བདེ་བར་གཤེགས་པའི་མཐོས་མཐོ་བཅུ་གཉིས་ཞིང་དུ་བདུན་ཏེ་ཕལ་བའི་ཁྲུས་སྲིད་དུ་བཅོ་བརྒྱད་དང་ཞིང་དུ་ཕྱེད་བཅུ་གཅིག་པའོ། །སྣམ་སྦྱར་ནི་གསུམ་སྟེ། ཚེ་ཚད་ནི་སྲིད་དུ་ཁྲུ་ལྔ་དང་ཞིང་དུ་གསུམ་མོ། །འབྲིང་ཚད་ནི་དེ་ལས་ཅུང་ཟད་ཆུང་བ་དང་། ཆུང་ཚད་ནི་ཞིང་དུ་ཁྲུ་ཕྱེད་གསུམ་དང་སྲིད་དུ་ཕྱེད་ལྔ་པ་སྟེ་དེ་ལ་སྣམ་ཕྲན་གྱི་གྲངས་ནི། དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་ཆུང་སྐོར་གསུམ་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་སྟེ་འབྲིང་སྐོར་གསུམ་དང་། ཉེར་གཅིག་པ་དང་། ཉེར་གསུམ་པ་དང་། ཉེར་ལྔ་པ་སྟེ་ཆེ་སྐོར་གསུམ་གྱི་དགུ་པོ་གང་བྱས་ཀྱང་རུང་ལ། དེ་ཡང་སྣམ་ཕྲན་གྱི་ཚད་སྔ་མ་གསུམ་ཕྱེད་གསུམ་དང་། བར་བ་གསུམ་ཕྱེད་བཞི། ཕྱི་མ་གསུམ་ཕྱེད་ལྔ་པའོ། །བླ་གོས་ནི་ཚད་སྣམ་སྦྱར་དང་འདྲ་ལ་རྔུལ་གཟན་དང་དེས་གཟན་ཀྱང་ཚད་དེ་དང་འདྲ། མཐང་གོས་སྲིད་དུ་ཁྲུ་ལྔའམ་བཞི། ཞིང་དུ་དོའོ། །གདིང་བ་ནི་སྲིད་དུ་ཁྲུ་གསུམ་ཞིང་དུ་ཁྲུ་དོ་དང་སོར་དྲུག་གོ། དེ་ལ་སྲིད་དུ་ཁྲུད་གང་བསྲིང་ཀྱང་འགལ་བ་ནི་མེད་དོ། །གཡན་དགབ་ནི་སྲིད་དུ་ཁྲུ་དྲུག །ཞིང་དུ་ཁྲུ་གསུམ་མོ། །རས་ཆེན་ནི་སྲིད་དུ་ཁྲུ་དགུ་ཞིང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །ཤམ་ཐབ་དང་དེའི་གཟན་ནི་མཐང་གོས་དང་འདྲ་བའོ། ། ༈ གཞི་བཅུ་བདུན་པོའི་ངེས་ཚིག་ནི། ཁྱིམ་དང་འཁོར་བ་ལས་རབ་ཏུ་འབྱུང་བས་ན་རབ་བྱུང་། བསླབ་པ་ཉམས་པ་གསོ་ཞིང་ཉེས་པ་སྦྱོང་བ་གསོ་སྦྱོང་། དབྱར་ཟླ་བ་གསུམ་དུ་དགག་པ་བྱས་པའི་བསླབ་པ་ལ་སྐབས་ཕྱེ་བས་དགག་དབྱེ། དབྱར་ཟླ་བ་གསུམ་གནས་གཅིག་ཏུ་གནས་པས་དབྱར་གནས། ཀོ་བ་དང་ལྤགས་པའི་གདན་གོས་རུང་མི་རུང་བསྟན་པ་ཀོ་ལྤགས། བཀྲེས་སྐོམ་དང་ནད་ལ་སྨན་དུ་གྱུར་པའི་བཟའ་བཏུང་གི་བྱེ་བྲག་རུང་བ་དང་མི་རུང་བ་བསྟན་པ་སྨན་གྱི་གཞི། གོས་ཀྱི་བྱེ་བྲག་མཚན་མས་གདབ་པ་དང་ཁ་དོག་སོགས་སྟོན་པ་གོས། ཆོས་གོས་ཀྱི་གཞིར་སྤང་ལེབ་ལྟར་བཏིང་བ་སྲ་བརྐྱང་། ཀཽ་ཤཱམྦཱིའི་དགེ་སློང་མང་པོ་ལ་བཅས་པས་ཀཽ་ཤཱམྦཱི། དགེ་འདུན་གྱི་ལས་གཙོ་བོ་དག་སྟོན་པ་ལས་ཀྱི། དམར་སེར་ཅན་གྱི་དགེ་སློང་མང་པོ་ལ་བཅས་པ་དམར་སེར་ཅན། གང་ཟག་རེ་རེ་ལ་ལྟུང་བ་བཅབ་པ་དང་མ་བཅབ་པའི་བྱེ་བྲག་སྟོན་པ་གང་ཟག །དེ་དག་ལ་ཟླ་ཕྱེད་སོགས་ཀྱི་སྤོ་པ་སྦྱིན་པ་སྤོ། ཉེས་པ་དུ་མ་ལ་བརྟེན་དེ་གསོ་སྦྱོང་བཞག་པར་བྱ་བ་གསོ་སྦྱོང་བཞག །གནས་ཁང་པ་དང་མལ་ཁྲི་སྟན་སོགས་ཀྱི་བྱེ་བྲག་སྟོན་པ་གནས་མལ། དགེ་འདུན་གྱི་རྩོད་པ་ཕལ་ཞི་བར་བྱ་བ་རྩོད་པ། དགེ་འདུན་ལྟ་བ་དང་སྟོན་པ་ཐ་དད་དུ་གྱུར་ཏེ་ཆ་གཉིས་སུ་ཕྱེ་བ་བསྡུམ་པ་དབྱེན་གྱི་གཞིའོ། །

ལེགས་གསུང་འདུལ་བ་བསྟན་པའི་གཞི་ཡིན་ཡང་། །སྙིགས་མའི་རྒུད་པས་བཀབ་པའི་རབ་བྱུང་ཁྱུར། །ཡང་དག་ཕྱག་བཞེས་མཐོང་ཐོས་སྤངས་དེས་ཕྱིར། །སྔ་འགྱུར་གཞུང་གི་དགོངས་པ་ལ་དཔྱད་ནས། །ཆག་བཞག་ཙམ་དུ་དཔལ་སྤྲུལ་སྨྱོ་རོས་བྲིས། །ནོར་འཁྲུལ་གྱུར་ན་མཁས་པས་བཅོས་འཚལ་ཞིང་། །འཕྱ་བར་མི་བྱ་སྙིགས་མའི་གདོན་ལ་རྟོགས། །མངྒལཾ། །