PJCW-KABUM-02-KHA-022

From Khyentse Lineage - A Tsadra Foundation Project
Revision as of 09:55, 2 June 2024 by Jeremi (talk | contribs)
Wylie title
Location dpal sprul bka' 'bum
Volume 2, Text 22, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །གཏེར་ཆེན་འགྱུར་མེད་རྡོ་རྗེེས་གསུངས་པའི་སྨོན་ལམ་རྡོ་རྗེ་རྒྱ་མདུད་བཞུགས། །


བླ་མ་དང་དབྱེར་མ་མཆིས་པའི་རྡོ་རྗེ་འཛིན་པའི་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ལ་འདིར་སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་གི་རྒྱ་མདུད་འདི་འཆད་པ་ལ། བསྔོ་བའི་དཔང་པོ་གསོལ་བ། བསྔོ་རྒྱུའི་དགེ་རྩ་བསྟན་པ། བསྔོ་བ་དངོས་བཤད་པ་དང་གསུམ་ལས་དང་པོ་ནི། ཧྲཱི་བླ་མ་ཡི་དམ་སོགས། གཉིས་པ་ནི། དེང་འདིར་བརྩོན་སོགས། གསུམ་པ་བསྔོ་བ་དངོས་ལ། རང་དོན་དུ་འབྲས་བུ་དང་། ལམ་གྱི་ཆེད་དུ་བསྔོ་བ། གཞན་དོན་དུ་བསྟན་པ་དང་། འགྲོ་བའི་ཆེད་དུ་བསྔོ་བ་གཉིས་ལས། དང་པོ་ལ་མཐར་ཐུག་འབྲས་བུའི་ཆེད་དུ་བསྔོ་བ་དང་། གནས་སྐབས་ལམ་གྱི་ཆེད་དུ་བསྔོ་བ་གཉིས་ལས། དང་པོ་ནི། བླ་མེད་བྱང་ཆུབ་སོགས། གཉིས་པ་གནས་སྐབས་ལམ་གྱི་ཆེད་དུ་བསྔོ་བ་ལ། ལམ་གྱི་རྟེན་ལུས་ཕུན་སུམ་ཚོགས་པ་སྨོན་པ་དང་། ལམ་དངོས་ཉམས་སུ་ལེན་པར་སྨོན་པ་དང་། ལམ་གྱི་བྱེད་ལས་འགྲུབ་པར་སྨོན་པ་དང་། ལམ་གྱི་མཐུན་རྐྱེན་ཚང་བར་སྨོན་པ་སྟེ་བཞི་ལས། དང་པོ་ནི། དེ་ནས་བྱང་ཆུབ་སོགས། གཉིས་པ་ལ་ལམ་སྤྱིའི་ཆེད་དུ་སྨོན་པ་དང་། ལམ་བྱེ་བྲག་གི་ཆེད་དུ་སྨོན་པ་གཉིས་ལས། དང་པོ་ནི། དབང་གིས་སྨིན་ཅིང་། གཉིས་པ་ལ། རྒྱུད་སྒྱུ་འཕྲུལ་དྲ་བའི་ཉམས་ལེན་ལ་སྨོན་པ། ལུང་ན་རག་དོང་སྤྲུག་གི་ཉམས་ལེན་ལ་སྨོན་པ། མན་ངག་རྫོགས་པ་ཆེན་པོའི་ཉམས་ལེན་ལ་སྨོན་པ་དང་གསུམ། དང་པོ་ལ་བཞི་སྟེ་སྣང་བ་སྐུའི་དཀྱིལ་འཁོར། ཅིར་སྣང་སོགས། སྒྲར་གྲགས་གསུང་གི་དཀྱིལ་འཁོར། གྲགས་པ་སོགས། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར། སེམས་ཀྱི་སོགས། ཐམས་ཅད་བདེ་ཆེན་གྱི་རོལ་བ། བདེ་ཆེན་སོགས། གཉིས་པ་ལའང་བཞི་སྟེ། སྒྲིབ་པ་ཡེ་དག་གི་བཤགས་པ། ཉམས་ཆགས་སོགས། ཡོན་ཏན་ཡེ་ལྡན་གྱི་བསྐང་བ། ཕྱི་ནང་། རྒྱུད་ཉོན་མོངས་རང་གྲོལ། གང་ཤར། འབྲུས་བུ་ངན་སོང་དོང་སྤྲུགས་ངན་སོང་། གསུམ་པ་ལའང་བཞི་སྟེ། ཐིག་ལེ་རང་གནས་ཀྱི་ལྟ་བ་ཐིག་ལེ། བསྲུང་དུ་མེད་པའི་དམ་ཚིག །དམ་ཚིག་སོགས། འདུ་འབྲལ་མེད་པའི་ཉམས་ལེན། ཁྱབ་བརྡལ་སོགས། སྤངས་ཐོབ་མེད་པའི་འབྲས་བུ། རྫོགས་པ་སོགས། གསུམ་པ་ལམ་གྱི་བྱེད་ལས་འགྲུབ་པར་སྨོན་པ་ནི། བརྒྱུད་པ་སོགས། བཞི་པ་ལམ་གྱི་མཐུན་རྐྱེན་ཚང་བར་སྨོན་པ་ནི། ཞི་ཁྲོ་སོགས། གཉིས་པ་བསྟན་པ་དང་འགྲོ་བའི་ཆེད་དུ་སྨོན་པ་དང་བསྔོ་བ་ནི། རྒྱལ་བའི་བསྟན་པ་སོགས། དགེའོ། །དཔལ་སྤྲུས་མཛད་པའོ། །