PJCW-KABUM-06-CHA-031
༄༅། །ཕྱི་ནང་གི་དབེན་པ་ཡ་མ་བྲལ་བར་བརྟེན་ཚུལ་སོགས་འགྱ་བ་མདོ་སྔགས་ལ་གདམས་པ།
ཤིང་མཆོག་དམ་པ་ནྱེ་གྲོ་དྷ་ཡི་དྲུང་དུ། །སྡེ་དང་བཅས་པའི་བདུད་སྡེ་ཇི་སྙེད་མ་ལུས། །
རང་ཉིད་གཅིག་པུའི་བྱམས་པའི་སྟོབས་ཀྱིས་བཏུལ་ནས། །མངོན་སངས་རྒྱས་པའི་སྟོན་པ་མཆོག་དེ་མཁྱེན་ནོ། །མགོན་པོ་ཁྱེད་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད། །དུག་དང་འདྲེས་པའི་ཟས་བཞིན་ཡོངས་སུ་སྤང་སྟེ། །རང་ཉིད་གཅིག་པུ་དབེན་པའི་ནགས་སུ་གཤེགས་ནས། །རྩེ་གཅིག་བསམ་གཏན་སྒྲུབ་པར་མཛད་ཅེས་ཐོས་སོ། །དེ་ཡི་ཕྱིར་ན་དབེན་པའི་རི་ངོགས་ཉམས་དགའ། །མགོན་པོ་མཆོག་དེའི་རྗེས་འཇུག་བུ་ལ་གནང་བའི། །ཕ་ཁྱིམ་ལགས་ཕྱིར་སྐྱོབས་པ་མཆོག་དེའི་བཀའ་བཞིན། །དབེན་པ་བསྟེན་པ་སྐྱིད་པའི་ཡང་རྩེ་ལོས་ཡིན། །ནགས་དང་དགོན་པ་བས་མཐའི་གནས་མལ་ལ་སོགས། །རྒྱལ་སྲས་རྣམས་ཀྱི་ཕྱི་ཡི་དབེན་པ་ལགས་ཏེ། །རང་འདོད་ཡིད་བྱེད་ཞུམ་པའི་བློ་ཆུང་སྤང་བ། །སེམས་དཔའ་རྣམས་ཀྱི་ནང་གི་དབེན་པ་དེ་ལགས། །དེ་ཕྱིར་ཕྱི་ཡི་དབེན་པ་དག་ལ་བསྟེན་ཏེ། །ནང་གི་ཉོན་མོངས་ཞི་ལྷག་སྟོབས་ཀྱིས་འདུལ་ཞིང་། །ཀུན་བཟང་སྤྱོད་མཆོག་སྨོན་པའི་ཡུལ་དུ་བཟུང་བའི། །སྐལ་བཟང་དེ་འདྲ་རྒྱལ་བའི་སྲས་པོ་ཡིན་ནོ། །ལྷུང་ལྷུང་བསིལ་བའི་ཕུ་ཆུ་སྙན་པར་འབབས་ཤིང་། །བྲག་རིའི་བ་གམ་ལྷ་ཡི་ཐེམ་སྐས་འགྲམས་ལ། །ཟླ་འོད་དཀར་པོའི་ཟིལ་པ་དལ་གྱིས་འབབ་པའི། །དབེན་པའི་རི་དེ་ལྷ་ཡུལ་ལས་ཀྱང་ལྷག་གོ །འདོད་ཉོན་མི་སྐྱེ་རྐང་འཐུང་བུ་མོའི་ཟློས་གར། །ཆགས་སྡང་ཡུལ་མིན་བྱ་ཚོགས་སྙན་གླུས་བཟུང་ཞིང་། །རྟོག་མེད་དེ་ཡི་གྲིབ་བསིལ་འཇམ་པོས་འགེབ་པའི། །གཞོན་ནུའི་གྲོགས་དེ་སྐེད་མེད་སྟོང་ལས་ལྷག་གོ །བསམ་གཏན་ཚེར་མ་སྒྲ་ཡི་ཅ་ཅོ་མེད་པའི། །གྲོགས་མེད་གཅིག་པུ་དབེན་པའི་གནས་བཟང་དེ་ན། །སེམས་ཀྱི་སྤྲེ་རྒན་ཡུལ་ལ་འཕྱན་པ་མེད་དེ། །ནང་དུ་གནས་ནས་ཉམས་མྱོང་སིམ་པ་སྤྱོད་དོ། །མང་ཚོགས་རྣམ་གཡེངས་ཉི་མའི་འོད་ཀྱིས་ནོན་པའི། །རང་སྐྱོན་རྟོག་ངན་རྒྱུ་སྐར་ལས་ཀྱང་མང་བ། །དབེན་གསུམ་བསིལ་ཟེར་བདུད་རྩིའི་རེག་ལས་མངོན་ཏེ། །གཉེན་པོའི་སྟོབས་ཀྱིས་གཞོམ་ལ་དཀའ་བ་མ་ལགས། །སྐྱོ་བའི་ཉམས་ཀྱིས་རྟོག་པའི་རྙོགས་མ་བགྲུངས་པའི། །སེམས་ཀྱི་རྫིང་བུ་གཡོ་མེད་གནས་པའི་ངང་ལ། །དད་དང་སྙིང་རྗེའི་གཟུགས་བརྙན་འགོགས་མེད་འཆར་བའི། །ལྷོད་མེད་དེ་ལ་གཅིག་པུའི་སྐྱོ་གྲོགས་ཅི་དགོས། །སེམས་ཀྱི་མེ་ལོང་ཕྱིས་ཤིང་ཕྱིས་པའི་ངོས་ལ། །ཡུལ་རྐྱེན་མང་པོའི་གཟུགས་བརྙན་འཆར་བ་མེད་ན། །ཐོས་བསམ་བསྒོམ་པའི་རི་མོ་གསལ་ཞིང་བཀྲ་སྟེ། །ཉམས་མྱོང་ཆོས་ཀྱི་འོད་སྣང་འཆར་ལ་སུ་འགོགས། །བཀྲེས་སྐོམ་གྲང་སོགས་ལུས་ཀྱི་གདུང་བའི་ཚོགས་དང་། །
སྐྱོ་འཇིགས་ལ་སོགས་སེམས་ཀྱི་དུཿཁ་དུ་མ། །ཆོས་བཞིན་སྤྱོད་ལ་སྒྲིབ་སྦྱང་ལམ་གྱི་བོག་འདོན། །སྤང་བླང་ཅི་དགོས་སེམས་ཀྱི་རྒྱན་དུ་འཁྱེར་ཆོག །བླུན་པོས་སྨོན་པའི་འདོད་ལྔ་ཡུལ་གྱི་བདེ་བ། །དབེན་པའི་གནས་ན་ལྷ་བཞིན་ལྟམ་པ་མེད་ཀྱང་། །མཁས་པས་བསྔགས་པའི་ཆོས་ཀྱི་དགའ་བ་བརྒྱ་ཕྲག །དགའ་ལྡན་ལྷ་ལས་དབེན་པའི་ནགས་ན་མང་ངོ་། །སྡུག་བསྔལ་གདུང་བ་བརྩོན་པའི་གྲོགས་སུ་འཆར་བའི། །རྒྱལ་སྲས་དེ་ལ་ཆོས་ཀྱི་འགལ་ཟླ་མེད་དོ། །བྱེ་བ་བརྒྱ་ཕྲག་བདུད་སྡེ་དགྲ་རུ་ལང་ཡང་། །རྐྱེན་ངན་གྲོགས་ཤར་མཁས་པ་དེ་ལ་ཅི་བྱ། །
བླ་མའི་མན་ངག་བདུད་རྩིའི་འབྲས་བཟང་མྱོང་བ། །ཐོས་མང་ཚིག་གི་སྦུན་པ་འཕྱར་ཕྱིར་མི་རྒྱུག །ས་མཆོག་སེམས་དཔའི་ཐུགས་རྗེའི་འོད་སྣང་འདོད་དེ། །སོ་སྐྱེས་གཏམ་གྱི་སྒྲོན་མེར་རེ་བ་མ་ཡིན། །སེམས་འདི་འདུལ་ལ་རྒྱན་བྱེད་མགར་བ་བཞིན་དུ། །ཤེས་ཤེས་མང་པོའི་ལག་ཆའི་བྱེ་བྲག་མི་དགོས། །ངེས་འབྱུང་སྙིང་རྗེའི་ཐོང་སོ་རྣོན་པོ་གཅིག་གིས། །རྒྱུན་ངན་ཐ་བ་སློག་རུལ་བཞིན་དུ་རློག་འགྲོ། །བླ་མའི་ཐུགས་རྗེའི་བདུད་རྩིའི་ཆར་བཟང་གཅིག་གིས། །ཡོན་ཏན་ལོ་ཏོག་སྙེ་མ་མགོ་ལྕོགས་ལྡེམ་ཚེ། །མོས་གུས་སྤྲིན་ཕུང་ཡང་དང་ཡང་དུ་བསྡུས་ན། །བར་ཆོད་སད་ཀྱིས་བརྫི་དོགས་དགོས་པ་མ་ལགས། །གྲོགས་དང་བླ་མ་ཉེ་དུ་ཕ་མ་ལ་སོགས། །རྒྱང་ན་གནས་ཚེ་བརྩེ་དུང་གདུང་སེམས་ཆེ་བ། །དྲུང་དུ་གཅར་ན་དེ་ལྟར་འོང་བ་དཀའ་སྟེ། །འདྲིས་སུན་ཁོང་ཁྲོ་ཤུགས་ཀྱིས་སྐྱེ་བ་དེ་ལགས། །དབེན་པའི་གནས་སུ་དད་དང་སྙིང་རྗེའི་བརྩེ་གདུང་། །མཆོག་དམན་བར་མའི་འགྲོ་ལ་འོས་བཞིན་སྒོམ་སྟེ། །སྨོན་པའི་ཐ་གུས་བྱང་ཆུབ་སྤྱོད་ཕྱིར་སྦྲེལ་ན། །ཚེ་རབས་ཀུན་ཏུ་འབྲལ་བ་ཡོད་པ་མ་ལགས། །ཁ་བཤད་ཚིག་གི་དྲི་ངད་ལོ་འདབ་ཆེ་ཡང་། །གཤིས་ངན་སྦྲུལ་གྱི་རེག་པ་རྩུབ་མོས་འཁྱུད་ལ། །
དོན་གྱི་ཆ་ཕྲ་ཙན་དན་ལྟ་བུའི་གང་ཟག །ཁྱི་རྒན་ང་འདྲ་བྲལ་ཡང་མི་དགའ་ཅི་ཡོད། །ཁྱི་རྒན་མ་ཤི་ལོ་དགུའི་ཚེ་ཕུགས་ཐུབ་ན། །བཤད་ཡམ་ཁྱི་སྐད་ཀུ་ཅོ་ཉན་ལོང་འོང་གིས། །དམ་པའི་གང་ཟག་ཉམས་མྱོང་དྲོད་ཀྱིས་བཅོས་ལ། །ཞལ་རླང་མ་ཡལ་སྤྱོད་ལ་ཕྱི་བཤོལ་མི་རུང་། །
སངས་རྒྱས་ཀུན་དངོས་དྲིན་ཆེན་བླ་མ་མཆོག་གི །ཞལ་ལུང་བདུད་རྩི་སྙིང་གི་དབུས་སུ་སིམ་པ། །ཉམས་ལེན་བརྩོན་པས་སྲོག་གི་བཅུད་དུ་ཁུག་ན། །འཆི་མེད་གོ་འཕང་ཚེ་འདིར་ཐོབ་ཅེས་གྲགས་སོ། །དབེན་པ་བསྟེན་ཀྱང་རང་རྒྱུད་དུལ་བ་མེད་ན། །བྱ་དང་རི་དྭགས་ནགས་ན་གནས་དང་འདྲ་ཞེས། །རྒྱལ་བ་མཆོག་གིས་གསུངས་པ་དེ་ལྟར་ལགས་པས། །ཕྱི་ནང་དབེན་པ་ཡ་མ་བྲལ་བར་གཅེས་སོ། །ཉོན་མོངས་རྣམ་རྟོག་རག་པ་ཙམ་ཞིག་ཞི་ལ། །རང་རྒྱུད་དུལ་སྙམ་མངོན་པའི་ང་རྒྱལ་སྐྱེས་ནས། །འདུ་འཛི་སྤྱོད་པའི་གང་ཟག་གཞན་ལ་སྨོད་པ། །དགོན་དབེན་སྤྱོད་པའི་བདུད་ཀྱི་ལྕགས་ཀྱུར་གསུངས་སོ། །དེ་སླད་ཕྱི་རུ་གཞན་སྐྱོན་ལེགས་ཉེས་མི་རྟོག །ནང་དུ་རང་རྒྱུད་ཆོས་ཀྱི་དགའ་བས་དགའ་ཞིང་། །སེམས་ཀྱི་ལྟད་མོ་སྒྱུ་མའི་ཚུལ་དུ་བལྟ་བའི། །རྩེ་དགའི་དུས་སྟོན་སྐྱོངས་ལས་སྐྱིད་པ་སུ་ཡོད། །སྣ་ཚོགས་རྣམ་རྟོག་རྩེད་མོའི་ཆས་བཞིན་བཀྲམ་ལ། །རིག་རྩལ་ཁྱེའུ་ཆུང་ཞེན་མེད་རྩེད་མོས་རོལ་ཞིང་། །འགྲོ་དྲུག་མ་རྒན་སྙིང་རྗེའི་དམིགས་སར་འདུག་པ། །དགེ་རྩའི་མཆོད་སྦྱིན་བསྔོ་བའི་ལག་བདེས་དྲང་མཛོད། །རྟོགས་རྟོགས་མཐོང་མཐོང་སྦུན་པ་ལྟ་བུ་ལགས་ཏེ། །བདེ་བདེ་གསལ་གསལ་ཉམས་ཀྱི་རྩེ་མོ་ཙམ་ཞིག །སྟོང་ཉིད་སྙིང་རྗེའི་སྙིང་པོའི་དོན་ལ་གོམས་ན། །རང་གཞན་དོན་གཉིས་ཤུགས་ཀྱིས་འགྲུབ་པ་ཡོད་སྐད། །འབྲས་བུ་རེ་བས་བརྩོན་པ་ལོ་བརྒྱར་འབད་ཀྱང་། །
མཆོག་གི་དངོས་གྲུབ་ཕར་ཕར་འགྲོ་ལས་མེད་སྐད། །ཆགས་བདུན་སྤང་བའི་ཕྱིན་དྲུག་ལམ་ལ་བསྡུས་ན། །ཚེ་གཅིག་སངས་རྒྱས་མ་ཐོབ་ནའང་མི་འགྱོད། །དང་པོ་མཚན་ལྡན་མཆོག་གི་བླ་མ་མཇལ་ཞིང་། བར་དུ་ངེས་འབྱུང་ཆོས་ལ་སྤྲོ་བ་སྐྱེས་ཏེ། ད་ལྟ་དབེན་པའི་ནགས་སུ་སྒྲུབ་ལ་གཞོལ་བའི། །སྐལ་བཟང་གྲོགས་ཁྱེད་སྐལ་པ་བཟང་པོ་ལགས་སོ། །དམ་པ་མཇལ་ཡང་ཚུལ་དང་མཐུན་པར་མ་བསྟེན། །ཆོས་གང་བསླབ་ཀྱང་རང་གི་རྒྱུད་ལ་མ་འབྱོར། །དབེན་པ་བསྟེན་ཡང་ཡེངས་མེད་བརྩོན་འགྲུས་མ་ནུས། །ཁྱི་རྒན་ང་འདྲར་གྱུར་ན་སྡུག་པོར་འདུག་གོ །
གྲོགས་ཁྱེད་སྐྱིད་དགུའི་འགོ་ནས་ཟིན་པ་ལགས་ཀྱི། །མོས་གུས་བརྩོན་པའི་རྒྱུད་ལ་ཐང་ལྷོད་མེད་པའི། །ང་རྒྱལ་རློམ་པའི་བདུད་ལ་དོགས་ཟོན་མཛད་ནས། །ཚེ་འདི་སྐྱིད་ཀྱིས་ཆོད་པར་མཛོད་ཅིག་ཨེ་གོ །ལྷ་མཐོང་འདྲེ་རིག་རྫུན་གྱི་རྐྱལ་ཆེན་མ་རྡོལ། །ཡོན་ཏན་ནོར་བུས་སེམས་ཀྱི་བང་མཛོད་བཀང་ནས། །བཀའ་གདམས་གོང་མའི་རྗེས་ཤུལ་ཁྱེད་ཀྱིས་སྙོགས་པའི། །སྨོན་ལམ་བདེན་དཔང་ཐོག་མའི་མགོན་ལ་ཞུའོ། །ཨ་བུ་ལས་ངན་རེ་ཞིག་ངན་འགྲོར་འཆི་ཡང་། །བླ་མའི་ཐུགས་རྗེས་ཐར་པའི་དུས་ཤིག་ཡོད་ཀྱི། །དེ་ཚེ་མ་རྒན་འགྲོ་ཀུན་ཟད་ཀྱི་བར་དུ། །བྱང་ཆུབ་སྤྱོད་མཆོག་ལྷན་ཅིག་སྐྱོང་བར་སྨོན་ནོ། །དྲང་པོའི་གཏམ་འདི་དྷི་ཆུང་དབེན་པའི་རི་ནས། །ཡིད་ཅིག་གྲོགས་དེའི་སྐྱོ་བ་སངས་པའི་ཆེད་དུ། །ཁ་ལ་འཇའ་ཤར་ཨ་བུ་ཧྲལ་པོས་ཕུལ་ལོ། །བརྗོད་དོན་ལེགས་དགུ་མངོན་དུ་མཐོང་བར་ཤོག་ཅིག །འཇའ་བ་མདོ་སྔགས་ལ་གདམས་པའོ། །
༈ འདུ་འཛི་སྤངས་ནས་དབེན་པར་བསྐུལ་བའི་གདམས་པ། འཇིག་རྟེན་འཁྲུལ་སྣང་འཁོར་བ་ཡི་གྲོང་ན། །ཟིན་དུས་མེད་པའི་བྱ་བྱེད་ཀྱི་རྣམ་གྲངས། །དགོས་འབྲས་མེད་པའི་མགོ་བསྐོར་འདི་མཐོང་ནས། །ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་། །ཡུལ་དགོན་འབྲེལ་པའི་དགེ་འདུན་གྱི་སྡེ་ན། །སྙིང་པོ་མེད་པའི་རྣམ་གཡེང་གི་འདུ་ལོང་། །བྱ་བྱེད་བྲེལ་དོའི་ལས་ཀ་འདི་མཐོང་ནས། །ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་། །སུ་ལ་བལྟས་ཀྱང་འཆི་ལ་ནི་ཁད་ཁད། །གང་ལ་བསམ་ཡང་འཆི་མེད་ཀྱི་རྟག་རྩིས། །ཡི་མུག་སྐྱེ་བའི་ཤོམ་ར་འདི་མཐོང་ནས། །
ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་། །སུ་དང་འགྲོགས་ཀྱང་ཆགས་སྡང་གི་སྣོན་མ། །
གང་དང་འབྲེལ་ཡང་གཡོ་སྒྱུ་ཡི་མགོ་བསྐོར། །དགེ་རྐྱེན་མེད་པའི་གྲོགས་མང་འདི་མཐོང་ནས། །ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་། །ཉོན་མོངས་དགྲ་འདིའི་ཁམས་གསུམ་ཀུན་བསླུས་བསླུས། །རྣམ་གཡེངས་འཁོར་ལོ་རིགས་དྲུག་འདིས་བསྐོར་བསྐོར། །སྡུག་བསྔལ་བསྐྱེད་པའི་ལས་ཐབས་འདི་མཐོང་ནས། །ཨ་བུའི་སེམས་པ་དབེན་རི་ལ་ཤོར་སོང་། །
བསླུ་མེད་མགོན་པོ་བླ་མ་དང་དཀོན་མཆོག །དབེན་པར་སླེབས་ནས་དབེན་གནས་སུ་སྲན་ཚུག །གནས་ལ་བརྟེན་ནས་ལུས་དབེན་དང་ངག་དབེན། །དེ་ལ་བརྟེན་ནས་སེམས་དབེན་ཡང་སྐྱེ་བའི། །དབེན་རི་ཟིན་པའི་བྱིན་རླབས་ཤིག་གནང་ཤོག །
༈ དུས་མཐའི་སྙིགས་སྤྱོད་ལ་དཔྱད་དེ་སྤོང་པར་གདམས་པ། མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས། །རྒྱལ་བ་ཀུན་ལས་ཐུགས་རྗེ་ལྷག་པ། །སྙིང་གི་དབུས་སུ་འབྲལ་བ་མེད་པར། །
བཞུགས་ནས་མགོན་དེས་བྱིན་གྱིས་རློབས་ཤིག །སྲིད་གསུམ་མི་རྟག་སྒྱུ་མའི་གྲོང་ཁྱེར། །
འཁྲུལ་སྣང་འཁོར་བའི་ལས་ཚུལ་གཟིགས་དང་། །སྐྱོ་ཤས་ངེས་འབྱུང་མི་སྐྱེ་དབང་མེད། །
ཐར་ལམ་ཆོས་ཀྱི་བསྐུལ་མར་འདུག་གོ །སྣ་ཚོགས་སྣང་བ་འཁྲུལ་བའི་གྲོང་ན། །འཁྲུལ་བས་བསླུས་པའི་འགྲོ་བ་འདི་དག །བདེ་བ་འདོད་པའི་རྣམ་རིག་བཀྲ་བཞིན། །སྡུག་བསྔལ་རྒྱུ་ལ་འབད་པ་ཨེ་གཟིགས། །དམ་པའི་ཆོས་ཀྱི་སྒོ་རུ་ཞུགས་ནས། །སྟོན་པའི་རྗེས་འཇུག་ཚུལ་ཙམ་འཛིན་ཡང་། །འདུན་པའི་རྩེ་མོ་ཚེ་འདིར་གཏད་པའི། །འདི་ཕྱི་གཉིས་མེད་དེ་འདྲ་མང་ངོ་། །ཁ་ཚིག་གཟུགས་ཀྱིས་བཅོས་མའི་ཆོས་པ། །ཡང་དག་ཆོས་དང་རྒྱང་ཐག་རིང་སྟེ། །ལུང་རྟོགས་ཡོན་ཏན་གང་དུ་སོང་བ། །སྙིགས་མའི་ཆོས་པས་ཤེས་ཚོད་མ་རེད། །ལུས་ངག་ཡིད་གསུམ་གཙོ་བོ་སེམས་ཞེས། །རྙིང་སྒོམ་རྒན་པོའི་ཁ་སྲོལ་བདེན་ན། །ལྷ་ཆོས་སྒྲུབ་ལ་སེམས་རང་གཙོ་ཡིས། །གཞན་གྱིས་མི་ཕན་ཟེར་རྒྱུ་མིན་ནམ། །སེམས་ལ་རང་འདོད་ཕུགས་སུ་བཅུག་ནས། །བཅོས་མའི་སྤྱོད་ལམ་ལུགས་འཁྱུག་ལྡེམ་ལྡེམ། །སྐྱབས་མགོན་རྗེ་ཞེས་གཅམ་བུས་འབོད་པ། །དམ་པ་བསྟེན་ཚུལ་ཆོས་མཐུན་མ་ལགས། །ཁ་གཏིང་མེད་པའི་མོས་གུས་དག་པས། །ཅི་མཛད་ལེགས་མཐོང་ངེས་ཤེས་ངང་ནས། །བླ་མའི་དྲུང་དུ་ཞབས་ཏོག་བསྒྲུབ་ན། །ཚོགས་གཉིས་ཟུང་འབྲེལ་དེ་རང་ལགས་སོ། །འཆི་བདག་མི་ཤེས་གྲྭ་སའི་གྲྭ་གཞོན། འཆི་ཁ་ཆོས་མེད་སྤྱི་བརྟོལ་ལག་རྐྱང་། །འཆི་བ་དྲན་ནས་ལྷ་ཆོས་བསམ་པ། །ཡོད་རང་སྲིད་ན་ངོ་མཚར་ཆེའོ། །ཆོས་པ་ཡིན་མདོག་ཆོས་བརྫུའི་བསླུ་བྲིད། །ཆོས་གཏམ་གཏོང་བ་དེང་སང་མང་སྟེ། །ཆོས་བཞིན་སྤྱོད་འདོད་སེམས་ཀྱི་རྣམ་རྟོག །ཆོས་མཐུན་ཤར་ན་ངོ་མཚར་ཆེའོ། །ཆོས་གོས་ཟད་ཟད་ཆོས་གྲལ་འགྲིམས་ཀྱང་། །ཉིས་བརྒྱ་ལྔ་བཅུའི་མིང་ཙམ་གླེང་ན། །བཞིན་གྱི་རྣམ་འགྱུར་ཁྲོ་གཉེར་ངོམ་པའི། །དགེ་སློང་དེ་ལ་རྒྱལ་བ་མི་མཉེས། །རྡོར་དྲིལ་ཟད་ཟད་ཚོགས་གྲལ་འགྲིམས་ཀྱང་། །རིམ་གཉིས་ལམ་ལ་ཐན་དུ་བརྩི་བའི། །སྔགས་པ་དེ་འདྲ་ཕྱག་ལེན་མཁས་ཀྱང་། །རྡོ་རྗེ་འཆང་གི་རྗེས་འཇུག་མ་ཡིན། །ཆོས་སྒོར་ཞུགས་ནས་ཆོས་མིན་སྤྱོད་ཅིང་། །ཆོས་བཞིན་སྤྱོད་ལ་ཁྲེལ་གྱིས་འདེབས་པ། །དུས་ངན་མདོ་བའི་མཐའ་དམག་སྟོང་ལས། །སྙིགས་མའི་སྤྱོད་ཚུལ་འདི་རང་ཐུའོ། །ལས་ངན་དུད་འགྲོའི་ལུས་མང་དོར་ལ། །དུས་ཀྱི་མཐའ་ཞེས་ཐམས་ཅད་སྔངས་ཀྱང་། །ངན་འགྲོར་ལྟུང་བ་དུས་ངན་མ་ལགས། །དུས་ངན་དངོས་ནི་སྤྱོད་ངན་ལགས་སོ། །སྤྱོད་ངན་འཕེལ་བའི་དུས་ངན་བདོ་བ། །སྙིགས་མའི་དུས་ཀྱི་རང་གཟུགས་ལགས་ཀྱང་། །ཆོས་མཐུན་སེམས་ལ་སྐྱིད་དགུ་འཆར་བ། །དྲང་པོའི་བློ་ཡི་བྱིན་རླབས་ལགས་སོ། །གཡོ་སྒྱུའི་ཚུལ་གྱིས་ཕྱི་སྤྱོད་བཅོས་བཅོས། །ཟོལ་མའི་མཁར་ལ་རེ་ཞིག་བརྟེན་ཡང་། །རྟོག་ངན་དུག་རོ་ཁོང་དུ་ཉལ་བ། །འཆི་ཁ་ཚུན་ལ་མི་མངོན་མི་སྲིད། །རང་སེམས་ཟོལ་མེད་དཔང་དུ་བཙུག་ནས། །དྲང་པོའི་ལམ་ལ་རང་བཞིན་གནས་ན། །ཆོས་དང་འཇིག་རྟེན་དེ་ལ་འདུ་སྟེ། །དེང་སང་འགྲོ་བ་དེ་ལ་མི་མགུ། །
དྲང་པོའི་གཏམ་ལ་རྩུབ་མོར་བརྩི་ཞིང་། །དྲང་པོའི་སེམས་ལ་གླེན་པར་བརྩི་བའི། །དྲང་པོ་མེད་པའི་དེང་སང་འགྲོ་བས། །དྲང་པོའི་ལམ་ལ་སྨད་མཁན་མང་ངོ་། །ཕྱི་ཚུལ་འཁྱུག་འཁྱུག་བཅོས་མའི་སྤྱོད་ལམ། །ནང་ཚུལ་འཁྱུག་འཁྱུག་གཡོ་སྒྱུའི་རྣམ་རྟོག །དེང་སང་སྐྱེ་བོ་ཤིང་རྩེའི་བྱིའུ་ཆུང་། །འཁྱུག་ཤིང་འཁྱུག་ཤིང་མདོ་མེད་བྱེད་དོ། །གྲྭ་ས་ཡིན་ཞེས་འགྲིག་འགྲིག་ཡིན་ཡིན། །གཡོ་སྒྱུའི་ལོ་མ་སྒྲིབ་བྱེད་བཟང་སྟེ། །རྒྱལ་བའི་ལམ་བཟང་བསླབ་པ་མེད་ན། །
ཐར་ལམ་གྲྭ་ས་འཆོར་བར་འདུག་གོ །གཟན་ཤམ་གཅུ་པའི་གྲྭ་གཞོན་གྲལ་རྒྱུག །དབྱར་དགུན་མེད་པར་ཡོན་འབུལ་སྡུད་དེ། །འཆི་བདག་གཤིན་རྗེའི་ཡོན་བདག་བྱེད་ཚེ། །ད་ལྟའི་འདི་འདྲའི་ཡོན་བདག་མེད་འདྲ། །ཡོན་ཏན་མཁན་པོས་ཡོན་འབུལ་བསྡུས་བསྡུས། །མ་ཟོས་མ་བསགས་གར་སོང་མེད་པས། །བསགས་ཤིང་བསགས་ཤིང་ཇེ་ཉུང་འགྲོ་བ། །ཞབས་རྡོལ་སྣོད་དུ་བླུགས་པ་མིན་ནམ། །ནོར་འདོད་མཁན་པོས་ལོངས་སྤྱོད་བསགས་བསགས། །
ཡོད་ཀྱིན་ཡོད་ཀྱིན་དགོས་རྒྱུ་མང་བས། །དུག་ཅིག་རྙེད་ཀྱང་ཟ་བར་འདུག་སྟེ། །ངན་འགྲོར་འགྲོ་བའི་སྔ་ལྟས་རེད་ཀོ། འབྱོར་པས་ཁེངས་པའི་སྡང་མིག་ཡོན་པོ། །འཁོར་གྱི་དབུས་ན་བདུད་བཞིན་རྔམ་སྟེ། །འཆི་བདག་བདུད་པོས་ཐིབས་ཀྱིས་ནོན་ཚེ། །ཆེ་དགུའི་རང་ཚུགས་དེ་དུས་འཆོར་རོ། །ལྷ་གཡག་བཞིན་དུ་ཞོལ་ཞོལ་འགྱིངས་པའི། །མི་ལུས་གཡག་སེམས་སྣང་བ་མཐོ་སྟེ། །འཆི་བདག་བདུད་པོས་ཐིབས་ཀྱིས་ནོན་ཚེ། །མཆི་མ་ཙ་རེ་ཡི་མུག་སྐྱེའོ། །
རང་དོན་ཕུག་བཅུག་བྱ་བའི་ཞོར་ལ། །ཁྲལ་ཏུ་བབ་པའི་ལས་སྒོ་སྒྲུབ་པ། །བསྟན་དོན་བྱས་ཞེས་ཁ་བོ་བྱེད་དེ། །བསྟན་དོན་དངོས་དེ་དེ་ན་མེད་འདྲ། །བསྟན་པ་མི་ཤེས་བསྟན་དོན་སྒྲུབ་པའི། །བསྟན་འཛིན་དེ་འདྲ་དེང་སང་མང་སྟེ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་ཆེན། །རྨིང་ནས་བཤིགས་ལ་དེ་ཚོ་ཐུའོ། །ཞེས་པ་འདི་ནི་དུས་གནས་དང་མཐུན་པའི་མགུར་འདི་ལུང་རིགས་སྨྲ་བའི་ཉི་མ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་སྨྲས་པ་དགེ་ལེགས་འཕེལ། དགེའོ། །
༈ འདི་སྣང་ཆོས་བརྒྱད་ཀྱི་ཕྱོགས་སྤངས་ནས་ཉིད་ཀྱི་རྣམ་ཐར་ལྟར་སློབ་པར་གདམས་པ་རྡོ་དེད་མ། བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཁྱི་རྒན་དབེན་པར་གནས་པའི་ཚེ། །སྐྱབས་མགོན་དམ་པའི་གསུང་ཐོས་ནས། །ང་ཡང་དེ་འདྲ་སྨྲ་སྙིང་འདོད། །ངས་དང་པོ་བླ་མ་མཇལ་ཙ་ན། །དེད་དཔོན་གསེར་གླིང་སླེབ་པ་ལྟར། །འདོད་པ་གྲུབ་པའི་ཉམས་ཤིིག་ཤར། །ཆོས་དོན་གཉེར་བ་དེ་ལྟར་ལགས། །བར་དུ་བླ་མ་མཇལ་ཙ་ན། །ཉེས་ཆེན་དཔོན་དང་མཇལ་བ་བཞིན། །རང་གནོང་ཡོད་པའི་ཉམས་ཤིིག་ཤར། །བཀའ་བཀྱོན་ཆེ་བ་དེ་ལྟར་ལགས། །ད་ལྟ་བླ་མ་མཇལ་ཙ་ན། །ཕུག་རོན་ལྷ་ཁང་ཉལ་བ་ལྟར། །མཉམ་འགྲོགས་བྱེད་པའི་ཉམས་ཤིིག་ཤར། །རྒྱང་རིང་སྡོད་པ་དེ་ལྟར་ལགས། །དང་པོ་གདམས་ངག་ཐོས་ཙ་ན། །བཀྲེས་པ་ཟས་དང་འཕྲད་པ་བཞིན། །འཕྲལ་དུ་སྤྱོད་འདོད་ཉམས་ཤིིག་ཤར། །ཉམས་ལེན་བྱེད་ལོ་དེ་ལྟར་ལགས། །བར་དུ་གདམས་ངག་ཐོས་ཙ་ན། །ཐག་རིང་རྒྱང་སྐད་ལབ་པ་བཞིན། །ཐེ་ཚོམ་ཆེ་བའི་ཉམས་ཤིག་ཤར། །སྒྲོ་འདོགས་མ་ཆོད་དེ་ལྟར་ལགས། །ད་ལྟ་གདམས་ངག་ཐོས་ཙ་ན། །སྐྱུག་པ་སླར་ལ་ཟ་བཅུག་བཞིན། །ཞེན་པ་ལོག་པའི་ཉམས་ཤིག་ཤར། །ཞུ་འདོད་མེད་པ་དེ་ལྟར་ལགས། །
དང་པོ་དབེན་པ་བརྟེན་ཙ་ན། །མགྲོན་པོ་རང་ཁྱིམ་སླེབ་པ་ལྟར། །སེམས་བག་ཕེབས་པའི་ཉམས་ཤིག་ཤར། །སྡོད་སྙིང་བྲོད་པ་དེ་ལྟར་ལགས། །བར་དུ་དབེན་པ་བརྟེན་ཙ་ན། །མཛེས་མ་གཅིག་པུར་སྡོད་པ་བཞིན། །སྡོད་དུ་མི་ཚུགས་ཉམས་ཤིག་ཤར། །འགྲོ་འདུག་མང་བ་དེ་ལྟར་ལགས། །ད་ལྟ་དབེན་པ་བརྟེན་ཙ་ན། །ཁྱི་རྒན་གད་འོག་འཆི་བ་བཞིན། །སྡོད་ས་བཟང་བའི་ཉམས་ཤིིག་ཤར། །རོ་སྐུང་བྱེད་པ་དེ་ལྟར་ལགས། །དང་པོ་ལྟ་བ་བསམ་ཙ་ན། །
རྒོད་པོ་ཚང་མལ་ཚོལ་བ་བཞིན། །མཐོ་ན་དགའ་བའི་ཉམས་ཤིག་ཤར། །ཁ་ལྟ་བྱེད་པ་དེ་ལྟར་ལགས། །བར་དུ་ལྟ་བ་བསམ་ཙ་ན། །ཁ་བྲག་ལམ་དུ་ཞུགས་པ་འདྲ། །ནོར་ས་ཡོད་པའི་ཉམས་ཤིག་ཤར། །ཁ་རོག་སྡོད་པ་དེ་ལྟར་ལགས། །ད་ལྟ་ལྟ་བ་བསམ་ཙ་ན། །རྒན་པོས་བྱིས་པ་འདྲིད་པ་བཞིན། །མགོ་སྐོར་ཡིན་པའི་ཉམས་ཤིག་ཤར། །བློ་གཏད་མེད་པར་དེ་ལྟར་ལགས། །དང་པོ་བསྒོམ་པ་བསམ་ཙ་ན། །ཡིད་མཐུན་ཕོ་མོ་འཕྲད་པ་བཞིན། །དགའ་བདེ་སྤྲོ་བའི་ཉམས་ཤིག་ཤར། །སྒོམ་སྙིང་བྲོད་པ་དེ་ལྟར་ལགས། །བར་དུ་བསྒོམ་པ་བསམ་ཙ་ན། །ཤེད་མེད་ཁུར་གྱིས་ནོན་པ་བཞིན། །ངལ་དུབ་ཆད་པའི་ཉམས་ཤིག་ཤར། །སྒོམ་ཡུན་ཐུང་བ་དེ་ལྟར་ལགས། །ད་ལྟ་སྒོམ་པ་བསམ་ཙ་ན། །རྒྱ་ཁབ་རྡོ་ཐོག་བསླང་བ་བཞིན། །
སྐད་ཅིག་མི་གནས་ཉམས་ཤིག་ཤར། །སྒོམ་འདོད་མེད་པ་དེ་ལྟར་ལགས། །དང་པོ་སྤྱོད་པ་བསམ་ཙ་ན། །རྟ་རྒོད་སྒྲོགས་སུ་བཅུག་པ་བཞིན། །སྡོམ་པས་སྡོམ་པའི་ཉམས་ཤིག་ཤར། །
ཚུལ་འཆོས་བྱེད་པ་དེ་ལྟར་ལགས། །བར་དུ་སྤྱོད་པ་བསམ་ཙ་ན། །ཁྱི་རྒན་རྟོད་ཕུར་ཐོན་པ་བཞིན། །གང་དགར་ཡན་པའི་ཉམས་ཤིག་ཤར། །སྡོམ་པ་ཤོར་བ་དེ་ལྟར་ལགས། །ད་ལྟ་སྤྱོད་པ་བསམ་ཙ་ན། །འཕྱོན་མ་ངོ་སུན་བུད་པ་བཞིན། །མདོ་འདྲ་མ་ཡི་ཉམས་ཤིག་ཤར། །སྐྱིད་སྡུག་མེད་པ་དེ་ལྟར་ལགས། །དང་པོ་འབྲས་བུ་བསམ་ཙ་ན། །གཡོ་ཅན་ཚོང་ཟོག་བསྔགས་པ་བཞིན། །ཐོབ་བྱ་བཟང་བའི་ཉམས་ཤིག་ཤར། །རེ་འདོད་ཆེ་བ་དེ་ལྟར་ལགས། །བར་དུ་འབྲས་བུ་བསམ་ཙ་ན། །རྒྱ་མཚོའི་ཕ་རོལ་ཚུ་རོལ་བཞིན། །ཁ་ཐག་རིང་བའི་ཉམས་ཤིག་ཤར། །ཡིད་སྨོན་ཆུང་བ་དེ་ལྟར་ལགས། །ད་ལྟ་འབྲས་བུ་བསམ་ཙ་ན། །འཇབ་རྐུན་མཚན་མོ་ཟད་པ་བཞིན། །ཐབས་དང་བྲལ་བའི་ཉམས་ཤིག་ཤར། །རེ་ཐག་ཆོད་པ་དེ་ལྟར་ལགས། །
དང་པོ་བཤད་པ་བྱེད་ཙ་ན། །མཛེས་མ་ཁྲོམ་གསེབ་སླེབས་པ་ལྟར། །རང་མཁས་ངོམ་པའི་ཉམས་ཤིག་ཤར། །བཤད་སྒྲོས་འདོད་པ་དེ་ལྟར་ལགས། །བར་དུ་བཤད་པ་བྱེད་ཙ་ན། །རྒན་པོས་གནའ་སྒྲུངས་འཆད་པ་ལྟར། །ཆོས་རྒྱུས་ཆེ་བའི་ཉམས་ཤིག་ཤར། །བཤད་ཚོགས་མང་བ་དེ་ལྟར་ལགས། །ད་ལྟ་བཤད་པ་བྱེད་ཙ་ན། །འདྲེ་ངན་སྔགས་པས་གཟིར་བ་བཞིན། །
རང་མཚངས་འཆད་པའི་ཉམས་ཤིག་ཤར། །ངོ་རེ་ཚ་བ་དེ་ལྟར་ལགས། །དང་པོ་རྩོད་པ་བྱེད་ཙ་ན། །གྱོད་ངན་ཁྲིམས་སར་གཏུགས་པ་བཞིན། །རང་ཁ་འདོད་པའི་ཉམས་ཤིག་ཤར། །
ཁོང་ཁྲོ་མང་བ་དེ་ལྟར་ལགས། །བར་དུ་རྩོད་པ་བྱེད་ཙ་ན། །གཟུ་བོས་བདེན་དཔང་ལྟ་བ་ལྟར། །ངེས་དོན་ཚོལ་བའི་ཉམས་ཤིག་ཤར། །རིག་པ་བསྒྲིམ་པ་དེ་ལྟར་ལགས། །ད་ལྟ་རྩོད་པ་བྱེད་ཙ་ན། །རྫུན་མས་ས་མཐའ་འགྲིམ་པ་བཞིན། །གང་སྨྲས་ཆོག་པའི་ཉམས་ཤིག་ཤར། །
ཟང་ཐལ་བུད་པ་དེ་ལྟར་ལགས། །དང་པོ་རྩོམ་པ་བྱེད་ཙ་ན། གྲུབ་ཐོབ་དོ་ཧ་འཆད་པ་ལྟར། །
ཤུགས་ཀྱིས་རྡོལ་བའི་ཉམས་ཤིག་ཤར། །བཅས་བཅོས་མེད་པ་དེ་ལྟར་ལགས། །བར་དུ་རྩོམ་པ་བྱེད་ཙ་ན། །མཁས་པས་སྙན་ངག་བྱེད་པ་ལྟར། །ཚིག་ལ་བསྒྲིམས་པའི་ཉམས་ཤིག་ཤར། །སྡེབས་ལེགས་སྒྲིགས་པ་དེ་ལྟར་ལགས། །ད་ལྟ་རྩོམ་པ་བྱེད་ཙ་ན། །རྒྱུས་མེད་ལམ་ཡིག་བྲི་བ་ལྟར། །དགོས་པ་མེད་པའི་ཉམས་ཤིག་ཤར། །སྣག་ཤོག་མི་གྲོན་དེ་ལྟར་ལགས། །
དང་པོ་མཆེད་གྲོགས་འགྲོགས་ཙ་ན། །སྟག་ཤར་མདའ་གྲལ་འཚོགས་པ་བཞིན། །འགྲན་སེམས་ཆེ་བའི་ཉམས་ཤིག་ཤར། །ཆགས་སྡང་བྱེད་པ་དེ་ལྟར་ལགས། །བར་དུ་གྲོགས་མཆེད་འགྲོགས་ཙ་ན། །སྨད་འཚོང་ཚོང་དུས་ཕྱིན་པ་བཞིན། །ཀུན་དང་མཐུན་པའི་ཉམས་ཤིག་ཤར། །ཤག་པོ་མང་བ་དེ་ལྟར་ལགས། །ད་ལྟ་མཆེད་གྲོགས་འགྲོགས་ཙ་ན། །མཛེ་བོ་ཚོགས་སུ་ཕྱིན་པ་བཞིན། །མི་ཁྱུར་མི་ཚུད་ཉམས་ཤིག་ཤར། །གཅིག་པུར་སྡོད་པ་དེ་ལྟར་ལགས། །
དང་པོ་ནོར་རྫས་མཐོང་ཙ་ན། །བྱིས་པས་མེ་ཏོག་ཐུ་བ་ལྟར། །འཕྲལ་དགའ་ཙམ་གྱི་ཉམས་ཤིག་ཤར། །གསོག་འཇོག་མེད་པ་དེ་ལྟར་ལགས། །བར་དུ་ནོར་རྫས་མཐོང་ཙ་ན། །ཞབས་རྡོལ་སྣོད་དུ་བཅུད་བླུགས་ལྟར། །ཁེང་དུ་མེད་པའི་ཉམས་ཤིག་ཤར། །རྙེད་ཚོལ་ཉུང་བ་དེ་ལྟར་ལགས། །ད་ལྟ་ནོར་རྫས་མཐོང་ཙ་ན། །སྤྲང་རྒན་བུ་མང་སྐྱེས་པ་ལྟར། །ཁུར་དུ་ལྕི་བའི་ཉམས་ཤིག་ཤར། །མེད་ན་དགའ་བ་དེ་ལྟར་ལགས། །དང་པོ་འཁོར་གཡོགས་བརྟེན་ཙ་ན། །
གླ་མི་ལས་གྲལ་འདུས་པ་ལྟར། །བཀོལ་དུ་སྡུད་པའི་ཉམས་ཤིག་ཤར། །ཕན་སེམས་བྱེད་པ་དེ་ལྟར་ལགས། །བར་དུ་འཁོར་གཡོགས་བརྟེན་ཙ་ན། །བཙུན་ཆུང་དགེ་རྒན་བསྟེན་པ་བཞིན། །རང་དབང་འཆོར་བའི་ཉམས་ཤིག་ཤར། །འབྲེལ་ཐག་གཅོད་པ་དེ་ལྟར་ལགས། །
ད་ལྟ་འཁོར་གཡོག་བསྟེན་ཙ་ན། །ཁྱི་རྐུན་ཁྱིམ་དུ་ཞུགས་པ་བཞིན། །གང་ཡོད་བརླག་པའི་ཉམས་ཤིག་ཤར། །ཁེར་འགྲོས་བྱེད་པ་དེ་ལྟར་ལགས། །དང་པོ་སློབ་མ་བྱུང་ཙ་ན། །དཔོན་སར་གཡོག་གིས་བཟུང་བ་བཞིན། །རང་ཆེ་འདོད་པའི་ཉམས་ཤིག་ཤར། །ལེགས་སོ་བྱེད་པ་དེ་ལྟར་ལགས། །བར་དུ་སློབ་མ་བྱུང་ཙ་ན། །གནས་ཆེན་མགྲོན་པོ་སླེབ་པ་བཞིན། །བློ་གཏད་བྱེད་པའི་ཉམས་ཤིག་ཤར། །གང་ཕན་བྱེད་པ་དེ་ལྟར་ལགས། །ད་ལྟ་སློབ་མ་བྱུང་ཙ་ན། །གཉན་སའི་ལྷ་འདྲེ་སློང་བ་བཞིན། །ཅོ་འདྲི་བྱེད་པའི་ཉམས་ཤིག་ཤར། །རྡོ་དེད་བྱེད་པ་དེ་ལྟར་ལགས། །རྡོ་དེད་བྱེད་པའི་གསུང་ལན་རྫོགས་སོ། །དགེའོ། །དགེའོ། །དགེའོ། །
༈ སྨར་ཁམས་ནས་རྡོ་ཁོག་ཏུ་ཕེབས་ཁར་གསུངས་པའི་ཡུལ་ཤེས་ཀྱི་ཞེན་འབྲེལ་གཅོད་པར་གདམས་པ། སྣང་བ་སྒྱུ་མའི་ཡུལ་ལ། །འཁྲུལ་པའི་ཞེན་པ་བརྟག་ན། །སྒྱུ་མ་འཁྲུལ་བ་བསླུ་སྲིད། །སྣང་སེམས་ཆུ་དང་ཟླ་གཟུགས། །ཤེས་ན་དུ་མ་རོ་གཅིག །གཞོན་ནུའི་ལང་ཚོ་དར་ལ། །རྒན་པོའི་མིག་དབང་གཡེང་ན། །ཞེན་པའི་དུག་རོ་ལྡང་སྲིད། །ལུས་འཛིན་དབྱིངས་སུ་གྲོལ་ན། །རྒན་གཞོན་དུ་མ་རོ་གཅིག །སྐྱེ་བའི་རིམ་པ་གསུམ་ལ། །ཞེན་པའི་རྟག་འཛིན་ཆེ་ན། །འཆི་བའི་སྡུག་བསྔལ་ཆེ་སྲིད། །རིག་པའི་ཐིག་ལེ་གཅིག་ལ། །སྐྱེ་ཤི་དུ་མ་རོ་གཅིག །འདུས་པའི་སྤུན་ཟླ་མཛའ་བཤེས། །བརྩེ་བའི་ཕྲེང་ཐག་དམ་ན། །འབྲལ་བའི་སྡུག་ཡུས་ཆེ་སྲིད། །འཁོར་བའི་སྣང་ཚུལ་ཤེས་ན། །འདུ་འབྲལ་དུ་མ་རོ་གཅིག །ལྷ་ལ་རེ་བ་ཆེ་ན། །འདྲེ་ལ་དོགས་པ་སྐྱེ་ཡོང་། །སྣང་སྲིད་ལྷ་རུ་ཤེས་ན། །ལྷ་འདྲེ་དུ་མ་རོ་གཅིག །རྟོག་པའི་རྗེས་མཐའ་དེད་ན། །བྱ་བའི་སྣེ་བརྒྱ་ལྡང་ཡོང་། །རྟོག་མེད་སེམས་ལ་བལྟས་ན། །བྱར་མེད་རོ་ཉལ་རྒྱབ་ཆོག །ཟེར་ཚད་ཁ་ལ་ཉན་ན། །འདི་བྱེད་བྱེད་ཚོད་མེད་ཀྱང་། །རང་ཐག་རང་གིས་བཅད་ན། །བློ་སྣ་བཙན་ཐབས་བསྟུངས་ཆོག །བཟང་མཐོང་གཞན་གྱིས་ཆེ་ཡང་། །རང་སྐྱོན་རང་གིས་མཐོང་ན། །བཟང་རྫུ་བྱེད་དོན་མི་འདུག །ངན་པས་རོ་སྐུང་བྱེད་རན། །ཝ་ཡིས་རྒྱལ་ས་གཟུང་གཟུང་། །དོན་འབྲས་སྔར་ཡོད་དེ་ཙམ། །དོན་མེད་ལྷག་པས་གདུང་ཚེ། །ཝ་རྒན་ཁུང་ཕུག་སྙོགས་རན། །སྨ་རབས་ཟེར་ཚད་བསྒྲུབ་ན། །རྡོ་ཡུལ་མཐོང་བར་དཀའ་ལ། །འགྲོ་ཚོད་རང་གིས་བཟུང་ན། །རྡོ་སྨར་ལ་ཁའི་ལྟོ་རྒྱབ། །ཧ་ཧ་སྐྱོ་གཏམ་དེ་ལགས། །ཧེ་ཧེ་དོན་མེད་ཆ་ཙམ། །
ཧོ་ཧོ་ཐོལ་བྱུང་ཐལ་ལོ། །དཔལ་སྤྲུལ་པས་སོ། །
༈ མཚན་ལྡན་བླ་མ་ཚུལ་བཞིན་བསྟེན་ནས་གདམས་ངག་ཉན་ཚུལ་གདམས་པ། སྐྱབས་གསུམ་ཀུན་འདུས་རྡོ་རྗེ་འཆང་ཆེན། །རྩ་བའི་བླ་མ་སངས་རྒྱས་ཀུན་དངོས། །རྟག་ཏུ་མི་འབྲལ་སྤྱི་བོར་བཞུགས་ཤིང་། །དུས་གསུམ་འབྲལ་མེད་བྱིན་གྱིས་རློབས་ཤིག །སྙིང་ནས་ཆོས་ལ་མོས་པའི་གྲོགས་ཁྱེད། །སྙིང་གཏམ་ཡི་གེ་བྲིས་ལ་བྱིན་ཞེས། །སྙིང་འདྲའི་ཚིག་གིས་ཡང་ཡང་བསྐུལ་ངོར། །སྙིང་ནས་བརྩེ་བའི་མཆིད་འདི་ཞུའོ། །ཐར་པའི་ལམ་གྱི་འཇུག་སྒོ་དང་པོ། །ཡང་དག་བླ་མ་བསྟེན་ལ་ཐུག་པས། །ཚུལ་མཐུན་མོས་གུས་ལྟེམ་རྐྱངས་མེད་པར། །ཅི་གསུང་བཀའ་བཞིན་བསྒྲུབ་གལ་ཆེའོ། །འོན་ཀྱང་དེང་སང་སྙིགས་མའི་དུས་འདིར། །ཚེ་འདིའི་འདོད་པ་སྙིང་ལ་བཅིངས་སྟེ། །གཡོ་རྒྱུའི་བླ་མ་བསྟེན་མཁན་མང་བས། །དེ་འདྲའི་ཚུལ་ལས་ལྡོག་པ་གཅེས་སོ། །དེ་ཡི་ཕྱིར་ན་རང་གི་འདོད་པ། །གང་ཡིན་སྙིང་པོ་ཡང་དང་ཡང་དུ། །སྦ་གསང་མེད་པར་སྙིང་གི་ཁོང་ནས། །དྲན་གསོ་ངག་གིས་ཞུ་བསྐུལ་དགོས་སོ། །དགོས་འདོད་འབྱུང་བ་ནོར་བུ་ཡིན་ཡང་། །ཁྲུས་བྱས་རྒྱལ་མཚན་རྩེ་མོར་ཕྱར་ནས། །གསོལ་འདེབས་སྨོན་ལམ་འདེབས་མཁན་མེད་ན། །ནོར་བུ་ཡིན་ཡང་དགོས་འདོད་མི་འབྱུང་། །ཆོས་ཀྱི་འབྱུང་གནས་བླ་མ་ཡིན་ཡང་། །ཟབ་ཆོས་ཞུ་བའི་བསྐུལ་མ་མེད་ན། །ཆོས་ཟབ་གནང་བའི་དུས་ཤིག་མེད་པས། །འདོད་དོན་ལྷ་ཆོས་ཞུ་གལ་ཆེའོ། །སྔ་མ་གང་གནང་ཉམས་ལེན་མེད་པར། །ད་དུང་ཐོབ་འདོད་གདུང་བ་བསྐྱེད་ཀྱང་། །ཐུགས་སུན་བཀའ་བཀྱོན་རྒྱུ་ལས་མེད་པས། །རྒྱུན་དུ་དགེ་སྦྱོར་རིམ་པ་གལ་ཆེ། །གནད་དོན་ཤེས་པས་ཉམས་སུ་ལེན་དགོས། །ཆོས་ཀྱི་སྙིང་པོ་སྐྱབས་འགྲོ་སེམས་བསྐྱེད། །འདི་གཉིས་ཁོ་ནས་སངས་རྒྱས་འགྲུབ་པས། །ཟབ་ཟབ་མང་པོའི་འདོད་གདུང་མི་དགོས། །ཆོས་ཀྱི་འཇུག་སྒོ་བློ་ལྡོག་རྣམ་བཞི། །ཇི་བཞིན་རྒྱུད་ལ་སྐྱེ་བ་མེད་ན། །ཆོས་གཞན་ཐོས་ཀྱང་ཆུད་ཟོས་འཆོར་བས། །འབད་པས་རང་རྒྱུད་འདུལ་བ་གལ་ཆེ། །བྱིན་ན་མི་ཟ་བཞག་ན་རྐུ་དེས། །ཐོབ་པའི་ཆོས་རྣམས་ཡལ་བར་བོར་ནས། །དེ་མིན་གཞན་ཞིག་སྒྲུབ་ཁུལ་བྱས་ཀྱང་། །ཆོས་དྲེད་དམ་ཉམས་རྒྱུ་ལས་མེད་དོ། །བློ་སྦྱང་རང་སེམས་དུལ་བ་མེད་པར། །ལུས་ངག་ཆོས་ཀྱིས་སེམས་ལ་མི་ཕན། །དེས་ན་བློ་ལྡོག་བཞི་དང་སེམས་བསྐྱེད། །ཡང་ཡང་སེམས་ཀྱིས་བསྒོམས་པ་གལ་ཆེ། །འདི་དག་ཇི་བཞིན་རྒྱུད་ལ་སྐྱེས་ནས། །རང་བློ་གཡོ་མེད་ཆོས་ལ་ཚུད་ན། །གོང་མ་གོང་མའི་གདམས་ཟབ་མཐའ་དག །
རིམ་བཞིན་བླ་མ་མཆོག་གིས་གནང་འོང་། །མ་ཀི་དལ་འབྱོར་རྙེད་དཀའ་ནས་བཟུང་། །
གསང་སྔགས་བསྐྱེད་རྫོགས་རྩ་རླུང་གཏུམ་མོ། །རྫོགས་ཆེན་ཉེ་ལམ་ཁྲེགས་ཆོད་ཉམས་ལེན། །
འདིར་མ་འདུས་པའི་ཆོས་ཞིག་མེད་དོ། །དེས་ན་སྔོན་ཆད་གང་ཐོབ་དེ་ལས། །ལྷག་ཅིག་ད་གདོད་ཞུ་དགོས་མེད་པས། །ཐོབ་ཚད་ཆོས་ལ་ཐེ་ཚོམ་ཆོད་པའི། །དོགས་སེལ་ཞུན་མཐར་ཞུ་གལ་ཆེའོ། །སྐྱབས་འགྲོ་ལ་སོགས་འབུམ་ལྔ་སྦྱངས་ནས། །མོས་གུས་གསང་ལམ་བླ་མའི་རྣལ་འབྱོར། །འབུམ་ཕྲག་བརྒྱ་ཡི་བསྙེན་པ་སྐྱེལ་བ། །བརྒྱུད་པ་འདི་ཡི་ཕྱག་སྲོལ་ལགས་མོད། །དེས་ན་སྔོན་འགྲོའི་སྦྱངས་པ་ཙམ་ཡང་། །ཇི་བཞིན་མཐའ་རྒྱུད་འཁྱོལ་བར་བྱས་ན། །
ཕྱི་མ་ཟངས་མདོག་དཔལ་རིར་སྐྱེ་ངེས། །ཞལ་བཞེས་འདུག་པ་ཁྲིད་ཡིག་གཟིགས་མཛོད། །
མ་བཅོས་རང་རིག་ཐ་མལ་ཤེས་པ། །ཟངས་ཀ་རྒྱ་ཡན་གཉུག་མའི་ཆོས་སྐུ། །སེམས་ཀྱི་དེ་ཉིད་རྗེན་པར་གཟིགས་ལ། །རྩལ་སྣང་རྣམ་རྟོག་ཤར་གྲོལ་སྐྱོངས་མཛོད། །དེ་ལས་གཞན་དུ་ཉམས་ལེན་གནད་འགགས། །སྔོན་ཆད་ཡང་ཡང་ཞུ་བསྐུལ་ཕུལ་བ། །དེ་ལས་ལྷག་ཅིག་འཆད་རྒྱུ་མེད་པས། །དེ་དག་རྣམས་ལ་ཉམས་ལེན་མཛད་ཞུ། །དེ་སྐད་ཆོས་མཐུན་གྲོགས་ཀྱིས་བསྐུལ་ནས། །མདོ་མེད་འཁྱམས་པོ་དེ་ཡིས་བྲིས་ལ། །ངེས་ངེས་དོན་བཟང་ཟབ་མོ་མེད་ཀྱང་། །དྲང་པོས་སྙིང་གཏམ་རྗེན་པ་ལགས་སོ། །དགེ་བ་དེ་ཡིས་ཚེ་རབས་ཀུན་ཏུ། །
ཚོམ་བུ་གཅིག་ཏུ་འབྲལ་བ་མེད་པར། །གྲུབ་དབང་བླ་མ་ལྕམ་དྲལ་དྲུང་དུ། །སྐྱེས་ནས་ཆོས་ཀྱིས་དགའ་བར་སྤྱོད་སྨོན། །བཀྲ་ཤིས་དགེའོ། །
༈ འདི་སྣང་གི་ཞེན་པ་སྤངས་ནས་དོན་གཉིས་སྒྲུབ་ཚུལ་གདམས་པ། ན་མོ་གུ་རུ། གང་ལ་བརྟེན་ན་ཉེས་ཚོགས་ཀུན་འཇོམས་ཤིང་། །དགེ་ལེགས་ཡོན་ཏན་རྒྱ་མཚོ་འབྱུང་བའི་གཞི། །སྐྱབས་གསུམ་ཀུན་འདུས་ངོ་བོ་ཆོས་ཀྱི་རྗེ། །ཡོངས་འཛིན་དགེ་བའི་བཤེས་གཉེན་ལ་བཏུད་ནས། །
ཐུབ་དབང་ཆོས་ཀྱི་ཉི་མ་སྐྱེ་དགུའི་མིག །སྐྱོབས་པ་དེ་ཡི་བཀའ་དང་རྗེས་འབྲེལ་བའི། །ཕན་པའི་ངག་འདི་ཁྱོད་ལ་གསོལ་བགྱིད་ན། །རང་ལ་བརྩེ་བས་ཡིད་ལ་བཅག་པར་ཞུ། །སྲིད་པའི་བདེ་འབྱོར་གཡོ་བའི་ཟློས་གར་མཁན། །འདི་གཅིག་ཁོ་ནས་སྔར་ཡང་འགྲོ་རྣམས་བསླུས། །ཚེ་གང་འགྲོགས་ཀྱང་འཆི་བའི་ཤུལ་ལམ་དུ། །ཞུགས་པའི་ཚེ་ན་བདག་ཉིད་གཅིག་པུར་འདོད། །གཏམ་སྙན་གྲགས་པ་བྱེ་མའི་ཁང་བུ་འདྲ། །སྒྲུབ་དཀའ་འཇིག་སླ་བྱིས་པ་བསླུ་བའི་ཆོས། །ཤ་ཐང་ཆད་པར་འབད་པས་བསྒྲུབ་གྱུར་ཀྱང་། །ནམ་ཞིག་ཙ་ན་སྒྱུ་མའི་རང་མཚང་ངོམ། །དུས་ངན་མཛའ་བཤེས་ཇི་ལྟར་བཀུར་ན་ཡང་། །རང་གི་བསམ་བཞིན་ཁོང་རྣམས་མགུ་བར་དཀའ། །བཟང་བྱས་མི་ཚོར་ཅུང་ཟད་ཙམ་གྱིས་ཀྱང་། །ངན་རྐྱེན་མི་ཤོང་ཁྲོ་བའི་རྣམ་འགྱུར་སྟོན། །བྱམས་པའི་འཛུམ་དང་སྙན་པའི་གཏམ་གྱིས་ཀྱང་། །མཁོ་བའི་ཡོ་བྱད་དག་གིས་བསྙེན་བཀུར་ཡང་། །རང་ཉིད་དབུལ་ཚེ་རུལ་བའི་རོ་བཞིན་དུ། །འདོར་བའི་གྲོགས་ལ་སུ་ཞིག་ཡིད་རྟོན་བྱེད། །སྡིག་ལ་འཛེམ་མེད་སྡུག་བསྔལ་ཁྱད་དུ་བསད། །རྒྱ་དབུས་ས་མཐའ་སྲོག་དང་བརྡོས་ནས་ཀྱང་། །འབད་དེ་བསྐོར་ཞིང་བསོགས་པའི་ནོར་ཅན་འགའ། །ཕལ་ཆེར་ལྟོག་གྲིར་ཤི་བ་མཐོང་ལགས་སམ། །ཡར་ལ་དཀོན་མཆོག་མཆོད་པ་འབུལ་མ་བྲ། །མར་ལ་ངན་སློང་རྣམས་ལ་སྦྱིན་མ་སྤོབས། བར་དུ་རང་གིའང་སྤྱོད་པར་མ་ནུས་པའི། །སེར་སྣས་བཅིང་བའི་ཟས་ནོར་ཕལ་ཆེར་ཞིག །ཤི་བའི་ཚེ་ན་དོན་མེད་མི་རྣམས་ཀྱིས། །འཐབ་རྩོད་གཡོ་རྒྱུ་སྣ་ཚོགས་ཐབས་མང་པོས། །རང་གར་ཁྱེར་ན་སྡིག་དང་རྣམ་སྨིན་དག །ཁོ་ལ་བཞག་ནས་སོང་བ་གཟིགས་ལགས་སམ། །སྤྱིར་ན་འདུས་བྱས་ཆོས་ལ་ཡིད་མི་རྟོན། །ཁྱད་པར་དེང་སང་སྙིགས་མའི་སྐབས་འདིར་ནི། །ཕས་ཀྱང་བུ་ལ་ཡིད་ཆེས་མི་ནུས་ཤིང་། །གྲོགས་ཀྱི་དངས་མ་དགྲ་ཡི་རྩེ་མོར་འགྲོ། །ཁར་སང་བཤད་པ་དེ་རིང་བརྫུན་དུ་འགྱུར། །གསང་ཚིག་བཅོལ་ན་རྒྱལ་ཁམས་ཡོངས་ལ་འཆད། །ངོས་ལ་བསྟོད་ཅིང་ལྐོག་ཏུ་མི་སྙན་སྨྲ། །ཕན་པའི་སྙིང་གཏམ་སྨྲས་ན་རྣ་བ་གཟེན། །ཀྱེ་མ་དུས་ངན་སྐྱེ་བོ་ཆོ་རིགས་ངན། །
འདི་འདྲའི་ངོ་འཛིན་བྱེད་པ་ཤིན་ཏུ་འཁྲུལ། །མི་སེམས་བཟུང་བས་མི་ཟིན་ཞོག་ལ་ཐོང་། །བློ་སྙིང་བླ་མར་གཏོད་དང་དེ་ཀ་རང་། །དེང་སང་དུས་ཀྱི་བཤེས་གཉེན་ཕལ་པ་འགའ། །བཙན་ཕྱུག་གོལ་ས་མཐོན་པོའི་མི་ལ་དགའ། །གདམས་ངག་ཞུ་འདོད་མེད་ཀྱང་ངས་སྦྱིན་ཟེར། །
ཆོས་ཀྱི་ཕྱག་རྟེན་ཐོགས་ནས་རྗེས་ལ་སྙོགས། །དད་གསུམ་ལྡན་ཀྱང་འབྱོར་པས་མ་ཆོག་ན། །
ཆོས་སྦྱིན་ལྟ་ཅི་ཞལ་འཛུམ་དཀར་ཙམ་ཡང་། །སྟོན་པའི་གོ་སྐབས་སྤྲིན་བར་ཉི་ཞུར་འདྲ། །
འདི་འདྲར་སེམས་དང་སྐྱོ་བ་མི་འཕེལ་ལམ། །ཆོས་འདོད་ཡིན་ཟེར་གཡོན་པོའི་བསམ་སྦྱོར་ཅན། །དད་པ་མེད་པའི་ཕྱག་གིས་ཐལ་ཚུབས་སློང། །མོས་གུས་མེད་པའི་ཁམས་འདྲི་སྙུན་ཞུ་གསོལ། །ངན་སྤྱོད་རྟོག་པའི་མིག་གིས་བྱ་ར་བྱེད། །ཆོས་མཐོང་སྤུ་ཙམ་མེད་བཞིན་བླ་མ་བསྐུར། །གཡོ་སྒྱུའི་སྤྱོད་པའི་དགྱེ་རྒུ་ཀྱང་ཀྱོག་བྱེད། །མདོ་སྔགས་སྤྱི་བཤད་ཙམ་གྱིས་མི་ཆོག་པར། །བསྐྱེད་རྫོགས་བསྒོམ་ཁྲིད་རྫོགས་ཆེན་ཞུ་དོ་སྐད། །སྔགས་ཀྱི་རྩ་ལྟུང་དཀའ་བའི་རིན་གྱིས་ཉོས། །བསམ་བཞིན་རང་གི་རང་ཉིད་དམྱལ་བར་འཕེན། །ཆོས་ལ་འཆད་ཉན་བྱེད་བཞིན་ཆོས་སྨྲ་བའི། །སྐྱོན་མཚང་འབྲུ་ཞིང་དམ་ཚིག་རིས་སུ་འདོར། །དེ་འདྲའི་ཆོས་ཀྱི་ཅི་བྱེད་དེ་བས་རང་། །སོས་དལ་ཉི་མ་ཕུལ་ནས་བསྡད་པ་དགའ། །ལུང་མ་བསྟན་པའི་ལས་ཡིན་ཁེ་ཉེན་མེད། །འོན་ཀྱང་དེ་འདྲའི་དོ་གལ་བགྱིད་པ་འདི། །ཆོས་བརྒྱད་ཕུགས་བཅུག་ཚེ་འདིའི་ཆེ་ཐབས་ལ། །མཁས་པའི་གྲགས་པ་ཐོག་ཏུ་རེ་བས་ལེན། །བླ་མ་གླ་བ་ཆོས་ལ་གླ་རྩི་དང་། །རང་ལ་རྔོན་པ་ནན་ཏན་མདའ་འཕེན་པ། །ཆོས་འགྲུབ་འབྲས་བུ་གཞན་དུ་འཆོར་བའི་ཚུལ། །འདུ་ཤེས་ལོག་པ་ལྔ་ཉིད་དང་དུ་བླང་། །འདི་འདྲའི་དུས་ངན་འཆད་ཉན་བྱེད་ལོ་དང་། །བླ་མ་བསྟེན་ལོའི་དགོས་པ་མི་འདུག་པས། །དབེན་པའི་རི་ལ་རྒྱལ་བ་རྗེས་དྲན་བཞིན། །རྩེ་གཅིག་དད་པས་གསོལ་བ་འདེབས་ཤེས་ན། །དྭངས་བའི་མཚོ་ལ་ཟླ་གཟུགས་འཆར་བ་བཞིན། །སྟོན་པའི་ཐུགས་རྗེ་དུས་ལས་ཡོལ་བ་མེད། །ཡང་དག་མཚན་ལྡན་བཤེས་དང་འཕྲད་པའི་ཚེ། །མཉམ་འགྲོགས་མ་བྱེད་སངས་རྒྱས་དངོས་སུ་ལྟོས། །ངན་སྤྱོད་མ་རྟོག་ཅི་མཛད་ལེགས་པར་སོམས། །ཁྱད་དུ་མ་གསོད་ཅི་གསུངས་ཚད་མར་ཟུངས། །ངོ་ལྐོག་མ་བྱེད་དམ་ཚིག་ཐུབ་པར་གྱིས། །དེ་ལྟར་བྱས་ན་རང་ཉིད་ཟབ་དོན་གྱི། །སྣོད་དུ་འགྱུར་གྱི་བླ་མར་དགོས་ཆེད་མེད། །སྣོད་དང་མི་ལྡན་རང་གཞན་གཉིས་ཕུང་ལ། །གསང་དོན་སྨྱོན་པ་མིན་པ་སུ་ཞིག་སྒྲོགས། །དེ་ཕྱིར་ཟབ་མོའི་གསང་སྔགས་ཐོབ་འདོད་ན། །དམ་པ་བསྟེན་ཚུལ་རྒྱུད་ལས་བཤད་བཞིན་མཛོད། །གདམས་ངག་ཐོབ་ནས་ཉམས་སུ་ལེན་པའི་ཚུལ། །
གང་ཟག་མཐོ་སྙབས་བྱས་པས་མི་འོང་གིས། །རང་གི་དབང་པོ་གང་མཚམས་སྐབས་དང་སྦྱོར། །དམིགས་པ་གང་ཡིན་བསམ་ཐོག་གནད་དུ་དྲིལ། །ཡོལ་ཡོལ་ངང་དུ་ལོ་ཟླ་མང་པོས་ཀྱང་། །དྲོད་རྟགས་བཟང་པོ་རྒྱུད་ལ་སྐྱེ་བ་དཀའ། །བཀའ་གཏེར་དག་སྣང་ཆོས་གང་ཉམས་ལེན་ལ། །དེ་ཡི་ཐོག་མཐའ་ཀུན་ལ་མཁས་པར་སློབ། །ཐོས་བསམ་དགྲ་རུ་བལྟས་པའི་སྒོམ་ཆེན་འགའ། །མཆོག་ཐུན་དངོས་གྲུབ་སྐལ་བ་ཆད་ལ་ལྟོས། །དངོས་གྲུབ་ཀུན་གྱི་རྩ་བ་དམ་ཚིག་ཡིན། །སྡོམ་པ་གསུམ་དང་འགལ་བ་མེད་པ་དགོས། །དེ་ཕྱིར་དམ་སྡོམ་མིག་གི་འབྲས་བཞིན་སྲུངས། །སྡོམ་དང་འགལ་ན་བསྐྱེད་རྫོགས་བཟླས་བརྗོད་ལ། །ཇི་ལྟར་བརྩོན་ཡང་སྐྱོབས་པར་མི་འགྱུར་བར། །ངན་འགྲོར་འགྲོ་ཞེས་ཐུབ་པའི་དབང་པོས་གསུངས། །མདོ་སྔགས་ལམ་བཟང་ཀུན་གྱི་སྲོག་གཅིག་པུ། །དམིགས་པ་མཐའ་དག་འཇིགས་པའི་སྟོང་ཉིད་དང་། །ཟུང་དུ་ཆུད་པའི་སྙིང་རྗེ་ཆེན་པོ་ཡིན། །འདི་དག་འོལ་སྤྱི་ཙམ་ལ་མ་བཞག་མཛོད། །
བསྐྱེད་རིམ་བསྒོམ་ཚེ་སྲུང་བའི་རྭ་གུར་ནས། །གཙོ་བོའི་ཐུགས་སྲོག་ཡེ་ཤེས་སེམས་དཔའ་ཚུན། །སྔ་ཕྱི་མེད་པར་ཡིད་ལ་དུས་གཅིག་ཏུ། །བརྟེན་དང་རྟེན་པར་ལམ་གྱིས་འཆར་བ་དགོས། །དེ་ཡང་རབ་རིབ་ཐོ་ཡོལ་ཙམ་ཞིག་གིས། །མི་འོང་སྤྱན་གྱི་དཀར་ནག་ཞལ་གྱི་སྒྲོས། །
ཕྱག་ཞབས་རི་མོ་དང་བཅས་གསལ་བ་ལ། །མཚན་དང་དཔེ་བྱད་རྣམ་འགྱུར་རྫོགས་པར་དགོས། །ཞི་བའི་ཉམས་དགུ་ཁྲོ་བོའི་གར་དགུ་དང་། །རྒྱན་ཆ་བཅུ་གསུམ་དུར་ཁྲོད་དཔལ་གྱི་ཆས། །རང་རང་མཚན་ཉིད་དཔྱངས་མདུད་བགོ་བའི་ཚུལ། །ཇི་བཞིན་ཉིད་དུ་རྣམ་འགྱུར་ཐོན་པ་དགོས། །བེམ་པོའི་རང་བཞིན་ལྡེར་ཚོ་འཇའ་རིས་ལྟར། །མ་ཡིན་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །དབང་པོའི་མངོན་ཤེས་ཉེར་ལྔ་ལ་སོགས་པའི། །ཡེ་ཤེས་ཕུང་པོའི་སྐུ་རུ་གསལ་བར་དགོས། །རྫོགས་རིམ་སྤྲོས་བཅས་སྤྲོས་མེད་གང་བསྒོམ་ཡང་། །རང་རང་ལུགས་ཀྱི་རྩ་རླུང་ཐིག་ལེ་ལ། །གནད་དུ་བསྣུན་ནས་ཡེ་ཤེས་འཆར་བའི་ཚུལ། །ཟབ་མོའི་མན་ངག་སྲང་དུ་ཚུད་པ་དགོས། །རང་རེའི་ལུགས་ལ་ཟབ་གསལ་གཉིས་མེད་དང་། །ངང་བསྒོམ་ལ་སོགས་སྤྲོས་མེད་གཙོར་སྟོན་མོད། །དེ་ལྟར་ནའང་ཐབས་དེ་ལ་བརྟེན་ནས། །ལྷར་ཞེན་མཚན་རྟོག་སྡོམ་དང་བདེ་ཆེན་འདྲེན། །ཤེས་སྒྲིབ་སྦྱངས་ཞིང་དོན་གྱི་ཡེ་ཤེས་ལ། །སྦྱོར་བའི་ཚུལ་དང་རླུང་སེམས་དག་ལུགས་བཅས། །རྒྱུད་སྡེ་སྤྱི་ལ་གྲགས་པའི་ལམ་གནད་ཀུན། །
ཚིག་ཙམ་མིན་པར་འདུས་པའི་གནད་ཤེས་དགོས། །ལས་བཞིའི་ཕྲིན་ལས་གང་ལ་འཇུག་ཀྱང་རུང་། །རྒྱུ་ཡི་ཀུན་སློང་རྒྱལ་བའི་ལམ་ཆེན་དང་། །དུས་ཀྱི་ཀུན་སློང་དམིགས་པའི་མདེའུ་རྣམས། །ཐབས་ལ་མཁས་པའི་འགལ་མེད་ཁྱད་ཆོས་ཅན། །ཤེས་བཞིན་གནས་དུས་གང་དུ་བསྒྲུབ་ཀྱང་རུང་། །མཐའ་ཀླས་ཞིང་དུ་གང་འདུལ་ཐབས་མཁས་ཀྱི། །ཚད་མེད་རྒྱལ་བའི་ཕྲིན་ལས་ལ་འཇུག་པའི། །ཏིང་འཛིན་རྒྱ་ཆེན་སྤྱོད་ལ་མ་ཞུགས་ན། ཁྱིམ་པ་ཕོ་མོའི་རྐྱེན་བཟློག་ཉི་ཚེ་ལ། །དམིགས་ནས་དཀྱིལ་འཁོར་གཉན་པོའི་ཞལ་འབྱེད་པ། །ཁྲིམས་ལ་དབང་བའི་རྒྱལ་པོ་ཕྱག་དར་ལ། །འདྲེན་པའི་ལས་བཞིན་མི་མཚམ་ཉེས་ཆེ་བ། །ནད་པའི་རིམ་གྲོ་གཤིན་པོའི་ཡར་འདྲེན་ལ། །འགྲོ་ཚེ་ཚད་མེད་སྙིང་རྗེའི་ཀུན་སློང་གིས། །རིམ་པ་གཉིས་དང་རྗེས་འབྲེལ་གསང་སྔགས་ཀྱི། །ཆོ་ག་ཟབ་མོའི་ཕན་བཏགས་རྒྱལ་བའི་གསུངས། །འོན་ཀྱང་མངོན་ཤེས་མེད་བཞིན་ཡོད་རློམ་གྱིས། །ནོར་རྫས་ཞེ་ལ་བརྣག་ནས་རྫུན་རླབས་ཕྱུང་། །
སེམས་ཅན་བསད་པའི་ཤ་ལ་ཞིམ་ཟས་བྱེད། །ད་རུང་ལས་འབྲས་ཆོས་སྐད་བྱེད་དོ་སྐད། །
ཀྱེ་མ་བླུན་པོའི་མགོ་བསྐོར་ངན་འགྲོའི་ལམ། །དེ་འདྲའི་ཟླ་བོར་མ་བྱེད་རང་ལ་སོམས། །
མདོར་ན་རང་ཉིད་གཅིག་པུར་གནས་ཀྱང་རུང་། །མི་མང་གསེབ་ཏུ་ཀུན་སྤྱོད་འདྲེས་ཀྱང་རུང་། །
རང་གི་སེམས་ལ་བརྟག་དཔྱད་རིམ་དུ་གྱིས། །དགེ་སྡིག་གཉིས་ཀ་རྣམ་རྟོག་ཁོ་ན་ཡིན། །
དམུ་རྒོད་སྐྱེ་བོ་མགུ་རུང་མ་མགུ་རུང་། །བླུན་པོ་རྣམས་ཀྱིས་བསྟོད་དམ་སྨད་ཀྱང་རུང་། །ཤི་ཚེ་རང་ལ་འགྱོད་པ་མེད་པ་ཞིག །བྱུང་ཚེ་དེ་ལས་ལྷག་པའི་ཆོས་མི་དགོས། །དེ་སྐད་ཕན་པའི་ཁ་ཏ་ལབ་དགོས་ཞེས། །བསྐུལ་ཚེ་ཚིག་སྙན་སྡེབ་སྦྱོར་མི་མཁས་ཀྱང་། །རང་གི་སེམས་ལ་གང་ཤར་དྲན་པའི་གཏམ། །སྨྲས་འདིས་རང་གཞན་དོན་གཉིས་འགྲུབ་པར་ཤོག །བཀྲ་ཤིས་སོ། །
༈ ལམ་མཆོག་ཚང་ལ་མ་ནོར་བ་མཛོད་ཆེན་བདུན་དང་ཤིང་རྟ་གསུམ་བཞིན་སློབ་པར་གདམས་པ། སྟོབས་བཅུ་མངའ་བ་རྒྱལ་དང་དེ་ཡི་སྲས། །སེམས་དཔའ་ཆེན་པོ་མཚུངས་མེད་བློ་མངའ་བ། །ཞིང་མང་གྲགས་འབར་དེ་དང་དེ་དག་གི །ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཐུབ་པའི་ཆོས་ཚུལ་ཡོན་ཏན་རིན་པོ་ཆེ། །ཕུལ་བྱུང་གཏམ་གྱི་འབྱུང་གནས་བདུད་རྩིའི་རྒྱུན། །བློ་ཆེན་འཕགས་པའི་སྐྱེ་བོ་བརྒྱ་ཕྲག་གི །འཇུག་ངོགས་འཁྲུལ་བ་མེད་པ་དེ་རུ་བས། །སྲིད་པའི་བློ་ལ་ཞི་བའི་བསིལ་སྦྱིན་ཞིང་། །ཞི་བའི་རྒྱུད་ལ་སྙིང་རྗེའི་རླན་སྟེར་བ། །ཚད་མེད་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །སྲིད་ཞིའི་ཁམས་ན་ཡིད་བཞིན་ནོར་བུ་གཅིག །འདི་ནི་དམ་ཆོས་ཀུན་གྱིས་བརྗོད་བྱ་སྟེ། །འདི་ནི་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །འདི་ནི་སེམས་དཔའ་ཀུན་གྱི་སྤྱི་ནོར་ཏེ། །འདི་ནི་སངས་རྒྱས་ཀུན་གྱི་བླ་མ་ཡིན། །ཕྱོགས་བཅུ་ཀུན་ན་རྒྱལ་དང་རྒྱལ་བའི་སྲས། །ཇི་སྙེད་དམ་ཆོས་འཆད་དང་འཛིན་པ་ཡང་། །རོ་གཅིག་བྱང་ཆུབ་སེམས་སུ་འདུས་པ་དང་། །བྱང་ཆུབ་སེམས་ཀྱི་གཞི་ལས་འཕྲོ་བར་སྣང་། །འདི་ལས་མ་གཏོགས་རྒྱལ་བའི་ལམ་མེད་དེ། །འདི་ལས་ལྷག་པའི་རྒྱལ་བའི་ལམ་ཡང་མེད་། །འདི་ལས་མ་འཕྲོས་རྒྱལ་བའི་ལམ་མེད་དེ། །འདི་རུ་མ་འདུས་རྒྱལ་བའི་ལམ་ཡོད་མིན། །དེ་ཕྱིར་རྒྱལ་ཀུན་བགྲོད་པ་གཅིག་པུའི་ལམ། །བྱང་ཆུབ་སེམས་ཀྱི་ནོར་བུ་རིན་པོ་ཆེ། །ཐར་འདོད་སྐལ་བཟང་ལག་རྩེར་ལེན་པ་ལ། །བརྒྱུད་པ་གསུམ་གྱི་མན་ངག་ལྡན་པ་དགོས། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །ཟབ་ཅིང་རྒྱ་ཆེ་ཐེག་པ་ཆེན་པོའི་གཞུང་། །ལྟ་སྤྱོད་ས་ལམ་ཏིང་འཛིན་རྒྱ་ཆེ་ཞིང་། །
ཐབས་མཁས་ཡེ་ཤེས་རྣམ་གྲངས་ཆེས་ཟབ་པའི། །འཕགས་པས་བཀྲལ་བའི་གཞུང་བཟང་བརྟེན་དགོས་ཕྱིར། །འཕགས་ཡུལ་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་དང་། །བོད་ཡུལ་ཐུབ་བསྟན་རྒྱན་གཅིག་ཀློང་ཆེན་པའི། །གཞུང་ལས་ཕྱི་རོལ་གྱུར་ལ་ཐར་ལམ་མེད། །བྱང་ཆུབ་སེམས་ཀྱི་མན་ངག་མི་ལྡན་པར། །སྙིགས་དུས་འདི་ན་སྔགས་པར་རློམ་པ་ཕལ། །ཁ་ཆོས་མཐོན་པོས་ནམ་མཁའ་འགེངས་བགྱིད་མོད། །ཅི་ཙམ་བཟང་ཡང་འབྱུང་པོའི་ཆོས་ལུགས་ཡིན། །ཐེག་ཆེན་གཞུང་ལ་སྦྱང་བ་མ་བྱས་ཤིང་། །ཡང་དག་གཞུང་ལུགས་དགྲ་ལྟར་ལྟ་བྱེད་པ། །དེ་ཡི་རྒྱུད་ལ་རྒྱལ་བའི་ལམ་མེད་དེ། །བྱང་ཆུབ་སེམས་མཆོག་དེ་ཡིས་ཇི་ལྟར་ཤེས། །
ལྷ་དང་བཅས་པའི་སྟོན་པ་དེས་ཀྱང་ནི། །གྲངས་མེད་གསུམ་དུ་ཐོས་པའི་མཛོད་བསགས་ནས། །ཐེག་ཆེན་ལམ་བཟང་ད་གདོད་སྟོན་མཛད་ན། །བོད་རྒན་བླུན་པོའི་རང་གར་ཤེས་རེ་ཀན། །བསམ་པ་བཟང་དང་སྙིང་རྗེ་ཕྱོགས་རེ་བས། །གནས་སྐབས་མིག་ཆུ་གཡོ་བར་སླ་བ་ཕལ། །བླུན་པོའི་བྱང་ཆུབ་སེམས་དཔའ་སྒྲོ་འདོགས་ཀྱང་། །དེ་འདྲ་བྱང་ཆུབ་སེམས་མཆོག་ཡིན་རེ་ཀན། །བཟླས་བརྗོད་བརྩོན་དང་བསམ་གཏན་བསྒོམ་ལོ་ཕལ། །རྒྱལ་བའི་ལམ་དུ་རློམ་པ་བྱེད་མོད་ཀྱང་། །ཐོག་མཐའ་བར་གྱི་མན་ངག་མ་ཤེས་ན། །དེའང་རྒྱལ་སྲས་སྤྱོད་མཆོག་ཡིན་རེ་ཀན། །མཚུངས་པ་མེད་པ་ལྷ་དང་བཅས་པའི་སྐྱབས། །ཡོན་ཏན་འབྱུང་གནས་དཀོན་མཆོག་རིན་པོ་ཆེ། །ཡིད་ཆེས་སྐྱབས་སུ་ངེས་པ་མ་རྙེད་ན། །དེ་འདྲ་ནང་པ་སངས་རྒྱས་ཡིན་རེ་ཀན། །སངས་རྒྱས་དེ་སུ་ཡོན་ཏན་ཇི་ལྟ་བུ། །དེ་ལ་སྐྱབས་འོས་རྒྱུ་མཚན་ཇི་ཡིན་པ། །ཕྱོགས་ཙམ་མི་ཤེས་སྐྱབས་འགྲོ་འབུམ་སྒྲོགས་ཀྱང་། །དེ་འདྲ་ལམ་གྱི་སྐྱབས་འགྲོ་ཡིན་རེ་ཀན། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དེ་སངས་རྒྱས། །ཡོན་ཏན་རྣམ་གྲངས་བསམ་གྱིས་མི་ཁྱབ་པ། །དེ་ནི་འཁོར་བའི་འཆིང་བྱེད་ཀུན་གྲོལ་བའི། །བསླུ་བ་མེད་པ་གཏན་གྱི་སྐྱབས་གནས་ལགས། །དམ་པའི་ཆོས་དང་རྒྱལ་སྲས་སེམས་དཔའི་ཚོགས། །མ་ལུས་ཡོན་ཏན་ཀུན་གྱི་གངས་ཆེན་མཚོ། །ལྷར་བཅས་འགྲོ་བའི་ཕན་བདེ་མཆོག་གི་གཏེར། །འདི་དག་མཁས་པ་རྣམས་ཀྱི་སྐྱབས་གནས་ཡིན། །རྒྱལ་དང་རྒྱལ་སྲས་སེམས་དཔའ་ཆེ་རྣམས་ཀྱི། །
དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལང་བ། །ཡོན་ཏན་མཆོག་གི་རང་བཞིན་དེ་ཤེས་ནས། །
འགྱུར་མེད་དད་བཅས་མཁས་པའི་སྐྱབས་འགྲོ་ཡིན། །གནས་སྐབས་རང་བློས་དུཿཁ་དང་བླང་ནས། །ཉམ་ཐག་མཆི་མའི་རླན་གྱིས་གདོང་བཀྲུ་ཡང་། །ཡིད་ཆེས་མཆོག་གསུམ་ཡུལ་ལ་མ་ཐོབ་པའི། །བཅོས་མའི་འོ་དོད་བླུན་པོའི་སྐྱབས་འགྲོ་ཡིན། །རྒྱུ་དང་ཡུལ་དང་སྐྱབས་སུ་འགྲོ་བའི་ཚུལ། །བསླབ་བྱ་དང་བཅས་འཁྲུལ་མེད་མ་ཤེས་ན། །དེ་ཡི་རྒྱུད་ལ་ཐུན་མོང་མ་ཡིན་པའི། །སྐྱབས་འགྲོའི་ཁྱད་པར་ཇི་ལྟར་ཡོད་པར་འགྱུར། །འདི་མེད་ལམ་རྣམས་ཀུན་གྱི་རྟེན་མེད་ལ། །ཡོན་ཏན་ལོ་ཏོག་བསྐྱེད་པའི་ཞིང་ས་མེད། །ཐར་པའི་ལམ་དུ་འགྲོ་བའི་བཤེས་མེད་དེ། །ནང་པ་སངས་རྒྱས་གྲལ་དུ་ཚུད་པ་མེད། །འདི་ཡོད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཚུད། །ཅི་བྱས་ཐར་པའི་ལམ་དུ་ངེས་པར་འགྲོ། །ངན་སོང་མི་སྐྱེ་ཡང་དག་ལྟ་དང་མཇལ། །ཚེ་རབས་ཀུན་ཏུ་ལམ་བཟང་རྙེད་པར་འགྱུར། །དེ་ཕྱིར་གང་ལ་བརྟེན་ན་དུས་ཀུན་ཏུ། །མི་བསླུ་ངེས་པ་དཀོན་མཆོག་རིན་པོ་ཆེ། །ཡུལ་དུ་བྱས་ནས་སྐྱེས་བུ་ཆེན་པོའི་བློས། །
སྐྱབས་འགྲོ་བྱེད་པ་བྱང་ཆུབ་སེམས་ཀྱི་རྟེན། །རང་དོན་ཡིད་བྱེད་འཆིང་བའི་རྒྱ་རལ་ཏེ། །
གཞན་གྱི་ཡང་དག་རྫོགས་བྱང་དོན་གཉེར་བློས། །ཀུན་ཏུ་བཟང་པོའི་སྤྱོད་པས་ཡོངས་བསྔོ་བའི། །ཕྱིན་དྲུག་ལ་སྤྱོད་བྱང་ཆུབ་སེམས་དངོས་ལགས། །སྨོན་འཇུག་གཉིས་དང་ཀུན་རྫོབ་དོན་དམ་སོགས། །དབྱེ་སྒོ་མང་ཡང་འདིར་ནི་ཀུན་འདུས་ཏེ། །ཡོན་ཏན་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །བྱང་ཆུབ་སེམས་ཞེས་བྱ་བ་འདི་ཉིད་ཡིན། །སེམས་འདི་བསྐྱེད་པ་ཙམ་ནས་རྒྱལ་བའི་སྲས། །ལྷ་དང་བཅས་པའི་མཆོད་རྟེན་གྱུར་པ་སྟེ། །ཕན་ཡོན་ཁྱད་པར་དཔག་གིས་མི་ལང་ཡང་། །ཁྱད་ཆོས་ངེས་པར་ཐོབ་པ་བཞི་ཡིན་ཏེ། །དགེ་རྩ་བྱང་ཆུབ་བར་དུ་མི་ཟད་དང་། །འབྲས་བུ་བསོད་ནམས་ཤུགས་ཀྱིས་འཕེལ་བ་དང་། །སྡིག་དང་ཉོན་མོངས་གཉེན་པོ་བྱེད་པ་དང་། །རྒྱལ་བའི་སྲས་སུ་མིང་དོན་འགྱུར་བའོ། །སེམས་དེ་ལེགས་པར་བསྐྱེད་ནས་དེའི་ཉམས་ལེན། །བརྒྱུད་པ་གསུམ་གྱི་མན་ངག་བདུད་རྩིའི་ཀླུང་། །གང་ཡང་བྱང་ཆུབ་སེམས་སུ་རོ་གཅིག་པ། །ལྟ་དང་བསྒོམ་དང་སྤྱོད་པ་རྣམ་དག་གོ །ལྟ་བ་ཟབ་མོ་སྤྲོས་བྲལ་དེ་བཞིན་ཉིད། །རྒྱལ་བའི་ཡུམ་དུ་དངོས་བསྟན་སྟོང་པ་ཉིད། །སོ་སོ་རང་རིག་མཉམ་བཞག་སྤྱོད་ཡུལ་བ། །ངེས་ཤེས་བློ་བྲལ་དབུ་མ་ཆེན་པོ་ཡིན། །དོན་འདི་ཟབ་མོ་ལྟ་བརྒྱུད་མན་ངག་སྟེ། །སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི། །བརྒྱུད་པའི་མན་ངག་རང་བཟོས་མ་བསླད་པའི། །མཁས་པའི་གཞུང་ལ་བརྟེན་ནས་སྒྲོ་འདོགས་བཅད། །བསྒོམ་པའི་ཏིང་འཛིན་ཤེར་ཕྱིན་དངོས་བརྒྱད་ལས། །མཁྱེན་གསུམ་ཡུལ་ན་མི་གནས་མི་སྦྱོར་པའི། །
སྒོམ་མེད་སྒོམ་པ་མཉམ་ཉིད་ཏིང་འཛིན་ལ། །རྟག་ཏུ་མཉམ་བཞག་ས་ལམ་བགྲོད་པ་ཡིན། །
དོན་འདི་ཟབ་དང་རྒྱ་ཆེའི་མན་ངག་སྟེ། །རྒྱལ་བའི་རྒྱལ་ཚབ་མ་ཕམ་ཐོགས་མེད་ཀྱིས། །
ལེགས་བཤད་ལམ་བཟང་རྟོག་གེས་མ་བསླད་པའི། །གཞུང་ལུགས་བརྟེན་ནས་ཇི་བཞིན་ཉམས་སུ་བླང་། །སྤྱོད་པ་རྒྱ་ཆེ་ཀུན་ཏུ་བཟང་པོའི་སྤྱོད། །རྒྱལ་སྲས་སྤྱོད་མཆོག་མུ་མཐའ་མི་གཏུགས་པ། །བསྡུས་པའི་སྡོམ་གཅིག་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་ཚོགས་བཏང་སྲུང་དག་སྤེལ་ལོ། །དོན་འདི་རྒྱ་ཆེན་སྤྱོད་པའི་མན་ངག་སྟེ། །རྒྱལ་བའི་རྒྱལ་སྲས་མཚུངས་མེད་ཞི་བ་ལྷའི། །གཞུང་བཟང་བསླབ་ཀུན་བཏུས་དང་སྤྱོད་འཇུག་གཞུང་། །བརྩོན་པ་མཉན་བསམ་བཀླག་ནས་དང་དུ་བླང་། །འོན་ཀྱང་བསྲུང་བྱའི་གཙོ་བོ་རྩ་ལྟུང་སྟེ། །བརྒྱུད་པ་སྔ་མའི་རྗེས་འབྲང་བཅོ་བརྒྱད་དང་། །བར་མའི་བཞི་ཡིན་དེ་དག་ཀུན་བསྡོམ་ནས། །སྨོན་སེམས་འདོར་བསྣན་ཉེར་གཉིས་ཕྱི་མས་སོ། །སྤེལ་བའི་གཙོ་བོ་ཕྱིན་དྲུག་སྤྱོད་པ་སྟེ། །གོ་སླ་མན་ངག་གནད་དུ་བརྡེག་པའི་ཆོས། །སྤྱོད་འཇུག་གཞུང་འདྲ་རྒྱ་བོད་གཉིས་ཆར་མེད། །འདི་ལ་མ་བརྟེན་སངས་རྒྱས་ཇི་ལྟར་ཡོད། །དེ་ལྟར་བརྒྱུད་གསུམ་མན་ངག་བདུད་རྩིའི་ཀླུང་། །
གང་དུ་འདུས་པ་ལེགས་བཤད་མ་གྲོས་མཚོ། །བློ་སྐྱོན་རྙོག་མའི་དུག་དང་མ་འདྲེས་པ། །
ཀུན་མཁྱེན་གཞུང་ལུགས་ཤིང་རྟ་ཆེན་པོ་ཡིན། །མང་ཐོས་བདུད་རྩིའི་རྒྱ་མཚོ་བསྲུབ་ལས་སྐྱེས། །ལེགས་བཤད་མར་བཅུད་ཕྱི་རབ་བཅུད་ལེན་དུ། །བཞག་འདི་དད་གསུམ་ལྕེ་ཡིས་མི་མྱོང་ན། །ཀུན་མཁྱེན་ཕྱག་གིས་ཇི་ལྟར་བཅུས་ནས་འདྲེན། །གཞུང་འདི་མདོ་སྔགས་ཀུན་གྱི་སྤྱི་འགྲེལ་ཏེ། །བརྒྱུད་པ་བསམ་གྱིས་མི་ཁྱབ་མན་ངག་རྫོགས། །རྒྱལ་བའི་གཞུང་ཀུན་ཚང་ལ་མ་ནོར་བ། །ལེགས་བཤད་འདི་འདྲ་སྔོན་ཆད་འབྱུང་བ་མེད། །ཐུབ་པའི་གཞུང་ལུགས་ལང་ཚོ་རྒྱས་པའི་ལུས། །རྗོད་བྱེད་ཚིག་རྫོགས་རིན་ཆེན་རྒྱན་བཀྲ་ཞིང་། །བརྗོད་བྱའི་དོན་ཟབ་རེག་བདེའི་དཔལ་འཛིན་པ། །ཐེག་དགུའི་ཡན་ལག་ཆ་ཤས་ཚང་བ་འདི། །ཕྱོགས་རེས་བློ་ཁེངས་གསར་རྙིང་གཅན་ཟན་ཁྱུས། །རློམ་པའི་ང་རོ་སྒྲོགས་བཞིན་ལྷུར་གཏུབ་ནས། །ཟ་ཡང་ཕྱོགས་རེའི་ལམ་གྱི་ལྟོ་འགྲང་ལས། །རྒྱལ་བསྟན་ཡོངས་རྫོགས་རྩེ་དགས་མྱོང་བ་མེད། །
སྐུ་གསུམ་ཡོངས་རྫོགས་ཆོས་ཀྱི་ཕོ་བྲང་དུ། །རྒྱལ་བསྟན་ཡོངས་རྫོགས་ཐིག་ལེ་མཆོག་མའི་ལུས། །རེག་པའི་རྩེ་དགའ་ཐེག་དགུའི་གླུར་ལེན་པ། །འཛམ་གླིང་འདི་ན་ཀུན་མཁྱེན་ཡབ་སྲས་ཙམ། །གཞུང་ལུགས་འདི་འདྲ་རྒྱལ་བའི་བསྟན་པ་ཀུན། །ཚང་བ་ལགས་ཀྱིས་དེ་ལས་གཞན་གྱུར་བའི། །བསྟན་བཅོས་ཐམས་ཅད་ཕྱོགས་རེ་ནས་ཟབ་ཀྱང་། །ཐེག་དགུའི་ཟབ་གནད་ཐུས་ཀ་མ་ཚང་ནོངས། །སྙིགས་དུས་འདི་ན་རྒྱལ་བསྟན་ཕྱོགས་རེར་གཅོད། །རྟོག་གེ་ཟོལ་མས་མཚན་ཉིད་གཞུང་ལུགས་བསླད། །རྫུན་གཏེར་ཟོག་པོས་གསང་སྔགས་བསྟན་པ་བསྣུབ། །སུས་ཀྱང་གང་དུ་རང་བཟོ་བགྱིད་དུས་འདིར། །ལུང་རིགས་མཁས་པའི་གཞུང་དང་ཆོས་མཐུན་ལ། །ཉམས་མྱོང་གྲུབ་པའི་མན་ངག་མ་ནོར་བ། །ཡིད་ཆེས་རྒྱལ་བའི་བཀའ་དང་དབྱེར་མེད་པ། །ཀུན་མཁྱེན་གཞུང་བཟང་འདི་ལས་གཞན་གྱིས་ཅི། །གཞུང་བཟང་འདི་དག་མེ་ཏོག་ཕྲེང་བཞིན་དུ། །སྤྱི་བོས་བླང་ནས་ཉན་འཆད་འཛིན་པ་དེ། །སྐལ་བཟང་འདི་ལགས་བསྟན་འཛིན་སྐྱེས་བུ་དེ། །ཀུན་མཁྱེན་བླ་མའི་རྗེས་སུ་འཇུག་པའང་དེ། །དེ་ལས་གཞན་དུ་ཆོས་བརྒྱད་བསྒྲུབ་པའི་བློས། །མཁས་པའི་གཞུང་ལུགས་དཀྲུགས་པ་མི་མཛེས་ཏེ། །ཀུན་མཁྱེན་གསུང་གི་རྗེས་གནང་མ་ཐོབ་པར། །ལེགས་བཤད་རྐུ་བ་བསྟན་འཛིན་ཇི་ལྟར་ཡིན། །
གང་ཡང་རྒྱལ་བའི་གསུང་དང་དབྱེར་མེད་པ། །ལེགས་བཤད་འདི་འདྲ་རྙེད་པར་དཀའ་བས་ན། །སེམས་ལྡན་ཡོད་ན་གཞུང་བཟང་འདི་དག་ལ། །བརྩོན་པས་ཉན་འཆད་སྒྲུབ་པར་ཅིས་ཀྱང་བསྐུལ། །འདི་འདྲའི་ལེགས་བཤད་སྔོན་ཆད་མ་བྱོན་ན། །ཕྱིན་ཆད་འབྱོན་འགྱུར་གཏན་ནས་ཅི་ལྟར་ཡོད། །མན་ངག་སྟོང་གི་གཏེར་ཁ་འདི་ཡིན་གྱི། །གཏེར་འདི་འབྱེད་ལ་བློ་གྲོས་གཟུང་རྣོན་རྡོར། །དད་པ་གསུམ་དང་ཤེས་རབ་སྐལ་བ་ཡིས། །ཀུན་མཁྱེན་བླ་མའི་དགོངས་པའི་གཏེར་བླང་ནས། །རང་གིས་ཉམས་བླང་གཞན་ལ་སྤེལ་བརྩོན་པ། །གཏེར་སྟོན་དེ་ཡིན་གྲུབ་ཐོབ་དངོས་ཀྱང་དེ། །དེ་ལས་གཞན་དུ་ཉམས་ཆོས་ཟ་ཟི་དང་། །བསྐྱེད་རྫོགས་མེད་པའི་སྒྲུབ་ཐབས་དུམ་བུའི་ཆོས། །ཅི་ཙམ་མང་ཡང་མཁས་པས་ཞེ་ཁྲེལ་ཞིང་། །སངས་རྒྱས་གཉིས་པའི་བསྟན་པའི་བླ་འཚོང་ཡིན། །སངས་རྒྱས་དངོས་དང་འདྲ་བའི་མཁས་གྲུབ་ཀྱི། །
གསུང་ལ་ཡིད་ཆེས་ཉམས་ལེན་མི་བགྱིད་པར། །སོ་སྐྱེས་འཁྲུལ་པ་ལས་ཀྱང་ཉིང་འཁྲུལ་གྱི། །
གཏམ་ལ་རེ་བ་ཆོས་སྐལ་ཆད་པའི་རྟགས། །ཉམས་ལེན་ཡིན་ན་ཌ་དྲིལ་ཁྲོལ་ཁྲོལ་དང་། །
ཕྲེང་བ་ཁྲོག་ཁྲོག་ཅིས་ཀྱང་མི་དགོས་ཀྱི། །ངལ་བསོ་གསུམ་དང་ཡོན་ཏན་རིན་པོ་ཆེར། །
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དགོས། །ཉམས་ལེན་ཁ་ལ་ཁྱེར་བས་ཅི་ཕན་གྱིས། །ཚིག་དོན་གོ་བ་བླང་ནས་སྐྱོར་སྦྱང་དང་། །དགོས་དོན་སེམས་དང་བསྲེས་ནས་བློ་སྦྱང་ཞིང་། །གནད་དོན་ཐུན་དུ་བཅད་ལ་ཉམས་ལེན་དགོས། །དེ་ལྟར་ཤེས་ན་རྒྱལ་བའི་རྗེས་སུ་ཞུགས། །བཤད་དང་སྒྲུབ་པའི་བསྟན་པ་དུས་གཅིག་ཟིན། །ལུང་དང་རྟོགས་པའི་ཆོས་ལ་རང་དབང་བསྒྱུར། །མི་རིང་ཆོས་རབ་རྣམ་འབྱེད་རྟོགས་པ་སྐྱེ། །དེ་ལས་གཞན་དུ་ཆོས་ཅན་མི་ཤེས་པའི། །ཆོས་ཉིད་རྟོགས་བློ་འཕགས་པའི་ཡེ་ཤེས་མིན། །ཇི་ལྟ་མཁྱེན་ཞིང་ཇི་སྙེད་མི་མཁྱེན་པའི། །འཕགས་པ་ཡོད་པ་རྒྱལ་བའི་གཞུང་ལུགས་མིན། །དེ་སླད་རྒྱལ་བ་ཀུན་གྱི་ལམ་པོ་ཆེ། །བྱང་ཆུབ་སེམས་མཆོག་བདེ་ནས་བདེ་བའི་ལམ། །ཆེ་འབྲེལ་ཆུང་འབྲེལ་གཅིག་ཏུ་འཚེང་བའི་ཆོས། །འདི་གཅིག་བསྒོམ་ན་སངས་རྒྱས་ལག་རྩེར་ཡོད། །དེས་ན་བདག་དང་ཁྱོད་ཀྱང་ཀུན་མཁྱེན་རྗེའི། །གཞུང་བཟང་འདི་དང་ནམ་ཡང་མི་འབྲལ་ཞིང་། །
བྱང་ཆུབ་སེམས་ཀྱི་སྤྱོད་པས་རྒྱུད་གྲོལ་ནས། །ནམ་མཁར་མཉམ་པའི་འགྲོ་ལ་ཕན་ཕྱིར་སྨོན། །ཉམས་སུ་མ་ལོན་ནེ་ཙོའི་འདོན་པ་ལྟའི། །ཆོས་བཤད་སྨྲ་བའི་མོས་པ་ཡོད་མིན་ཡང་། །
རྒྱལ་བ་གཉིས་པ་ཀུན་མཁྱེན་ཡབ་སྲས་ཀྱི། །གསུང་གིས་མི་བསླུ་བ་ཡི་དབང་བགྱིས་ནས། །
ཆོས་མཐུན་གྲོགས་ཀྱིས་ཡང་ཡང་བསྐུལ་བའི་ལན། །ཅིས་ཀྱང་མ་ལྡོག་རྫ་སྟོད་ཆར་སྐྱེས་པའི། །ཨ་བུ་ཧྲལ་པོས་བདེན་གཏམ་ཟང་མ་བྲིས། །ཀུན་གྱིས་ཡིད་ཆེས་གནས་སུ་འགྱུར་བར་ཤོག །དགེའོ། །དགེའོ། །དགེའོ། །
༈ ལམ་བཟང་སྡོམ་པ་གསུམ་གྱི་བསྟན་བཅོས་སོགས་ལ་འཆད་ཉན་གྱི་ཉིན་སྣང་འཆར་བའི་དུས་སུ་འཇུག་དགོས་པར་གདམས་པ། ངེས་འབྱུང་སོ་ཐར་རྩ་བ་བརྟན་པ་ལ། །གཞན་ཕན་བྱང་སེམས་ལོ་འདབ་རྣམ་པར་རྒྱས། །གསང་སྔགས་ཟབ་ལམ་འབྲས་བཟང་དར་བབ་པའི། །ལེགས་བཤད་གཞུང་འདི་བཟའ་ཤིང་ལྗོན་པ་བཞིན། །སྐལ་བཟང་གང་ཞིག་ལམ་མཆོག་འབྲས་བཟང་རོ། །མྱོང་འདོད་དད་གསུམ་མཆུ་སྒྲོས་སྐྱོང་བ་གང་། །ཐབས་ཤེས་གཤོགས་པས་ཆོས་དབྱིངས་མཁར་བགྲོད་དེ། །སྐུ་བཞིའི་གླིང་དུ་མི་ཐོགས་འགྲོ་བར་ངེས། །དེ་ཕྱིར་འཆད་རྩོད་རྩོམ་པའི་རྣམ་དཔྱོད་ཀྱི། །ལང་ཚོའི་ཉིན་བྱེད་བཤད་རླབས་བཀྲག་འབར་བ། །བློ་གསལ་བློ་ཡི་པདྨོ་ཁ་འབྱེད་པའི། །སྐལ་བཟང་ཉིན་བྱེད་གཞོན་ནུ་དེང་ཤར་རོ། །ཉིན་མོའི་དཔལ་འདི་གང་གི་སྐལ་པ་རུ། །ཐོབ་དེ་ཆུད་མ་ཟོས་པ་དེའི་འོད་སྣང་། །བློ་གྲོས་པདྨོའི་གཉེན་དུ་འཐུང་ཤེས་ན། །
ལེགས་ལམ་དཔལ་བརྒྱ་མ་བོས་བཞིན་དུ་འདུ། །ཞེས་པའང་དཔལ་སྤྲུལ་པས་སོ། །
༈ གྲོགས་ཀྱི་ཀུན་སྤྱོད་འགོ་བར་ཤེས་ནས་སྤང་བླང་ལ་གདམས་པ་བླ་མ་རིག་འཛིན་རྒྱ་མཚོ་ལ་གནང་བ། གྲོགས་བཟང་པོའི་ཀུན་སྤྱོད་འདི་ལྟར་འགོ །གྲོགས་ཤེས་རབ་ཅན་བརྟེན་ན་བློ་གྲོས་འཕེལ། །
གྲོགས་སྙིང་རྗེ་ཅན་བརྟེན་ན་བྱང་སེམས་སྐྱེ། །གྲོགས་ཆོག་ཤེས་ཅན་བརྟེན་ན་འདོད་པ་ཆུང་། །
གྲོགས་གཏོང་ཕོད་ཅན་བརྟེན་ན་གཏོང་སེམས་འབྱུང་། །གྲོགས་ཞི་དུལ་ཅན་བརྟེན་ན་རང་རྒྱུད་བཟང་། །གྲོགས་སྐྱོ་ཤས་ཅན་ལས་སྐྱོ་ཤས་དང་། །གྲོགས་ངེས་འབྱུང་ཅན་ལས་ཐར་འདོད་འབྱུང་། །གྲོགས་ཕྱི་མ་གཉེར་བརྟེན་དགེ་བ་དྲན། །གྲོགས་བཟང་པོ་བརྟེན་ལས་ངེས་འབྱུང་སྐྱེ། །གྲོགས་ཆོས་པ་བརྟེན་ལས་ཆོས་སྒྲུབ་དྲན། །གྲོགས་འདོད་པ་ཆུང་བརྟེན་ཆོག་ཤེས་འབྱུང་། །གྲོགས་བརྩོན་འགྲུས་ཅན་ལས་སྙིང་སྟོབས་ཆེ། །གྲོགས་དམ་པ་དང་འགྲོགས་ན་ཡོན་ཏན་འགོ །གྲོགས་ཐར་འདོད་ཅན་བརྟེན་གཏན་བདེ་གཉེར། །གྲོགས་དགེ་སེམས་ཅན་ལས་དགེ་བློ་འབྱུང་། །གྲོགས་དག་སྣང་ཅན་ལས་དད་པ་སྐྱེ། །གྲོགས་བློ་ལྡན་དང་འགྲོགས་ན་གཏན་འདུན་འགྲུབ། །གྲོགས་བཟང་པོའི་ཀུན་སྤྱོད་དེ་ལྟར་ཡིན། །དོན་དེ་ཕྱིར་དགེ་བའི་གྲོགས་པོ་བརྟེན། །གྲོགས་ངན་པའི་ཀུན་སྤྱོད་འདི་ལྟར་འགོ །གྲོགས་གཏི་མུག་ཅན་བརྟེན་ཤེས་རབ་འགྲིབ། །གྲོགས་ཞེ་སྡང་ཅན་བརྟེན་རང་རྒྱུད་ངན། །གྲོགས་འདོད་ཆགས་ཅན་བརྟེན་ན་ཆུང་དྲན། །གྲོགས་སེར་སྣ་ཅན་བརྟེན་ན་སེར་སྣ་སྐྱེ། །གྲོགས་ང་རྒྱལ་ཅན་བརྟེན་ན་འགྱིང་ཚུགས་དྲན། །གྲོགས་ངེས་འབྱུང་མེད་བསྟེན་ཚེ་འདིར་ཆགས། །གྲོགས་འདིར་སྣང་གཉེར་བསྟེན་ཕྱི་མ་བརྗེད། །གྲོགས་ཐ་ཆད་བསྟེན་ལས་སོ་ནམ་དྲན། །གྲོགས་ཁེ་སྤོགས་ཅན་བསྟེན་ཚོང་བྱེད་སེམས། །གྲོགས་ནོར་སྲེད་ཅན་བརྟེན་གསོག་འཇོག་དྲན། །
གྲོགས་ལེ་ལོ་ཅན་བརྟེན་སྒྱིད་ལུགས་འགྱུར། །གྲོགས་རྣམ་གཡེངས་ཅན་བརྟེན་གཡེང་བས་འཁྱེར། །གྲོགས་སྣང་ཤས་ཅན་བསྟེན་ཚེ་འདིར་གཡེངས། །གྲོགས་སྡིག་ལྡན་དང་འགྲོགས་སྡིག་སེམས་སྐྱེ། །གྲོགས་དད་མེད་དང་འགྲོགས་དག་སྣང་ཆུང་། །གྲོགས་མདོ་ཤོར་དང་འགྲོགས་མི་དགེ་དྲན། །གྲོགས་ངན་པའི་ཀུན་སྤྱོད་དེ་ལྟར་ཡིན། །དོན་དེ་ཕྱིར་སྡིག་པའི་གྲོགས་པོ་སྤོངས། །ཞེས་པ་འདི་བླ་མ་རིག་འཛིན་རྒྱ་མཚོའི་ངོར་དཔལ་སྤྲུལ་པས་སོ། །དགེའོ། །
༈ གཞོན་པའི་དུས་ནས་ཐོས་པ་བྱ་བ་སོགས་ལམ་ལ་འཇུག་ཚུལ་མ་འཆོལ་བར་གཞོན་ནུ་པདྨ་སྐལ་བཟང་ལ་གདམས་པ། ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་བ་ཀུན་གྱི་རྨད་བྱུང་མཁྱེན་པའི་དཔལ། །བརྩེ་བའི་ཐུགས་རྗེ་གཟུགས་ཀྱི་སྐུར་བསྟན་ནས། །ནུས་པའི་སྟོབས་ཀྱིས་འགྲོ་བའི་མགོན་མཛད་པ། །རྒྱལ་སྲས་སེམས་དཔའ་འཇམ་དཔལ་དཔའ་བོས་སྐྱོངས། །དལ་བའི་རང་བཞིན་སྐྱོན་དང་བྲལ་རྙེད་ནས། །འབྱོར་པའི་ཡོན་ཏན་ཚང་བའི་གཞོན་ནུ་ཁྱེད། །ཚུལ་བཞིན་རྒྱལ་བའི་བསྟན་ལ་སློབ་འདོད་ན། །ཐོས་བསམ་བསྒོམ་གསུམ་ཚང་པའི་ཉམས་ལེན་དགོས། །ཐོས་པ་མེད་པའི་བསྒོམ་པ་བྱེད་ལོ་ཕལ། །གནད་མེད་དགེ་སྦྱོར་མུན་པའི་མདའ་འཕེན་གྱིས། །རང་རྒྱུད་མ་དུལ་ཆོས་པའི་གཟུགས་བརྙན་ཅན། །ཡང་དག་ཆོས་ལ་རྒྱབ་འགལ་སོང་བ་མང་། །ཐོས་པ་གང་ལས་ཐོས་པར་བྱ་བའི་ཡུལ། །མཁས་ཤིང་བརྩེ་བས་སྟོན་ལ་མི་ངལ་བའི། །ཡང་དག་སློབ་དཔོན་བརྟེན་ལ་རགས་ལས་པས། །ཡོན་ཏན་ཚོགས་མངའ་འབད་པས་བཙལ་བར་བྱ། །འབྲི་ཀློག་སྒྲ་དང་རིག་པའི་གནས་མཐའ་དག །ཐོས་བསམ་སྒོམ་པའི་ཆོས་ཀྱི་རྟེན་ཡིན་པས། །ཤེས་བྱའི་ཆོས་ཀུན་སྤང་བླང་བྱ་བའི་ཕྱིར། །ཤེས་ནས་ཡོན་ཏན་སྣ་ཁ་མང་དུ་ཚོལ། །
གཞོན་ནུའི་དུས་སུ་སློབ་གཉེར་མ་བྱས་ན། །ན་སོ་སོན་ནས་འགྱོད་པའི་བློ་སྐྱེ་བས། །ད་ལྟའི་སྐབས་འདིར་བསླབ་སྦྱང་ཁོ་ན་གཙོ། །བསླབ་བྱའི་གནས་དང་གང་ལས་སློབ་པའི་ཡུལ། །
འདམ་ཀ་མི་བྱེད་སུ་ཡིས་ཅི་ཤེས་པ། །དེ་དང་དེ་ལས་འཕྲལ་དུ་བསླབ་གྱུར་ན། །ཐིག་པ་བསགས་པས་རྒྱ་མཚོར་འགྱུར་བ་བཞིན། །ཡོན་ཏན་ཚོགས་ཀྱིས་རང་བློ་ཁེངས་པར་འགྱུར། །
སྐྱོན་བརྒྱ་ཚང་བའི་མི་ངན་ཕལ་པ་ལ། །ཤེས་བྱ་རིག་པའི་ཡོན་ཏན་གཅིག་སྣང་ཡང་། །སྐྱོན་ལ་མི་སེམས་ཡོན་ཏན་དེ་བླང་སྟེ། །ངང་པས་ཆུ་ལས་འོ་མ་འབྱེད་པ་བཞིན། །ཐོས་པ་ལས་ཀྱང་ཉམས་ལེན་གནས་ཚོལ་ཞིང་། །མང་དུ་ཐོས་ཀྱང་ང་རྒྱལ་སྤངས་པའི་བློས། །ཐོས་པས་རང་རྒྱུད་གྲོལ་བའི་ཚུལ་ཤེས་ནས། །དང་པོ་ཐོས་པ་ཁོ་ན་རྩལ་དུ་ཐོན། །ཅུང་ཟད་ཉམས་ལེན་ཆོས་ཀྱི་གནད་ཤེས་ནས། །རང་བློ་གཏིང་ནས་མོས་པ་མ་ཐོབ་པར། །ནེ་ཙོའི་འདོན་པའི་སྤྲེའུའི་མཉམ་བཞག་ལྟའི། །ཁ་ཐོན་དགེ་སྦྱོར་བྱེད་བློ་ངལ་བའི་རྒྱུ། །དེས་ན་གཞོན་ནུ་རིག་པ་རྣོ་བའི་དུས། །བླུན་སྒོམ་རྒན་པོའི་ལད་མོ་མི་བྱེད་པར། །ཡང་དག་ཐོས་པའི་ཆོས་ཀྱི་མིག་བཙལ་ནས། །གང་ཐོས་ཆོས་དེ་རང་གི་རྒྱུད་དང་བསྲེ། །ཐོས་པས་ཉམས་ལེན་ཆོས་ཀྱི་གནད་ཤེས་ནས། །ཐོས་དོན་གོ་ཡུལ་ཙམ་དུ་མི་བཞག་པར། །བློ་ལྡོག་བཞི་དང་དད་དང་སྙིང་རྗེ་སོགས། །བསམ་བྱའི་ཆོས་ཀྱིས་རང་རྒྱུད་འདུལ་བ་གནད། །བསམ་པས་རང་བློ་གཏིང་ནས་ཆོས་ལ་གྱུར། །ཚེ་འདིའི་ཞེན་པ་རྩད་ནས་ལེགས་ཆོད་ཅིང་། །བཅོས་མ་མིན་པའི་ངེས་འབྱུང་བྱང་ཆུབ་སེམས། །རྒྱུད་ལ་སྐྱེས་ན་ད་གཟོད་བསྒོམ་ལ་ཞུགས། །དེ་ནས་རི་ཁྲོད་དབེན་པའི་གནས་བཙལ་ནས། །སྙིང་ནས་དམ་བཅའ་བརྟན་པོ་མི་འགྱུར་བས། །ཚེ་འདི་ཁོ་ནས་ལམ་མཆོག་མཐར་ཕྱིན་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །དེ་ལྟར་མ་བྱས་གོ་རིམ་འཇོལ་བའི་ཆོས། །གཞོན་ནུས་བསྒོམ་དང་རྒན་པོས་སློབ་གཉེར་གྱིས། །
རང་ལ་མི་ཕན་གཞན་དག་འཕྱ་བས་ན། །དུས་དང་བསྟུན་པའི་བསྟན་པའི་གོ་རིམ་གཅེས། །
དེ་ལྟར་ཐོས་བསམ་སྒོམ་ལས་བརྩམ་པའི་གཏམ། །གང་ཞིག་སྨྲས་ཀུན་ཁྱེད་ཀྱིས་ལེགས་བསྒྲུབས་ནས། །འཁྲུལ་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཚུལ་དང་མཐུན་པར་རྒྱུད་ལ་འབྱོར་བར་ཤོག །རྒྱལ་བསྟན་ལུང་དང་རྟོགས་པའི་དམ་ཆོས་ཀྱིས། །རང་རྒྱུད་ལམ་གྱི་ཆོས་ཀུན་ཡོངས་རྫོགས་ནས། །མཐའ་ཀླས་འགྲོ་བ་ཀུན་གྱི་དོན་སླད་དུ། །ཡང་དག་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །གནས་སྐབས་སུ་ཡང་ཚེ་རིང་ནད་མེད་ཅིང་། །བསམ་དོན་ཀུན་འགྲུབ་ཐོས་བསམ་སྒོམ་ལྡན་པའི། །ཡང་དག་བཤེས་གཉེན་རྙེད་ནས་མཉེས་བྱེད་ཅིང་། །དེ་ཡི་ཐུགས་མཛོད་བདུད་རྩི་ལོན་པར་ཤོག །བསླབ་ན་འཇམ་དཔལ་གཞོན་ནུའི་མཁྱེན་པ་རྒྱས། །
བསྒྲུབས་ན་སྤྱན་རས་གཟིགས་དབང་བརྩེ་བ་ཐོབ། །གཞན་དོན་ཕྱག་ན་རྡོ་རྗེའི་ནུས་པ་རྙེད། །
རྒྱལ་སྲས་རིགས་གསུམ་མགོན་དང་དབྱེར་མེད་ཤོག །གཞོན་ནུ་པདྨ་སྐལ་བཟང་གི་བཞེད་ངོར་དཔལ་དགེས་སོ། །དགེའོ། །
༈ བྱ་བ་མང་པོའི་བློ་སྣ་སྤང་སྟེ་དབེན་པར་རང་རྒྱུད་འདུལ་བ་ལ་གདམས་པ། བསྐལ་བཟང་ཐུབ་པ་རྫོགས་སངས་རྒྱས་དང་། །ཉེ་བའི་སྲས་ཆེན་འཇམ་པའི་རྡོ་རྗེའི། །བྱིན་རླབས་གཟི་དེས་ཁྱེད་བློའི་ཉོན་མོངས། །དྲྭ་བ་བཅད་པའི་ཤིས་པས་སྐྱོངས་ཤིག །མཛེ་བོ་སྨྱོན་པ་ཨ་བུ་ཧྲལ་པོ། །དུག་ལྔ་མེ་འབར་རང་གཤིས་ལགས་ཀྱང་། །རྒ་བའི་གྲོང་སྒོ་རྡོག་པས་ནོན་ཞིང་། །འཆི་བའི་ནད་ཀྱིས་ཐེབས་པ་ཤེས་དགོས། །མ་འཁྲུལ་མ་འཁྲུལ་རང་བསམ་ཐོང་ལ། །རང་གིས་བསམ་མནོ་གཏན་ལ་ཕབ་ནས། །འཆི་ནད་ཐེབས་པའི་བློ་སྣ་དགོས་ཀྱི། །འཆི་མེད་ལྷ་འདྲའི་བག་མེད་མ་བྱེད། །ཡང་ནས་ཡང་དུ་བསམ་བློ་བཏང་ནས། །རང་གི་གནས་སྐབས་རང་གིས་བརྟགས་ན། །ཡེངས་པས་གློ་བུར་མྱོས་པ་སྲིད་ཀྱང་། །རང་གི་རང་དབང་ཕལ་ཆེར་ཡོད་འགྲོ། ཅུང་ཟད་ཅུང་ཟད་རྐྱེན་གྱིས་མྱོས་པའི། །འཁྲུལ་པའི་གཞན་དབང་མེད་མི་སྲིད་ཀྱང་། །
ཧ་ཅང་ཐལ་བའི་སེམས་ཀྱི་ཟུག་རྔུ། །བག་ཕེབས་བྱེད་ལ་དོགས་ཟོན་རེམ་དགོས། །ཡུལ་ཕྱོགས་འདི་ན་རང་ལས་ངན་པ། །མེད་པར་ཤེས་པའི་ཉམས་ཆུང་ངང་ནས། །འབྲེལ་འདྲིས་ཉུང་ཞིང་མལ་ས་ནོན་པའི། །རང་མགོ་དམ་པའི་ཆོས་ཀྱིས་འདོན་མཛོད། །དྲོ་འཇམ་མལ་ན་ལྷ་ཡུལ་མཛེས་པའི། །དཀར་དམར་མེ་ཏོག་བཀྲ་བ་མེད་ཀྱང་། །ལྷ་ལས་ལྷག་པའི་བདེ་སྐྱིད་ཡོད་ཀྱིས། །བག་ཅིག་ཕབ་ན་འདི་རུ་ཕོབ་མཛོད། །གང་དང་འགྲོགས་ན་ཉོན་མོངས་འཕེལ་ཞིང་། །མ་བརྟགས་སྤྱོད་པ་ཤུགས་ཀྱིས་འགོ་བས། །གྲོགས་ངན་གནས་ལ་བག་ཟོན་གྱིས་དང་། །ཀུན་མཐུན་གཤིས་བཟང་མིན་ཡང་བཟོད་དོ། །རང་གི་རྒྱུད་ལ་ལྷག་པར་ལྡང་བའི། ཉོན་མོངས་དེ་ལ་གཉེན་པོ་མེད་ན། །ཆོས་ཀྱིས་སེམས་ལ་ཅི་ཞིག་བགྱི་ཡིས། །དུག་ལྔའི་རྟོག་ངན་འབུར་འཇོམས་རེམ་དགོས། །དགེའོ། །
༈ སྙིགས་དུས་ཀྱི་བསམ་སྤྱོད་གཡོ་སྒྱུས་གཞན་བསླུ་ཐབས་ཀྱི་བསམ་སྦྱོར་མེད་པར་བློ་ཆེན་ངང་རིང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ཚུལ་སྡེ་དགེའི་ཆོས་བློན་ལ་གདམས་པ། སྐྱབས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ། །མཚུངས་མེད་ཐུགས་རྗེ་མཆོག་གི་གཏེར་མཛོད། །དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། །ཚེ་རབས་ཀུན་ཏུ་ཐུགས་རྗེས་ཟུངས་ཤིག །ཀྱེ་མ་དེང་སང་སྙིགས་མའི་དུས་འདིར། །ཆོས་ཁྲིམས་དར་གྱི་མདུད་པ་ལྷོད་ཅིང་། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག་ནས། །བྱ་སྤྱོད་ཐམས་ཅད་ལོག་པར་སོང་མཐུས། །སྣོད་བཅུད་ཐམས་ཅད་སྡུག་བསྔལ་རང་བཞིན། །སྤྱོད་ལམ་ཐམས་ཅད་མ་རབས་ལད་མོ། །སྨྲ་བརྗོད་ཐམས་ཅད་རྫུན་གྱི་འཁོར་ལོ། །ལོངས་སྤྱོད་ཐམས་ཅད་སྡིག་པའི་གཡོ་བཀོལ། །སྙིགས་མའི་རང་མཚང་འདི་འདྲ་ལགས་སོ། །ངེས་འབྱུང་བྱང་སེམས་ཆོས་ཀྱི་རྩ་བས། །རང་རྒྱུད་འདུལ་བ་ཡལ་བར་དོར་ནས། །སྔགས་སྤྱོད་ཐོ་ཅོས་མི་མགོ་བསྐོར་བསྐོར། །ཕྱི་མའི་འབྲས་བུ་དམ་སྲི་རྒྱལ་འགོང་། །བསྐྱེད་རྫོགས་མེད་པའི་མནན་བསྲེགས་འཕང་གསུམ། །ངག་ནུས་མེད་པའི་མཐུ་གཏད་བྱད་གསུམ། །དཔའ་དཔུང་མེད་པའི་དམེ་འཁྲུགས་གྱོད་གསུམ། །དུས་ངན་འབོད་པའི་གཡབ་མོ་འདུག་གོ །གཏད་ན་མི་བསླུ་དཀོན་མཆོག་རིན་ཆེན། །སྐྱབས་གནས་གཅིག་ཆོག་ཡལ་བར་དོར་ནས། །ལྷ་ལ་བོས་ཀྱང་ལྷ་བསྲུང་མི་འགོ །མི་ལ་རྒྱབ་བརྟེན་མེད་པ་དེ་ལགས། །འཕྲུལ་ཕུག་དགེ་བ་བདེན་གཏམ་ཟོལ་མེད། །དྲང་པོའི་གཞུང་ལམ་ཡལ་བར་བོར་ནས། །གཡོ་སྒྱུའི་བསྐོར་ཡུས་ཆེད་དུ་གཉེར་ཡང་། །ནམ་ཕུག་ཕུང་པའི་བློ་ཉེས་དེ་ལགས། །ཕ་རོལ་ཟིལ་གནོན་བསོད་ནམས་གཟི་བརྗིད། །དཀོན་མཆོག་མཆོད་པའི་རང་འབྲས་ལགས་ན། །གཞན་འབྱོར་མི་བཟོད་ཕྲག་དོག་སྤྱོད་པའི། །བསམ་ངན་མཚོན་ཆ་རང་ལ་འཁོར་འོང་། །རྒྱལ་པོའི་སྲིད་དང་ཡུལ་གྱི་དར་གུད། །སྐབས་རེ་སྐབས་རེའི་དུས་ཀྱི་འགྱུར་བ། །རྟག་བརྟན་མེད་པ་འཁོར་བའི་མཚན་ཉིད། །གཏིང་ནས་གོ་ན་དགའ་སྡུག་ཅི་དགོས། །ཅུང་ཟད་ལེགས་ན་ཁེངས་པ་སྐྱེས་ཞིང་། །
ཕྲན་ཚེགས་ཉེས་ན་སེམས་རྩ་ཞུམ་པ། །དཔའ་བརྟན་སྐྱེ་བོའི་སྤྱོད་པ་མ་ལགས། །མི་ཁེངས་མི་ཞུམ་དམ་པའི་རང་གཤིས། །དོན་ཆེན་བསྒྲུབ་ལ་ངང་ཆེན་བསྲིང་ན། །ཆོས་དང་སྲིད་ཀྱི་བྱ་བ་གང་ཡང་། །འདི་འདྲ་འདི་དགོས་སྐབས་སུ་བབས་དུས། །ལེགས་ལམ་འགྱུར་མེད་ཤུགས་ཀྱིས་འཁོར་འོང་། །འདོད་འབྱུང་ནོར་བུ་བསམ་པ་བཟང་པོ། །དགྲ་གཉེན་མེད་པར་རྒྱུད་ལ་སྐྱེས་ན། །བསམ་པའི་དོན་ཀུན་མི་འགྲུབ་མི་སྲིད། །རྒྱལ་སྲས་སྤྱི་ཡི་ལམ་ཆེན་དེ་ཡིན། །བྱ་བའི་ལེགས་ཉེས་ལས་ཀྱིས་བརྐོས་པས། །འདི་བྱ་འདི་བྱེད་བསམ་བློ་མ་མང་། །རང་སེམས་གཡེང་བ་གྲོགས་སྐམ་ཉ་རྒྱ། །རེ་འདོད་འབྲས་བུ་འབྱོར་པ་དཀའ་འོང་། །ཀུན་ལ་ཕན་འདོད་བསམ་པ་བཟང་པོ། །གཞི་རུ་བཟུང་ན་ལུས་ངག་བྱ་སྤྱོད། །ཅི་ལྟར་བྱས་ཀྱང་དམ་པའི་ཆོས་ཡིན། །གཅིག་ཆོག་འདི་ལ་གཅིག་ཏུ་དྲིལ་མཛོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཤེས་ན། །
ཆོས་དང་སྲིད་ཀྱི་བྱ་བ་མི་འགལ། །དེ་ཡི་རྩ་བ་གཞན་ཕན་སྙིང་རྗེ། །སྐད་ཅིག་རེ་བཞིན་མི་བརྗེད་དྲན་མཛོད། །གདོས་བཅས་ལུས་འདི་རང་དབང་མེད་ཀྱང་། །རྣམ་རྟོག་སེམས་འདི་གཞན་དབང་མི་འགྱུར། །ཆོས་དང་རང་སེམས་འཕྲལ་འཕྲལ་བསྲེས་ན། །ལྷ་ཆོས་བསྒྲུབ་ཟེར་གཡེལ་ཆེན་མི་དགོས། །དད་དང་སྙིང་རྗེ་རྒྱུད་ལ་བརྟེན་ན། །མ་བྱེད་ཟེར་མཁན་སུ་ཡང་མི་འོང་། །མཆོག་གསུམ་བླ་མར་གསོལ་བ་བཏབ་ན། །ཆོས་མཐུན་བྱ་བ་ཤུགས་ཀྱིས་འགྲུབ་འོང་། །མཁར་ལས་རྩིགས་བཟོའི་གྲབ་ཤམ་ལྟ་བུ། །ཐར་ལམ་བསྒྲུབ་ལ་དགོས་པ་མ་ལགས། །
སྐད་ཅིག་གཅིག་ལ་སེམས་ཀྱི་རྣམ་རྟོག །ཆོས་ཕྱོགས་བསྒྱུར་བ་དེ་ག་ལགས་མོད། །འཇིག་རྟེན་བྱ་བ་ཐམས་ཅད་བཞག་ནས། །ཆོས་བསྒྲུབ་ཟེར་བ་ད་ལྟ་དཀའ་བས། །འཇིག་རྟེན་བྱ་བ་ཅི་བྱེད་ཐམས་ཅད། །བསམ་པ་བཟང་པོའི་གསེར་འགྱུར་རྩིས་ཐོབ། །དེ་ལྟར་མཛད་ན་ལུགས་གཉིས་ལྗོན་བཟང་། །དཔག་བསམ་དཔལ་མོའི་འབྲས་བུ་བཟུང་ནས། །ལྷ་ཡི་རྒྱལ་སྲིད་དབུ་རྨོག་བཙན་པའི། །རབ་དཀར་དགེ་བའི་སྨོན་འདུན་ཞུའོ། །རྒན་པོའི་མིག་བརྟུལ་བློ་རིག་རྒུད་ཅིང་། །སྣག་ཤོག་སོགས་ཀྱི་འབྱོར་པ་དཀོན་པས། །གང་ཐུགས་དགྱེས་པའི་འཕྲིན་ཡིག་དཀའ་ཡང་། །དམ་པའི་བཀའ་གསུང་གཅོག་པར་མ་ནུས། །གཅོས་གཏམ་དུམ་ཆོད་ཡི་གེར་བྲིས་ནས། །འཕྲལ་དུ་གང་དྲན་ཕུལ་བ་དེ་ལགས། །དགོངས་འཚམས་མེད་པར་བརྩེ་བ་ཁོ་ནས། །སྤྱན་གྱིས་གཟིགས་ཕྱོགས་གནང་བར་ཞུའོ། །
༈ ཆོས་ལ་གྱ་ཚོམ་མིན་པ་སེམས་ལ་ངེས་པ་ཐོབ་ནས་རིམ་པར་འཇུག་ཚུལ་སོགས་ཐོས་ཆུང་རྣམས་ལ་གདམས་པ། ཤར་རྒྱལ་མོ་རོང་བ་གར་དབང་སོགས་ཐོས་པ་ཆུང་ཞིང་ཆོས་ལ་མོས་པ་ཡོད་པ་རྣམས་ཀྱི་ལག་ལེན་གྱི་གནད། དང་པོ་ཆོས་སྒྲུབ་འདོད་ཡོད་ཀྱང་ཇི་བཞིན་ཐོག་ཏུ་མི་ཁེལ་བ་རང་གི་བློ་ཐག་གཏིང་ནས་མ་ཆོད་པས་ལན། འདིའི་སྐབས་སུ་རང་གི་བློ་ཐག་རྦད་ཀྱིས་བཅད་དེ་མཚན་ལྡན་གྱི་བླ་མ་མ་གཏོགས་སུའི་ཁ་ལ་ཡང་མི་ཉན་པ་སྨྱོན་པ་འུར་ལངས་པ་ལྟ་བུ་ཞེས་པ་དེ་དགོས། འོན་ཀྱང་སྔོན་འགྲོ་བློ་ལྡོག་རྣམ་བཞིས་རང་རྒྱུད་ལེགས་པར་བཏུལ་ཏེ་སྐྱིད་སྡུག་གང་གི་སྐབས་སུའང་འཁོར་བའི་བྱ་བ་ཐམས་ཅད་སྙིང་པོ་ཏིལ་འབྲུ་ཙམ་མེད་པར་ཤེས་ནས་མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟ་བུའི་ཞེ་ལོག་པ་ཞིག་མེད་ན་གློ་བུར་གྱི་ངེས་འབྱུང་སད་སུད་ལ་བརྟེན་ནས་བྱ་བཏང་བྱེད་སྔ་བྱས་ན་བྱ་བྲལ་བྱ་བྱེད་མང་བ་གླང་མཇུག་སྐར་ཁུང་དུ་འཐོག་པའམ། །རྟོགས་ལྡན་ཕྱིར་ལོག་རྒྱབ་པ་སྒོམ་ཆེན་རྙིང་པ་ཨ་ཁྲད་ཆུ་བརྡུང་བྱེད་པ་དེ་འོང་། དེས་ན་དང་པོ་བློ་ལྡོག་རྣམ་བཞི་སེམས་ཐོག་ཏུ་སྦྱང་ནས་ཚེ་འདིའི་བྱ་བ་ཐམས་ཅད་སྙིང་ཐག་པ་ནས་བློ་གཏོང་ནུས་པ་ཞིག་མ་བྱུང་བར་དུ་ཆོས་ཁ་ལ་མི་འདོན། ལག་ཏུ་མི་ལེན། བྱ་བཏང་མི་བྱེད་པ་གལ་ཆེ། སྙིང་ཐག་པ་ནས་ངེས་འབྱུང་དང་སྐྱོ་ཤས་ཞེན་ལོག་དང་མོས་གུས་འགྱུར་བ་མེད་པ་རང་ལ་རང་ཡིད་ཆེས་པ་ཞིག་རྒྱུད་ལ་སྐྱེས་པའི་ཚེ་ཁྲེལ་མེད་རྡོ་རྗེ་སྔོན་དུ་ལེགས་པར་བཏང་ཟིན་པ་དེའི་དུས་ལ་བབ་པ་ཡིན་ཏེ། དེའི་ཚེ་དགྲ་གཉེན་རིང་དུ་བཞག །ཞིང་ཐ་རེངས་དུ་བཏང་། འཇིག་རྟེན་གྱི་བྱ་བ་བྱེད་འཕྲོ་ལ་བོར། གཉེན་གྲོགས་དང་བཟའ་ཚང་གི་ངོ་ལ་མི་བལྟ། གོང་དཔོན་དང་ཉེ་དུའི་ཁ་ལ་མི་ཉན། རང་ཐག་རང་གིས་བཅད། སྣ་ཐག་མགོ་ལ་དཀྲིས་ཏེ་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟ་བུ་ཞིག་བྱེད་དགོས་པ་ཡིན་པར་འདུག །དེ་ནས་ཆོས་དངོས་གཞི་སྒྲུབ་པའི་དུས་ལུས་ངག་གཡོག་པོའི་སྒྲུབ་པའི་ཆོས་དེས་གོ་ཆེན་པོ་རང་མི་ཆོད། སེམས་དཔོན་པོས་བསྒྲུབ་པའི་ཆོས་དེ་ཆོད་ཆེ་བ་ཡིན། བསྒྲུབ་བྱའི་ཆོས་ལའང་སྐྱབས་སེམས་རྩ་བ་ལྟ་བུའི་ཆོས་དེ་མེད་ན། བསྲུང་སྡོམ་སྡོང་པོ་ལྟ་བུའི་ཆོས་དེ་མི་འབྱུང་། །དེ་མེད་ན་ལྟ་སྤྱོད་མེ་ཏོག་ལྟ་བུའི་ཆོས་དེ་མི་སྐྱེ། དེ་མ་སྐྱེས་ན་བསྐྱེད་རྫོགས་འབྲས་བུའི་ཆོས་དེ་མི་སྨིན་པས། ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་སེམས་བསྐྱེད་གཉིས་ལ་ཐུག །འདི་གཉིས་པོ་འདི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་། ཐེག་པ་རིམ་པ་དགུའི་རྩ་བ་ཡིན། གཞི་མ་ཡིན། སྙིང་པོ་ཡིན། གཞུང་ཤིང་ཡིན། སྲོག་ཡིན། འདི་གཉིས་དང་མ་འབྲེལ་བའི་ཆོས་ཐམས་ཅད་ཤི་བའི་རོ་ཡིན། རོའི་དུམ་བུ་ཡིན། སྙིང་པོ་ཅུང་ཟད་ཀྱང་མེད། རྩ་བ་འདི་གཉིས་ལ་རྒྱས་པར་བཤད་ན་མང་པོ་ཡོད་ཀྱང་། བསྡུ་ན་དཀོན་མཆོག་གསུམ་ལ་ཡིད་ཁྱེད་ཤེས་ཀྱི་བློ་གཏད་ཁེལ་བ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་གནས་སྐབས་ཕན་བདེ་བསྒྲུབ་པ་དང་། མཐར་ཐུག་སངས་རྒྱས་ཐོབ་འདོད་ཀྱི་བློ་དང་མི་འབྲལ་བར་བྱེད་པ་འདི་གཉིས་པོར་འདུ་བ་ཡིན། དེས་ན་འདི་གཉིས་ཉམས་སུ་ལེན་ཚུལ་གནད་ཚིག་གི་སྤུ་ལ་མི་འཇུ་བར་ཉམས་ལེན་གྱི་རྐང་པ་ནས་ཟིན་པ་ཞིག་དགེ་བའི་བཤེས་གཉེན་ལ་བསླབ་སྟེ་ཤེས་འཕྲལ་བླ་མའི་རྣལ་འབྱོར་དང་འཕོ་ལུང་སོགས་ཉེ་ལམ་དང་མྱུར་ལམ་ཁྱད་པར་བ་རྣམས་ཤེས་ན་དབང་ཐོབ་ནས་ཉམས་སུ་ལེན་ཆོག །མ་ཤེས་ཀྱང་སྐྱབས་སེམས་ལ་གཞི་བཅོལ་ནས་བསམ་པ་བཟང་པོས་མ་ཎི་འདྲེན་གྱིན་བསྡད་ན་ཆོག་འདུག །
ལར་བརྩོན་འགྲུས་སྲོག་དང་བརྡོས་ཏེ་ལམ་བར་མ་ཆད་དུ་ཉམས་སུ་ལེན་པ་ཞིག་མ་བྱུང་ན་རིམ་དགུའི་ཐེག་པའི་གཞུང་ལུགས་ཤེས་ཀྱང་ཚེ་གཅིག་གིས་འཚང་ནི་མི་རྒྱ་བར་འདུག །
དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་མཚན་ཙམ་ཐོས་པའང་ནམ་ཞིག་ན་འཚང་རྒྱ་བར་འདུག །དེ་ཤེས་པར་གྱིས། ཤྲཱི་སེང་ནས་དཔལ་དགེས་བྲིས། དགེའོ། །