PJCW-KABUM-04-NGA-026
PJCW-KABUM-04-NGA-026
༄༅། །རྫོང་འཕྲང་སྲོག་གསུམ་གྱི་བཤད་པ་བཞུགས།
རྫོང་འཕྲང་སྲོག་གསུམ་ཞེས་པའི་དོན། ལྟ་བའི་རྫོ༵ང་ཟིན་ཅིང་། སྒོམ་པའི་འཕྲ༵ང་ལས་གྲོལ་བས། སྤྱོད་པའི་སྲོ༵ག་མཁར་བཙུག་པ་ཞིག་ལ་སྔགས་ཀྱི་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །
དེ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི་ཐེག་ཆེན་གྱི་མདོ་དང་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་མཐའ་དག་གི་དགོངས་དོན་ལྟ་སྒོམ་སྤྱོད་པའི་ཁོངས་སུ་འདུ་བ་ལ་ངོས་འཛིན་ལྟར་གནང་ན། ལྟ་བ་ནི་སྟོང་ཉིད་བཅོ་བརྒྱད་ཡིན། །ཐེ་ཚོམ་དང་བྲལ་བའི་རྫོ༵ང་ཞིག་དགོས། །སྒོམ་པ་ནི་ཕྱོགས་ཆོས་སོ་བདུན་ཡིན། །བྱིང་རྒོད་ཀྱི་འཕྲ༵ང་ལས་འདར་བ་དགོས། །སྤྱོད་པ་ནི་ཕ་རོལ་ཕྱིན་དྲུག་ཡིན། །རང་འདོད་དང་བྲལ་བའི་སྲོ༵ག་ཚུགས་དགོས། །ཞེས་བླ་མ་གོང་མ་དག་གིས་གསུངས་པ་ལྟར༵་ལྟ་བ་ལ་ཡིན་པ་མེད་པའི་དོན་ཆོས་ཅན་བློ་བཏགས་ཀྱི་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ༵འི་ཀློང་དུ་རང་བཞིན་མེད་པར་སངས་ཚེ་སྟོང་ཉིད་བློ་འདས་ཀྱི་རྫོང༵་ཆེན་རྙེད༵་པ་ཞེས་བྱ་བའོ། །དེ་ལྟར་རྟོགས་པའི་ལྟ་བ་དེ་ཉིད་ཀྱི་ངང་ལ་རྒྱུན་དུ་མཉམ་པར་བཞག་པ་ནི་སྒོམ༵་པ༵་ཞེས་བྱ་སྟེ། བྱིང་རྒོད་དང་གསལ་འགྲིབ་ཀྱི་འཕྲང་ལས༵་གྲོལ༵་བས་འབད་རྩོལ་ལ་མ་ལྟོས་པར་བསྒོམ་མེད་རྒྱུན་གྱི་རྣལ་འབྱོར་ཅན་ལ་སྣང་སེམས་གཉིས་སུ་མ་གྲུབ་པ༵ས་ཡུལ་སྣང་བསྒོམ་དུ་ཤར་བའམ། སྣང་སྲིད་དཔེ་ཆར་ཤར་བའི་ཚེ་སྒོམ་པ་ལ་མིན་པ་མེད་པའི་ཐ་སྙད་བརྗོད་པའོ། །དེ་ལྟར་ལྟ་སྒོམ་ཀློང་དུ་གྱུར་པའི་སྐབས་ཙམ་ན་སྤང་བླང་རང་གྲོལ་དུ་སོང་ཡིན་མིན་མེད་པའི་སྤྱོད་པ་ཞེས་མི་བསྲུང་བ༵འི་བསྲུང་བ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་སྲོག༵་མཁར་ཚུགས་པ་ནི་སྤང་ཐོབ་ཞིག་པའི་འབྲས་བུ་རེ་དོགས་དང་བྲལ་བའི་བྱང་ཆུབ་སེམས་ཀྱི་ཡིན་ལུགས་གཤིས་ཕྱིན་པ༵་སྟེ༵། རྫོང་འཕྲང་སྲོག་གསུམ་འདི་རྣལ་འབྱོར་པ་གཅིག་གིས་སྨིན་གྲོལ་ཐོབ་པ་ནས་ས་ལམ་མཐར་ཕྱིན་པར་གྱིས་ཆིངས་ཡིན་པས་ཤེས་དགོས་སོ། །གཞན་ཡང་བདག་ཉིད་ལྷའི་རྣལ་འབྱོར་དུ་གསལ་ཐེབ་པ་བསྐྱེད་རིམ་གྱི་རྫོང་། སྣང་སྟོང་ཟུང་དུ་འཇུག་པ་ཆོས་ཉིད་འདུས་མ་བྱས་ཀྱི་གནས་ལུགས་ནི་རྫོགས་རིམ་གྱི་སྲོག །བྱིང་རྒོད་དང་དམན་པའི་སེམས་སོགས་གཉིས་ཀའི་འཕྲང་རྣམས་བསལ་བ་ལ་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་དེ་ལྟར་བཞེད་དོ། །གསལ་བ་གསུམ་ནི། ལས་སྦྱོར་གྱི་སྐབས་སུ་ཡུལ་གསུམ་གསལ་བ་ལ་འདོད་དེ་ཕྱི་ཡུལ་སྣང་ཆའི་མཚན་མ་རུ་ཏྲར་གསལ། ནང་ཡུལ་རྟགས་ཀྱི་མཚོན་ཆ་སྲས་མཆོག་ཏུ་གསལ་བ། གསང་ཡུལ་རྟོགས་པའི་འཁྲུལ་འཁོར་ལྷར་སྣང་ཕྱག་རྒྱར་གསལ་བ་དང་གསུམ་སྟེ་བདག་དཔལ་ཆེན་པོར་གསལ་བས་མི་ལྡོག་པའི་དགོས་པ། ཕུར་པ་སྲས་མཆོག་ཏུ་གསལ་བས་མི་སྡུག་པའི་དགོས་པ། ཡུལ་གྱི་མཚན་མར་དགྲ་དངོས་སུ་གསལ་བས་མི་འབྱམས་པའི་དགོས་པ་ཡོད་དོ། །གང་ཡང་བསྒྲུབ་བྱའི་སྙིང་དཀྱིལ་དུ་ཁྲག་གི་དྭངས་མ་བྱེའུ་ལེབ་མའི་མགོ་ཙམ་པའི་དཀྱིལ་ན་ཚེ་བསོད་བཀྲག་མདངས་ཀྱི་རྟེན་ཨ་དཀར་གསལ་བ་ཕུར་རྩེའི་ཧཱུྃ་གསུམ་ལ་བསྡུས་ཏེ་རང་
གི་ཐུགས་སྲོག་ལ་བསྟིམ་པ་ཚེ་ལུང་། ཨ་དཀར་དང་མཉམ་དུ་ཉོན་ཡིད་རྣམ་ཤེས་ཀྱི་རྟེན་ནྲིའམ་ཏྲིར་གསལ་བ་དེ་ལ་ཕུར་པ་གཏད་པས་དྲན་མེད་དུ་བརྒྱལ་ནས་རྟོག་ཚོགས་ཆོས་ཉིད་དུ་ཐིམ་ཞིང་ས་བོན་འོད་ཀྱི་ཐིག་ལེ་རུ་གྱུར་པ་ཁྲུས་ལུང་། ཐིག་ལེ་དེ་ཉིད་ཕུར་རྩེའི་ཧཱུྃ་གསུམ་ལ་བསྟིམ་ཞིང་ཕཊ་གསུམ་གྱིས་འཕང་པས་ཧེ་རུ་ཀའི་ཐུགས་ཀར་བསྟིམ་པ་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁར་སྲས་སུ་བསྐྲུན་པ་ནི་གནས་ལུང་ངོ་། །བསྐྱེད་རིམ་གྱི་མངོན་བྱང་ལྔ་ནི། གསར་ལུགས་ལྟར་ན། གདན་པད་ཟླ་ལ་བྱང་ཆུབ་པ། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། སྐུ་ཡོངས་རྫོགས་ལ་བྱང་ཆུབ་པ། ཡེ་ཤེས་སེམས་དཔའ་ལ་བྱང་ཆུབ་པ་དང་ལྔའོ། །རྙིང་ལུགས་ལ་མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར། གཉིས་པ་ཉི་མའི་དཀྱིལ་འཁོར། གསུམ་པ་ས་བོན་ཕྱག་མཚན། བཞི་པ་ས་བོན་ཕྱག་མཚན་བཅས་འོད་ཀྱི་གོང་བུར་གྱུར་པ། ལྔ་པ་སྐུ་ཡོངས་སུ་རྫོགས་པར་སྣང་བའོ། །ཞེས་ཆོས་ཀྱི་དབང་པོས་སོ། །