PJCW-KABUM-04-NGA-021

From Khyentse Lineage - A Tsadra Foundation Project
Revision as of 09:52, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ནང་སྒྲུབ་རིག་འཛིན་འདུས་པའི་ཕྱག་ལེན་མཐོང་གསལ་མེ་ལོང་བཞུགས།


བླ་མ་ལ་ཕྱག་འཚལ་ལོ། །རིག་འཛིན་འདུས་པའི་སྒྲུབ་མཆོད་ཀྱི་བཤམས་བཀོད་ནི། སྤྱིར་དཀྱིལ་འཁོར་རས་བྲིས་དང་རྡུལ་ཚོན་གང་ཡིན་ཡང་། དེའི་སྟེང་དུ་སྒྲུབ་རྟེན་དབང་རྫས་རྣམས་བཤམས་ནས་མཐར་མཆོད་པ་སྐོར་བཤམས་དང་། གཏོར་མ་མཆོད་པ་རྣམས་མདུན་དུ་བཤམས་དགོས་རྒྱུ་ཡིན་ཡང་དཀྱིལ་འཁོར་ཡོད་མེད་སྣ་ཚོགས་བྱེད་འདུག་ཀྱང་བདག་བསྐྱེད་རྐྱང་བ་ཡིན་ན་མ་གཏོགས་ནམ་ཡང་དཀྱིལ་འཁོར་དགོས་པ་ཡིན་མོད། དཀྱིལ་འཁོར་གྱི་མདུན་དུ་བཤམས་རྒྱུ་ལ། དང་པོ་སྟེགས་བུ་བང་རིམ་དང་པོ་ལ་དབུས་སུ་རིག་འཛིན་འདུས་པའི་གཏོར་མ་བང་རིམ་གསུམ་གྱི་འོག་མའི་སྟེང་འཁོར་སྤྱི་བསྡུས་ལ་ཐེབ་ཀྱུ་ཅི་མང་། བར་མའི་སྟེང་རྗེ་འབངས་ཉེར་ལྔ་མཚོན་པའི་མར་གྱི་ནོར་བུ་ཉེར་ལྔ། དེ་སྟེང་རིག་འཛིན་བརྒྱད་མཚོན་པའི་ནོར་བུ་ཟུར་བརྒྱད། དེ་སྟེང་ཐབས་ཤེས་དབྱེར་མེད་མཚོན་པའི་ཉི་ཟླ། དེ་སྟེང་བླ་གཏོར་ཟླུམ་པོ་པད་འདབ་བཞི་རྒྱན་གྱིས་མཛེས་པ་དེའི་གཡོན་ཏུ་བསྐང་བཤགས་ཀྱི་གཏོར་མ་དེ་དང་དབྱིབས་མཚུངས་སུ་བཅའ་བའམ། ཡང་ན་ན་རག་བསྐང་བཤགས་ཀྱི་གཏོར་མས་འཐུས་པ་ཡིན་ཏེ། དེ་ནི་ཞི་བའི་བསྐང་གཏོར་དཀར་ཟླུམ་འདབ་བཞི་ཐེབ་ཀྱུ་ཞེ་གཉིས་ཅན་གཡས་དང་། ཁྲོ་བོའི་བསྐང་གཏོར་དཔལ་གཏོར་དམར་པོ་འདབས་བཞི་ཐེབ་ཀྱུ་ལྔ་བཅུ་ཅན་གཡོན་དུ་བཤམས། གཏོར་མ་གཉིས་ཀའི་གཡས་སུ་སྨན་ཐོད་གཡོན་དུ་རཀྟའི་རང་གི་རྫས་ཆང་ཆུ་ལ་བཏབ་པ་སྦྲེང་ཐུར་དང་བཅས་བཤམས་སྨན་རག་མར་མེ་བརྒྱ་རྩ་སོགས་ཀྱང་འཛོམ་ན་ཞི་ཁྲོའི་དུས་ཁྱོན་ལྟར་བཤམས། གཏོར་སྟེགས་བང་རིམ་གཉིས་པ་ལ་དབུས་སུ་ཆོས་སྐྱོང་མ་མགོན་ལྕམ་དྲལ་གྱི་གཏོར་མ། གཙོ་བོ་ཨེ་ཀ་ཙ་ཊི་དཔལ་གཏོར་དམར། དེའི་གཡས་སུ་མགོན་པོ་ཟུར་གསུམ་གྲི་རིས། གཡོན་དུ་དམ་ཅན་ཟུར་གསུམ་ར་མགོའི་མཚན་པ། རྒྱབ་ཏུ་དྲང་སྲོང་ཟུར་གསུམ་གཡས་གཅུས། མདུན་དུ་དུར་ཁྲོད་ལྷ་མོ་མོ་རྒྱུད་གཏོར་མ་ཟུར་གསུམ་མཐའ་བསྐོར་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་ཐེབ་ཀྱུ་གྲངས་མཚུངས། དེའི་གཡོན་དུ་གཟའ་བདུད་ལ་གཏོར་མ་ཟུར་གསུམ་གཡས་གཅུས་གཙོ་འཁོར་དགུ་བརྩེགས་མི་རོ་དང་ཤ་དར་མེ་རི་ཅན། དེའི་གཡས་སུ་བསྟན་མའི་གཏོར་མ་རྒྱུན་འཇོག་ཟུར་གསུམ་གྱི་དབུས་མ་ནག་པོ། གཡས་དམར་པོ། གཡོན་དཀར་པོ། སོ་སོའི་མདུན་དུ་རང་མདོག་གི་ཐེབ་ཀྱུ་སུམ་བརྩེགས་ཅན་བཤམས། མ་མགོན་གྱི་གཡོན་དུ་ཚེ་རིང་མའི་མཆོད་གཏོར་བུམ་སྟོད་ཟླུམ་གཏོར་དཀར་པོ་དང་། ཕྱོགས་བཞིར་དཀར་ཟླུམ་བཞི་པ། དེའི་གཡོན་དུ་ཆད་ཐོ་རྒྱུན་འཇོག་ཟུར་གསུམ་དམར་པོ་གྲི་རིས་ཅན་གྱི་ལོག་གསུམ་གར་ཐེབ་ཀྱུ་སུམ་བརྩེགས་རེ་ཡོད་པ་དང་། ཆོས་སྐྱོང་གི་སྨན་རག་ལོགས་སུ་འཛོམ་ན་སྔར་བཞིན་གཏོར་མའི་གཡས་གཡོན་དུ་བཤམས། ལེགས་ལྡན་ཙི་དམར་སོགས་ཀྱང་འདོན་ན་འདིར་བཤམས། བང་རིམ་གསུམ་པའི་མཆོད་སྟེགས་ལ་མར་གཞི་ཞི་མཆོད་མཆོད་ཡོན་ནས་རོལ་མོའི་བར་རྣམས་བདག་མདུན་སྤྱི་ཁྱབ་དང་། ཆོས་སྐྱོང་གི་མཆོད་པ་དྲག་མཆོད། ཁྲག་གི་ཨརྒྷཾ་དབང་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། དྲག་པོའི་ཞལ་ཟས་རྣམས་བཤམས། དེ་དག་གི་མདུན་དུ་ཉེར་མཁོ་སྡེ་བརྒྱད་མཆོད་པ་དང་། ཚོགས། བརྟན་མ། གསོལ་ཀ་རྒྱུན་འབུལ། སྔོན་གཏོར་འདབ་བཞི་ཆད་དཀྲིས་ཐེབ་རིལ་ཅན་སོགས་བཤམས། ལྡིང་ཁྲི་སོགས་ཡོད་ན་སྤྱིར་ལྡིང་ཁྲིའི་ནང་དཀྱིལ་འཁོར་དང་མདུན་དུ་གཏོར་མཆོད་བཤམས་པ་ཕྱག་ལེན་དངོས་ཡིན་ཡང་ལྡིང་ཁྲི་བང་རིམ་བཞིར་བྱས་ནས་གོང་མ་དཀྱིལ་འཁོར་ཡིན། ཆགས་བྱས་ན་རས་བྲིས་སམ་ཚོམ་བུ་ལ་སློབ་དཔོན་སྐུ་སོགས་བཤམས། འོག་མ་གསུམ་གཏོར་མ་དང་མཆོད་པ་སྔར་བཞིན་བཤམས་ན་བདེ། ཕུད་ཕོར་ཆོས་སྐྱོང་གི་གཏོར་མའི་གྲངས་མཚུངས་ཡོད་ན་གཏོར་མ་དང་ཕུད་ཕོར་རེ་བཤམས། ཆོས་སྐྱོང་གི་གཏོར་མ་རྣམས་ལ་དར་མཚོན་དང་ཤ་དར་སོགས་ཀྱིས་ཀྱང་བརྒྱན་ཏེ་མཛེས་པར་བྱ་བ་ནི་བཤམས་བཀོད་ཡིན་ནོ། །གཉིས་པ་དངོས་གཞིའི་འདོན་པ་ནི་སྔོན་འགྲོ་རྒྱས་བསྡུས་ཅི་རིགས་སོང་ཕྲལ་སྡེ་བརྒྱད་མཆོད་པ་དང་ཇ་ཕུད་བཤམས་པ་བྱིན་གྱིས་བརླབས་ཏེ་མཇུག་ཏུ་ཡང་སྟེང་སོགས་སུ་ཕུལ། བགེགས་གཏོར་དམའ་བར་བཤམས་པ་བསང་ཆུས་བྲན་ལ་བཀའ་བསྒོའི་མཇུག་ཏུ་པུས་མོ་ལས་མི་མཐོ་བར་བཟུང་སྟེ་ཕྱི་རོལ་དུ་དོར། བྱིན་འབེབས་སྐབས་སྤོས་བསྲེགས་ཤིང་ཞྭ་སྤོས་འདྲེན་བྱས་ཀྱང་རུང་། ལས་བྱང་གི་བྱིན་འབེབས་སྐབས་སྨན་རག་གཉིས་ཀྱི་ཁ་ལེན་དགོས། མཆོད་པ་བྱིན་བརླབས་སྐབས་བླ་མས་ལས་ཆུ་འཐོར་ན་མི་དགོས་ཀྱང་མ་གཏོར་ན་ཕྱི་མཆོད་ལ་ཆུ་གཙང་བྲན། སྨན་རག་གཉིས་ཕྱར་ཙམ་རེ་དང་གཏོར་མ་ལ་བྲན། སྨན་རག་གི་ཟེག་མ་ཕྱི་མཆོད་ལ་མ་ཕོག་པར་བྱ་དགོས། སྤྱན་འདྲེན་སྐབས་ཀྱང་སྤོས་སོགས་བསྲེགས། དེ་ནས་དཀྱུས་བཞིན་ལས་ཅི་ཡང་མེད་དོ། །བཟླས་པའི་མཇུག་ཏུ་ཟན་ཅུང་རེས་གཏོར་ཁ་གསོ། ཆུ་ནས་སོ་སོའི་མཆོད་ཁ་གསོ་ཞིང་བྱིན་བརླབས་ཀྱང་བྱ། འབུལ་ཚིག་སྐབས་གཏོར་མ་ལ་སྨན་རག་བྲན། སྔ་ཆོག་ཕྱི་ཆོག་གཉིས་བྱས་ན་ཕྱི་ཆོག་ལ་སྔོན་གཏོར་གཉིས་ཀ་མི་དགོས། གཏོར་མ་དང་མཆོད་ཁ་གསོ། འདོན་ལུགས་སྔ་ཆོག་དང་འདྲ་ཡང་མཆོད་དཔོན་གྱི་ཕྱག་ལེན་ཅང་མེད། སྤྱིར་སྒྲུབ་མཆོད་དང་སྒྲུབ་ཆེན་གང་ཡིན་ཡང་ཆོ་ག་གཉིས་རེ་འདོན་སྲོལ་ཡོད། བསྙེན་གྲངས་འགྲོ་ན་ཅི་བྱས་ཀྱང་ཆོག་སྙམ། ཕྱི་དྲོ་ན་རག་བསྐང་བཤགས་ཀྱི་སྐབས་སྨན་ཐོད་གཡས་ཀྱི་བཟུང་སྟེ་བསྐང་ཟེར་བ་དང་བསྟུན་པས་བྲན་ཐུར་ཕྱར་ཙམ་རེ་བྱེད། རཀྟའི་སྐབས་རཀྟ་གཡོན་གྱིས་བཟུང་ནས་སྔར་ལྟར་ཕྱར་ཙམ་རེ་དང་གཏོར་མའི་བསྐང་བའི་མཇུག་ཏུ་གཏོར་མ་ལ་སྨན་རག་བྲན། མར་མེའི་བསྐང་བའི་སྐབས་མར་མེ་སྦར་ནས་ཚོགས་པ་ལ་བཀྲམ། དབུས་གྲལ་མཇུག་ནས་ཕྱག་གསུམ་བཅས་ཚོགས་ཞུས་ཞུ། ༈ ཚོགས་ཀྱི་སྐབས་སྟེགས་ལ་སྟག་ལྤགས་སོགས་བཀབ་པ་དཀྱིལ་འཁོར་མདུན་དུ་བཤམས་པའི་སྟེང་ན་ཐུད་ཟན་སོགས་གཡས་དང་། ཐོད་པའི་སྣོད་དུ་ཚོགས་ཆང་གཡོན་དུ་བཤམས། བྱིན་བརླབས་ཀྱི་སྐབས་ནང་མཆོད་དང་ལས་ཆུ་མཆོད་དཔོན་གྱིས་བྲན། ཕུད་ཆ་གསུམ་དུ་བགོས་ཏེ་འབུལ་ཚིག་དང་བསྟུན་འབུལ་བའི་སྟང་ཀ་རེ་དང་མཉམ་དུ་བཏུང་བ་བྲན་ནས་འཇོག །སྐབས་འདིར་གཙང་ལྷག་ཅིག་ཀྱང་བཅད་ནས་སྣོད་གཅིག་ཏུ་བཞག ། དྲངས་བ་དང་པོ་བླ་མ་ལ་ཕུལ་དེ་ནས་བཅའ་བ་གཡས་གྲལ་བཏུང་བ་གཡོན་གྲལ་ནས་ཚེ་མདུད་ཕོག་པར་བྱས་ལ་འགྲིམ་པ་སོགས་མ་གཏོགས་དབང་འགྲིམ་འགྲིམ་མི་བྱ། ཚོགས་ལ་རོལ་ཚར་ནས་ལྷག་གཞོང་ཁྱེར་ཏེ་རྒྱབ་གྲལ་གྱི་མཇུག་ནས་ལྷག་མ་ཡར་བསྡུ་ཞིང་སློབ་དཔོན་གྱི་ལྷག་མ་སྟེང་དུ་འོང་བ་བྱ། དེ་ནས་དཀྱིལ་འཁོར་གྱི་མདུན་དུ་ཞིང་ལྤགས་སམ་ལྷག་དཀྱིལ་ལ་མཉྫིའི་སྟེང་དུ་སྔར་གྱི་གཙང་ལྷག་དེ་དང་འགྲམ་དུ་རྩོག་ལྷག་བཀྲམ་ནས། བསྲེ་དཔོག་དགོས་རྒྱུ་ཡིན་ཡང་འདིར་དེའི་ཡོད་མེད་ན་དང་པོ་ནས་ལྷག་མ་གཉིས་བསྲེས་ཏེ་ནང་མཆོད་ཀྱིས་ཁ་བྲུ་བླ་མ་ལ་ཞུ། དགེ་མང་ཚང་ཕྱག་སྲོལ་ཚོགས་ཆང་གི་ཁ་བྲུ་ཞུ། ལྷག་གཏོར་ལྷག་དཀྱིལ་དུ་མཉྫིའི་ཁར་བཀོད་ཉིན་མོ་ཡིན་ན་སྤོས་དང་མཚན་མོ་ཡིན་ན་དཔལ་འབར་བཙུགས་ཏེ་ཧེ་རུ་ཀའི་དམ་རྒྱའི་བཟུང་ནས་སྒྲུབ་ཁང་གི་ཕྱི་རོལ་ཏུ་གོམ་པ་བདུན་ཅུའི་སར་སྤུངས་ཏེ་བླུགས་སླར་ལོག །གཏོར་བསྔོས་ལ་ཆུ་གཙང་སོགས་བྲན་ནས་བྱིན་བརླབས་མ་མགོན་སྤྱན་འདྲེན་སྐབས་སྤོས་བསྲེག །ཕུད་གསོལ་སྐབས་ཀ་ཏོ་རའི་ནང་དུ་ཕུད་སྐོང་བཞག་སྟེ་གསོལ་ལོ་མཆོད་དོ་འབུལ་ལོ་ཟེར་སྐབས་ཇ་ཕུད་ཕྱར། དེ་ནས་གཟའ་བདུད་ཚེ་རིང་མ་གཡུ་སྒྲོན་མ་སོགས་སོང་ནས་ཐུབ་བསྟན་མའི་སྐབས་ཞྭ་བཅས་ལག་གཡས་གཏོར་མ་དང་གཡོན་ཇ་ཕུད་ཐོག་སྟེ་མཐོ་བར་བཟུང་། གྲལ་མཐའ་ནས་ཁ་གྱེན་དུ་ཕྱོགས་སྟེ་ལངས་ནས་ཁྱིམ་ན་གནས་ཀྱང་ཡང་དག་ལྟ་བ་དང་སོགས་ཀྱི་སྐབས་གཏོར་མ་ཕྱི་རོལ་ཏུ་ཁྱེར་ནས་ཡང་སྟེང་དུ་ཕུལ། རོལ་མོ་འུར་ཆེམ་མ་རྫོགས་གོང་ཡར་སླེབ་པར་བྱས་ཏེ། ཆོས་སྐྱོང་གི་མཆོད་པ་ཁ་གསོ། དེ་ནས་མཆོད་བསྟོད་ཚར་ནས་ཞྭ་གྱོན་ཆད་ཐོ་ལ་ཉིན་མོ་ཡིན་ན་སྤོས་མཚན་མོ་ཡིན་ན་དཔལ་འབར་བཅས་ཕྱི་རོལ་ཏུ་ཕུལ། དེའི་བཤལ་ཆུ་བརྟན་མ་ལ་བྲན་ནས་ཕྱི་རོལ་དུ་ཕུལ་ཆད་བརྟན་གཉིས་མཉམ་དུ་ཁྱེར་ནས་ཕུལ་ཡང་ཆོག་སྟེ། དེ་བྱས་ན་བཤར་ཆུ་བདེ་མོ་ཞིག་མི་འོང་ཡང་གང་བདེ་བྱ། སླར་གཏོར་གཞོང་གྲལ་མཐར་སྦུབས་ཞྭ་གྱོན་བཞིན་མདུན་གྲལ་དབུས་ནས་གྱེན་དུ་ཕྱིན་ཏེ་བླ་མའི་ཕྱག་གི་རྡོ་རྗེ་བླང་ནས་སོང་སྟེ་གཏོར་གཞོང་གི་རྒྱས་ཁ་གྱེན་དུ་ཕྱོགས་དེ་དང་པོ་ཤར་ནུབ་དེ་ནས་ལྷོ་བྱང་སྟེ་རྡོ་རྗེ་རྒྱ་གྲམ་གྱི་གནོན་ཚུལ་བྱས་ཏེ་ཞྭ་ཕུད་རྡོ་རྗེ་རྒྱབ་གྲལ་ནས་ཁྱེར་ཏེ་བླ་མའི་ཕྱག་ཏུ་ཕུལ། གཏོར་གཞོང་ཁ་བཟེད་དེ་བླང་། མེ་ཏོག་འཐོར། གཏོར་ཁ་དང་མཆོད་ཁ་གསོ་ཞིང་ཆབ་བྲན་པ་སོགས་མཆོད་བསྟོད་ཀྱི་སྔོན་དུ་འཛོམ་ངེས་བྱ་མཇུག་ཏུ་གཏོར་མ་ལ་སྨན་རག་ཀྱང་བྲན། བཀྲ་ཤིས་སྐབས་མེ་ཏོག་འགྱེད་པ་སོགས་ལས་ཕྱག་ལེན་ཅང་མེད། ལར་གཏོར་མ་ཕྱི་རོལ་ཏུ་འབུལ་རྒྱུ་རྣམས་འབུལ་དུ་འགྲོ་དུས་གཟན་སྐྱོར་དང་བཅས་ཞྭ་གྱོན་ནས་ཕྱི་ནས་ཞྭ་ཕུད་དེ་ནང་དུ་འོང་བ་ཡིན། གསེར་སྐྱེམས་དང་བགེགས་གཏོར་ལ་ཞྭ་མི་གྱོན། སྒྲུབ་པ་ཟིན་ཉིན་ཆད་བརྟན་སྔར་གཏོར་གྲལ་ན་བཤམས་ཡོད་པའི་ཆེ་བ་དེ་ཕུལ། དེ་བར་རྒྱུན་གཏོར་འབུལ་དགོས། གསོལ་ཀ་ལ་ནམ་ཡང་རྒྱུན་གཏོར་འབུལ། གསོལ་ཀའི་གཏོར་མ་རྣམས་ཟིན་དགོངས་ཡང་ཐོག་ཏུ་ཕུལ་བའམ། ཕྱི་ཉིན་བསང་ནང་དུ་ཕུལ་ཀྱང་ལེགས་ཏེ། དེ་བས་ན་རབ་གཏོར་བསྔོས་ཆ་ཚང་མིན་ཡང་ཐུབ་བསྟན་མ་ཚར་གཅིག་བསང་གི་མཇུག་ཏུ་བཏོན་ནས་དེ་སྐབས་འབུལ་བ་ཡིན། དེ་ལས་གཞན་ཅི་ཡང་མེད་ཀྱང་འདི་དག་ཀུན་མཁྱེན་ཡབ་སྲས་ཀྱི་ཕྱག་སྲོལ་དང་ཞལ་རྒྱུན་དག་ངས་རང་བཟོ་མེད་པར་བཀོད་པ་འདི་ནི་ལས་རྡོར་གསར་འཇུག་པ་འགའ་ཞིག་གིས་བསྐུལ་ངོར་དཔལ་སྤྲུལ་རིན་པོ་ཆེའི་གསུངས་པ་ཡིན་ཞེས་སྣང་། དགེའོ། །དགེའོ། །སརྦ་མངྒལ། །