PJCW-KABUM-03-GA-002

From Khyentse Lineage - A Tsadra Foundation Project
Revision as of 08:52, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅༎ ཨབྷིསམཡཨལངྐཱརནཱམཔྲཛྙཱཔཱརམིཏཨུཔདེཤཤཱསྟྲཔདབྲྀཏྟིབིཧརཏིསྨ ༎

༄། ཨ བྷི ས མ ཡ ཨ ལ ངྐཱ ར ནཱ མ པྲ ཛྙཱ པཱ ར མི ཏ ཨུ པ དེ ཤ ཤཱ སྟྲ པ ད བྲྀ ཏྟི བི ཧ ར ཏི སྨ །།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འབྲུ་འགྲེལ་ཞེས་བྱ་བ་བཞུགས་སོ། །


སངས་རྒྱས་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་འཆད་པ་ལ་སྤྱི་དོན་གསུམ་སྟེ། རྗོད་བྱེད་དོན་ལྡན་གྱི་མཚན་དང་། བརྗོད་བྱ་དེ་ལྡན་གྱི་གཞུང་། གང་གིས་བསྒྱུར་བའི་འགྱུར་བྱང་བཤད་པའོ། ། དང་པོ་ལ་གསུམ་སྟེ། མཚན་བསྒྱུར། མཚན་བཤད། མཚན་གྱི་དགོས་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་སོགས་ཏེ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སོ། །གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྩ་བའི་མདོ་སྟེ། ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། ཁྲི་བརྒྱད་སྟོང་པ། སྡུད་པ་ལོགས་སུ་བགྲང་ན་དེ་དང་བཅས་པའོ། ། མན་ངག་ནི་མདོའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པའོ། །བསྟན་བཅོས་ནི། །སྤྱིར་ངེས་ཚིག་གི་དབང་དུ་བྱས་ན། རྒྱལ་བའི་བཀའ་ཡང་བསྟན་བཅོས་ཡིན་ཏེ་སློབ་མའི་རྒྱུད་འཆོས་པའི་སྒྲ་བཤད་དུ་ཡོད་ལ། འདི་ནི་ས་བཅུའི་དབང་ཕྱུག་གིས་བྱས་པའི་བསྟན་བཅོས་སོ། ། བསྟན་བཅོས་ཀྱི་རང་བཞིན་ནི། །ཐེག་དམན་རྣམས་ཀྱིས་མིང་ཚིག་ཡི་གེ་སྟེ་ཚོགས་གསུམ་གྱི་རང་བཞིན་བེམ་པོའི་ངོ་བོར་འདོད་ལ། ཐེག་ཆེན་ལྟར་ན་མིང་ཚིག་ཡི་གེའི་རྣམ་པར་སྣང་བའི་རྣམ་པར་རིག་པ་སྟེ། བཀའ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདག་རྐྱེན་ལས་བྱུང་བའི་གདུལ་བྱའི་གཞན་སྣང་དང་། ས་བཅུ་མན་ཆད་ཀྱི་བསྟན་བཅོས་ནི་རང་གཞན་གཉིས་ཀའི་སྣང་བ་དང་འབྲེལ་བའོ། །མངོན་པར་རྟོགས་པ་ནི། རྩ་བའི་མདོ་དེ་དག་གི་དགོངས་པ་དངོས་བསྟན་སྙིང་པོའི་དོན་སྟོང་ཉིད་དོན་དམ་པའི་བདེན་པ་དང་། སྦས་དོན་མངོན་པར་རྟོགས་པའི་རིམ་པ་སྟེ་གཉིས་ལས་ཕྱི་མ་སྟེ། མངོན་རྟོགས་བརྒྱད་དོ། །རྒྱན་ཞེས་པ་ནི། རང་བཞིན་གྱི་རྒྱན་ཡུམ་གྱི་ལུས་བཟང་པོ་ལ་མཛེས་བྱེད་ཀྱི་རྒྱན་དོན་བདུན་ཅུར་བཀྲ་བ་གསལ་བྱེད་ཀྱི་རྒྱན་བསྟན་བཅོས་འདིར་སྣང་བས་ན་མཁས་པ་རྣམས་དགའ་བ་བསྐྱེད་པའོ། །ཞེས་བྱ་བ་ནི་མིང་སྒྲོགས་པའོ། །གསུམ་པ་མཚན་གྱི་དགོས་པ་ནི་རྒྱ་གར་སྐད་དང་བོད་སྐད་སྦྲེལ་ནས་བཤད་པས་ཆོས་ཁུངས་མར་ཡིད་ཆེས་པར་བྱེད་པའོ། །ཞར་བྱུང་འགྱུར་མཐར་ཕྱིན་པའི་ཡན་ལག་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། མ་རིག་པའི་གཉིད་རྒྱུན་ཆགས་པ་སངས་ཤིང་། ཡང་དག་པའི་ཡེ་ཤེས་ཀྱིས་མི་ཤེས་པའི་ཟུམ་པ་བཅོམ་པས་ཤེས་བྱ་ལ་བློ་རྒྱས་པ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། ཤེས་བྱ་ལ་ནི་བློ་རྣམ་རྒྱས། །རྨོངས་པའི་ཟུམ་པ་བཅོམ་པས་ན། །སངས་རྒྱས་པདྨ་ལྟར་རྣམ་རྒྱས། །ཞེས་པ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བའོ། །གཉིས་པ་གཞུང་དོན་ལ། རྩོམ་པ་ལ་འཇུག་པའི་བྱ་བ་དང་། བརྩམ་བྱ་གཞུང་གི་རང་བཞིན་གཉིས་ལས། དང་པོ་ལ། གདུལ་བྱ་དང་བ་བསྐྱེད་པའི་ཡན་ལག་མཆོད་བརྗོད། རྟོགས་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་ལོ། །དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་སོགས་ནས། ལ་ཕྱག་འཚལ་ཞེས་པ་སྟེ། འདིས་ཕྱག་འཚལ་བའི་ཡུལ་ནི་མཁྱེན་པ་གསུམ་སྟེ། དེ་ཡང་དང་པོ། གང་ཟག་ཉན་ཐོས་དང་རང་སངས་རྒྱས་རང་དོན་ཕྱོགས་གཅིག་པའི་ཞི་བ་ཚོལ་བ་རྣམས། ཐབས་གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གང་ཟག་གི་བདག་དང་། གཟུང་བས་གདོད་མ་ནས་སྟོང་པར་ཤེས་པའི་ཀུན་ཤེས་པ་ཉིད་ཀྱིས། འབྲས་བུ་ཉོན་མོངས་དང་སྡུག་བསྔལ་ཞི་བའི་ཉེར་ཞི་གཉིས་སུ་འཁྲིད་པར་མཛད་པ་གང་ཡིན་པ་དང་། གཉིས་པ། གང་ཟག་བྱང་ཆུབ་སེམས་དཔའ་གདུལ་བྱའི་འཁོར་བ་ཇི་སྲིད་དུ་འགྲོ་ལ་ཕན་པར་བྱེད་པར་འདོད་པ་རྣམས། ཐབས་ཉན་རང་བྱང་སེམས་ཀྱི་ལམ་གསུམ་པོ་དོན་དམ་པར་སྐྱེ་བ་མེད་པ་དང་། ཐ་སྙད་དུ་རྒྱུ་འབྲས་ངོ་བོ་རྣམས་སུ་རྟོགས་པའི་ལམ་ཤེས་ཉིད་ཀྱིས། འབྲས་བུ་འཇིག་རྟེན་མཐའ་དག་གི་མངོན་པར་འདོད་པའི་དོན་མངོན་མཐོ་ངེས་ལེགས་སྒྲུབ་པར་མཛད་པ་གང་དང་། གསུམ་པ། ཐབས་རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས། གང་ཟག་སྐུ་གསུང་ཐུགས་ཉེས་སྤྱོད་མཐའ་དག་ལས་ཡང་དག་པར་བསྡོམས་པའི་སྐུ་ཅན་ཐུབ་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་འབྲས་བུ་བདེན་གཉིས་ཀྱི་རྣམ་པ་ཀུན་དང་ལྡན་པ་དྲང་ངེས་སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་འདི་གསུངས་པར་མཛད་པའི་ཡུམ་མཁྱེན་གསུམ་དེ་ལ་ཕྱག་འཚལ་བ་སྟེ། དེ་ཡང་སུའི་ཡུམ་ཞེ་ན། ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྟེ། དེ་རྣམས་དང་ལྷན་ཅིག་པའི་སངས་རྒྱས་ཀྱི་ཡུམ་དེ་ལའོ། །གཉིས་པ་དགོས་འབྲེལ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་སོགས་ནས། དགོས་པ་ཡིན་ཞེས་པ་སྟེ། འདི་ལ་བཞི་ལས། རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། དེས་མཚོན་པ་ལྷག་མ་བདུན་དང་བཅས་པ། སྟོན་པ་སངས་རྒྱས་ཀྱིས་རྒྱལ་བའི་ཡུམ་འདི་ལས་བཤད་པ་གང་ཡིན་པ་ཉིད་བརྗོད་བྱ། བྱང་ཆུབ་སེམས་དཔའ་ལས་གཞན་ཕྱི་རོལ་པ་དང་། ཉན་ཐོས་རང་རྒྱལ་སོགས་ཀྱིས་མྱང་བར་བྱ་བ་མ་ཡིན་པའི་རྣམ་མཁྱེན་ཏེ། བྱང་ཆུབ་ཀྱི་སེམས་དང་ཆོས་སྒྲུབ་པའི་སྤྱོད་པ་ཕར་ཕྱིན་བཅུའི་བདག་ཉིད་ཀྱིས། མདོའི་དོན་དངོས་པོ་བརྒྱད་ཇི་བཞིན་དུ་ངེས་པ་ཉིད། ཤེས་བཞིན་དང་བཅས་པའི་དྲན་པ་ལ་བཞག་ནས་ས་བཅུ་བགྲོད་དེ། བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་བར་འགྱུར་བ་ནི་ཉིང་དགོས། དེའི་ཕྱིར་དངོས་པོ་བརྒྱད་མདོ་ལས་སྦས་དོན་གྱི་ཚུལ་དུ་རྟོགས་པར་དཀའ་བ་བསྟན་པ་ཉིད་བསྟན་བཅོས་འདི་ལས་གསལ་བར་བསྟན་པས་བདེ་བླག་ཏུ་རྟོགས་པ་ཞེས་བྱ་བ་ནི་རྩོམ་པའི་དགོས་པ་ཡིན་པ་དང་། དེ་དག་ཀྱང་གཅིག་ལ་གཅིག་འབྲེལ་པ་ནི་ཤུགས་ལས་བསྟན་པ་སྟེ། དེ་ལྟར་བཞིའོ། །གཉིས་པ་བརྩམ་བྱ་གཞུང་གི་རང་བཞིན་ལ་གསུམ་སྟེ། རྒྱས་པ་ལ་དད་པ་ལ་བརྒྱད། འབྲིང་ལ་དད་པ་ལ་དྲུག །བསྡུས་པ་ལ་དད་པ་ལ་གསུམ་དུ་དབྱེ་བའོ། །དང་པོ་ལ་གཉིས། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལའང་ལུས་མདོར་བསྟན་པ་དང་། ལུས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། སྔར་མཆོད་བརྗོད་དུ་བརྗོད་བྱ་ལ་བསྟོད་ཕྱག་བྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཆད་བྱ་སྟེ། དེ་ཇི་ལྟར་འཆད་ཅེ་ན། དངོས་པོ་བརྒྱད་ཀྱིས་ཡང་དག་པར་བཤད་པར་བྱའོ། །དངོས་པོ་བརྒྱད་པོ་དེའང་གང་ཞེ་ན། རྣམ་མཁྱེན་ལམ་ཤེས། ཐམས་ཅད་ཤེས་པ་སྟེ་མཁྱེན་པ་གསུམ། རྣམ་ཀུན། རྩེ་མོ། མཐར་གྱིས་པ། སྐད་ཅིག་མ་སྟེ་སྦྱོར་བ་བཞི། ཆོས་སྐུ་དང་རྣམ་པ་བརྒྱད་དོ། །དེ་ལྟར་བཤད་པའི་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་དེའི་མཚན་གཞི་མཚན་ཉིད་ས་མཚམས་ངེས་ཚིག་རྣམས་ཀྱང་གང་། དེ་ཉིད་དངོས་པོ་བརྒྱད་དུ་ཕྱེ་བའི། མཚན་ཉིད། གྲངས་ངེས། གོ་རིམ། ས་མཚམས། ཟློས་སྤོང་རྣམས་ཀྱང་གང་ཞེ་ན། ཐེག་ཆེན་འཕགས་ལམ་གསུམ་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཆ་རྣམས་ཤེར་ཕྱིན་གྱི་མཚན་གཞི། ཆོས་ཐམས་ཅད་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་མི་གནས་པའི་མྱང་འདས་སུ་ཕྱིན་པའམ་ཕྱིན་བྱེད་མཚན་ཉིད། ས་མཚམས་ནི། ཤེར་ཕྱིན་མཚན་ཉིད་པ་འཕགས་ལམ་གསུམ་དང་། བཏགས་པ་བ་ཚོགས་སྦྱོར་ནས་ཀྱང་ཡོད་དོ། །ངེས་ཚིག་ནི་ཤེས་པ་ཐམས་ཅད་ཀྱི་རབ་ཡིན་པས་ན་ཤེས་རབ་སྟེ་དོན་དམ་པ་ལ་དམིགས་པའི་ཕྱིར་དང་ཤེས་རབ་ཐམས་ཅད་ཀྱི་དམ་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་སྟེ་མི་གནས་པའི་མྱང་འདས་སུ་ཕྱིན་པའམ་ཕྱིན་བྱེད་ཡིན་པའི་ཕྱིར་རོ། །ཇི་ལྟ་དང་ཇི་སྙེད་པའི་རྣམ་པ་མ་ལུས་པ་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་མཁྱེན་པ་རྣམ་མཁྱེན་གྱི་མཚན་ཉིད། ལམ་གསུམ་རང་བཞིན་མེད་པར་རྟོགས་ཤིང་རྫོགས་སྨིན་སྦྱངས་ནས་ཡང་དག་མཐའ་མངོན་དུ་བྱེད་པ་སློབ་ལམ་ལམ་ཤེས་ཀྱི་མཚན་ཉིད། གཞི་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་གཞི་ཤེས་ཀྱི་མཚན་ཉིད། མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་ཐོབ་ཕྱིར་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པའི་སེམས་པའི་རྣལ་འབྱོར་རྣམ་ཀུན་གྱི་མཚན་ཉིད། རྣམ་རྫོགས་ལ་བརྟེན་ནས་སྐྱེ་མེད་གསུམ་བསྡུས་སྒོམ་ལ་དབང་དུ་གྱུར་པའི་སེམས་པའི་རྣལ་འབྱོར་རྩེ་མོའི་མཚན་ཉིད། མཁྱེན་གསུམ་གྱི་ཤེས་རྣམ་གཅིག་ཆར་དུ་སྐྱེ་བའི་རྟོགས་པ་བརྟན་པོར་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་པའི་སེམས་པའི་རྣལ་འབྱོར་མཐར་གྱིས་པའི་མཚན་ཉིད། མཁྱེན་གསུམ་རིམ་གྱིས་སྒོམ་པ་མཐར་ཐུག་པའི་སེམས་པའི་རྣམ་འབྱོར་སྐད་ཅིག་མའི་མཚན་ཉིད། སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་པ་ཟག་མེད་ཀྱི་ཡན་ལག་དུ་མ་དང་ལྡན་པ་འབྲས་བུ་ཆོས་སྐུའི་མཚན་ཉིད། གྲངས་ངེས་ནི། གང་ཟག་གཅིག་འཚང་རྒྱ་བ་ལ་ཤེས་བྱའི་ཡུལ། ཉམས་སུ་ལེན་པའི་ལམ། འབྲས་བུ་གསུམ་དུ་གྲངས་ངེས་ཤིང་། དང་པོ་ལ་ཡང་། འབྲས་བུ། ལམ། གོལ་ས་གསུམ་དང་། གཉིས་པ་ལ། ལམ་གྱི་རྟོགས་པ་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད་པ་རྒྱུ་འབྲས་དང་། སྐྱེས་ཟིན་ཁྱད་པར་དུ་བྱེད་པ་རྒྱུ་འབྲས། གསུམ་པ་ལ་འབྲས་བུ་ཆོས་སྐུ་གཅིག་པུར་གྲངས་ངེས་པའོ། །གོ་རིམ་ནི། མཁྱེན་གསུམ་དེ་ལྟར་བཤད་ན་ཉན་པ་པོ་རྣམས་ཀྱིས་རྟོགས་སླ་བས་བཤད་པའི་གོ་རིམ་དང་། སྦྱོར་བཞི་དང་ཆོས་སྐུ་རྒྱུ་འབྲས་ཀྱི་རིམ་པ་དོན་གྱི་གོ་རིམ་ཡིན་ནོ། །ས་མཚམས་ནི། རྣམ་མཁྱེན་དངོས་སངས་རྒྱས་ཀྱི་ས་དང་། ལམ་ཤེས་ཐེག་ཆེན་གྱི་ལམ་ལྔ་ཀ་དང་། གཞི་ཤེས་ཐེག་དམན་གྱི་ལམ་ལྔ་གར་ཡོད། རྣམ་ཀུན་ཚོགས་ལམ་ཆུང་ངུ་ནས་ས་བཅུའི་རྒྱུན་མཐའི་བར་ན་ཡོད། རྩེ་མོ་དྲོད་ནས་རྒྱུན་མཐའི་བར་ན་ཡོད། རིམ་གྱིས་པ་ཐོས་བསམ་གཙོ་ཆེ་བ་ཚོགས་ལམ་ནས་དང་། བསྒོམ་བྱུང་དྲོད་ནས་ཡོད། སྐད་ཅིག་མ་ས་བཅུའི་ཐ་མར་ཡོད། ཆོས་སྐུ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །ཟློས་སྤོང་ནི། དང་པོ་སོ་སོ་བ་དང་། གཉིས་པ་མ་ལུས་པའི་ཡུལ་ཅན་ཡིན་པས། མཁྱེན་གསུམ་དང་རྣམ་ཀུན་མི་ཟློས། ཡང་ན་ཤེས་བྱ་མཚན་ཉིད་པ་དང་། ཉམས་ལེན་སྦྱོར་བའི་སྒོ་ནས་བསྟན་པས་དེ་གཉིས་མི་ཟློས། ཡང་ན་རང་བཞིན་ཉེ་བར་ཞི་བའི་རྣམ་པ་རྟོགས་པའི་ཡུལ་དང་། དྲི་མ་སྤོང་བའི་གཉེན་པོའི་ཕྱིར་སྟོན་པས་མི་ཟློས། རྣམ་མཁྱེན་དུ་བཤད་པའི་སའི་ཚོགས་དང་། མཐོང་སྒོམ་གྱི་ལམ་རྣམས་དང་། ལམ་ཤེས་དག་དགོས་པ་ཐ་དད་པའི་ཕྱིར་མི་ཟློས་ཏེ་སྔ་མ་ནི་ཡུལ་ཅན་རྣམ་མཁྱེན་མཚོན་པའི་ཕྱིར་བཤད་པ་དང་། ཕྱི་མ་ནི་ལམ་གསུམ་ཤེས་པའི་ལམ་ཤེས་ཡུལ་གྱིས་མཚོན་ནས་བསྟན་པའི་ཕྱིར་མི་ཟློས། ལམ་ཤེས་སུ་བཤད་པའི་ཉན་རང་གི་ལམ་ནི་ཡུལ་ཅན་ལམ་ཤེས་མཚོན་པའི་དོན་དུ་དང་། གཞི་ཤེས་སུ་བསྟན་པ་ནི་སྒྲོ་འདོགས་དང་བྲལ་བ་གཉེན་པོ་གཞི་ཤེས་བསྟན་པ་སྟེ། དེས་འཕངས་པའི་ཟློག་ཕྱོགས་རྣམས་ཉན་རང་གི་ལམ་དུ་བསྟན་པ་དང་། ལམ་དེའི་རང་དབང་དུ་སྟོན་པའི་ཕྱིར་མི་ཟློས། རྣམ་མཁྱེན་དང་ཆོས་སྐུ་ནི་ཡུལ་དང་འབྲས་བུའི་སྒོ་ནས་སམ། མཚོན་བྱེད་དང་ངོ་བོའི་སྒོ་ནས་བསྟན་པས་མི་ཟློས་སོ། ། གཉིས་པ་ལུས་རྒྱས་པར་བཤད་པ་ནི་དོན་བདུན་ཅུའི་སྒོ་ནས་སྟོན་པ་སྟེ། སེམས་བསྐྱེད་པ་དང་སོགས་ནས་ཤོ་ལོ་ཀ་གཉིས་ཀྱིས་རྣམ་མཁྱེན། དེ་ནས་གསུམ་གྱིས་ལམ་ཤེས། དེ་ནས་གཉིས་ཀྱིས་ཀུན་ཤེས། དེ་ནས་གཉིས་ཀྱིས་རྣམ་ཀུན། དེ་ནས་ཚིགས་བཅད་གསུམ་གྱིས་སྦྱོར་བ་ལྷག་མ་གསུམ་དང་། གཅིག་གིས་ཆོས་སྐུ་བསྟན་ནོ། །དེ་ཡང་། སེམས་བསྐྱེད། གདམས་ངག །ངེས་འབྱེད། རིགས། དམིགས་པ། ཆེད། གོ །འཇུག །ཚོགས། ངེས་བསྒྲུབ་བརྒྱད་དེ་རྣམ་མཁྱེན་མཚོན་པའི་ཆོས་བཅུ། མོག་མོག་པོར་བྱེད་ལ་སོགས་ལམ་ཤེས་ཀྱི་ཡན་ལག །སློབ་མ་བསེ་རུ་གཉིས། ཐེག་ཆེན་མཐོང་ལམ། བྱེད་པ་དང་མོས་པ་སྒོམ་ལམ། བསྟོད་བཀུར་བསྔགས་གསུམ། བསྔོ་བ། ཡི་རང་། སྒྲུབ་པ། རྣམ་དག་སྟེ། སྒོམ་ལམ་བདུན་དང་བསྡོམས་པས་ལམ་ཤེས་བཅུ་གཅིག །ཤེས་པས། སྙིང་རྗེ། ཐབས་མིན། ཐབས། མི་མཐུན། གཉེན་པོ། སྦྱོར་དང་། མཉམ་ཉིད། མཐོང་ལམ་སྟེ་གཞི་ཤེས་དགུ། རྣམ་པ། སྦྱོར་བ། ཡོན་ཏན། སྐྱོན། མཚན་ཉིད། ཐར་ཆ། ངེས་ཆ། ཕྱིར་མི་ལྡོག །མཉམ་ཉིད། ཞིང་དག །ཐབས་མཁས་ཏེ་རྣམ་ཀུན་བཅུ་གཅིག །རྟགས། རྣམ་འཕེལ། བརྟན་པ། སེམས་ཀུན་གནས། མཐོང་ལམ། སྒོམ་ལམ། བར་ཆད་མེད་ལམ། ལོག་སྒྲུབ་སྟེ་རྩེ་མོ་བརྒྱད། ཕྱིན་དྲུག །རྗེས་དྲན་དྲུག །དངོས་མེད་ངོ་བོ་ཉིད་དེ་མཐར་གྱིས་པ་བཅུ་གསུམ། རྣམ་སྨིན་མ་ཡིན་པ། རྣམ་སྨིན། མཚན་ཉིད་མེད་པ། གཉིས་སུ་མེད་པ་སྟེ་སྐད་ཅིག་མ་བཞི། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ། ཆོས་སྐུ་མཛད་པ་དང་བཅས་པ་ཆོས་སྐུ་མཚོན་པའི་ཆོས་བཞི་སྟེ། བསྡོམས་པས་དོན་བདུན་ཅུའོ། །འདི་དག་རྒྱས་པར་ནི་གཞུང་དུ་འཆད་དོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། ཤེས་བྱ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ཐོབ་བྱ་རྣམ་མཁྱེན། ཐོབ་བྱེད་ལམ་ཤེས། སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་རྣམ་མཁྱེན་བཤད་པ་ལའང་བཞི། ལམ་གྱི་རང་བཞིན་སེམས་བསྐྱེད་པ། སེམས་བསྐྱེད་དག་བྱེད་གདམས་ངག་ནོད་པ། གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག །གདམས་པའི་དོན་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་སེམས་བསྐྱེད་ལ་མཚན་ཉིད་དང་རབ་དབྱེ་གཉིས་ལས། དང་པོ་ལ་མཚན་ཉིད་དངོས་དང་། དེ་མདོ་དང་སྦྱར་བའོ། །དང་པོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ཅེས་པ་སྟེ། ཆེད་དུ་བྱ་བ་གཞན་དོན་དང་། ཐོབ་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། སྔ་མ་རྒྱུ་དང་། ཕྱི་མ་གྲོགས་སུ་ལྡན་པའི་སེམས་བསྐྱེད་དོ། །གཉིས་པ་ནི། དེ་དང་དེ་ནི་མདོ་བཞིན་དུ། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། ཅེས་པ་སྟེ་བྱང་ཆུབ་ཐོབ་བྱ་ཡིན་པ་དེ་དང་། གཞན་དོན་ཆེད་དུ་བྱ་བ་དེ་ནི། ཡུམ་གྱི་མདོ་བཞིན་དུ་བཀོད་པ་ཡིན་ཏེ། ཡུམ་རྒྱས་འབྲིང་བསྡུས་པའི་མདོ་གསུམ་ཀ་ལས་ཀྱང་དེ་གཉིས། བསྡུས་པ་དང་། རྒྱས་པ་གཉིས་རེའི་སྒོ་ནས་བསྟན་པའི་ཕྱིར་ཞེས་པའོ། །གཉིས་པ་རབ་དབྱེ་ནི། དེ་ཡང་ས་གསེར་སོགས་ཚིག་བཅད་གཉིས་ཀྱིས་བསྟན་ཏེ། བྱང་ཆུབ་འདུན་པ་ས་ལྟ་བུ་ཆོས་དཀར་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། རྒྱུན་གནས་པའི་བསམ་པ་གསེར་ལྟ་བུ་བྱང་ཆུབ་ཀྱི་བར་དུ་འགྱུར་བ་མེད་པ་དང་། བསམ་པ་དེ་ལྷག་པར་གྱུར་པའི་ལྷག་བསམ་ཟླ་ཚེས་ལྟ་བུ་དགེ་བའི་ཆོས་གོང་ནས་གོང་དུ་འཕེལ་བ་དང་གསུམ་ནི་ཚོགས་ལམ་གསུམ་ནས་ཡོད། སྐྱེ་མེད་གསུམ་མཁྱེན་པའི་སྦྱོར་བ་མེ་ལྟ་བུ་སྒྲིབ་པའི་བུད་ཤིང་སྲེག་པར་བྱེད་པ་སྦྱོར་ལམ་ནས་ཡོད། སྦྱིན་པ་གཏེར་ལྟ་བུ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཀྱང་མི་ཟད་པ་མཐོང་ལམ་ས་དང་པོ་ནས་ཡོད། ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཡོན་ཏན་རིན་པོ་ཆེ་ཐམས་ཅད་བསྐྱེད་པ་ས་གཉིས་པ་ནས་ཡོད། བཟོད་པ་མཚོ་ལྟ་བུ་མི་འདོད་པས་ཡིད་མི་འཁྲུགས་པ་ས་གསུམ་པ་ནས། བརྩོན་འགྲུས་རྡོ་རྗེ་ལྟ་བུ་བདུད་ཀྱིས་མི་ཕྱེད་པ་ས་བཞི་པ་ནས། བསམ་གཏན་རི་ལྟ་བུ་མཚན་མའི་རྣམ་གཡེང་གིས་མི་གཡོ་བ་ས་ལྔ་པ་ནས། ཤེས་རབ་སྨན་ལྟ་བུ་ཉོན་ཤེས་ཀྱི་སྒྲིབ་པའི་ནད་ཞི་བར་བྱེད་པ་ས་དྲུག་པ་ནས། ཐབས་བཤེས་གཉེན་ལྟ་བུ་དགེ་རྩ་ཆུང་ཡང་མི་ཟད་པར་བྱེད་པ་དང་གཞན་དོན་དུ་ངན་སོང་གི་སྡུག་བསྔལ་ཡང་བཟོད་པ་ས་བདུན་པར། སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པ་ས་བརྒྱད་པར། སྟོབས་ཉི་མ་ལྟ་བུ་གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་སྨིན་པར་བྱེད་པ་ས་དགུ་པར། ཡེ་ཤེས་གླུ་དབྱངས་ལྟ་བུ་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་ས་བཅུ་པར་ལྷག་པར་སྤྱོད་དོ། །མངོན་ཤེས་རྒྱལ་པོ་ལྟ་བུ་མཐུ་ཐོགས་པ་མེད་པས་གཞན་དོན་བསྒྲུབ་པ་དང་། ཚོགས་གཉིས་བང་མཛོད་ལྟ་བུ་བསོད་ནམས་དང་ཡེ་ཤེས་མང་པོའི་མཛོད་དང་། བྱང་ཕྱོགས་ལམ་པོ་ཆེ་ལྟ་བུ་དུས་གསུམ་གྱི་རྒྱལ་བ་རྣམས་གཤེགས་པ་དང་། ཞི་ལྷག་བཞོན་པ་བཟང་པོ་ལྟ་བུ་མཐའ་གཉིས་དང་བྲལ་བའི་ལམ་དུ་འགྲོ་བ་དང་། གཟུངས་སྤོབས་བཀོད་མའི་ཆུ་བོ་ལྟ་བུའི་ཚིག་དོན་མི་བརྗེད་པར་འཛིན་ཞིང་གཞན་ལ་ཐོགས་མེད་དུ་འཆད་པ་ཟད་མི་ཤེས་པ་དང་ལྔ་ནི་ཁྱད་པར་གྱི་ལམ་ལྔ་སྟེ། ཁ་ཅིག་ས་བཅུ་ཀའི་ཁྱད་པར་ལམ་དང་། ཁ་ཅིག་དག་ས་གསུམ་དང་། ཁ་ཅིག་ས་བཅུ་པའི་ཁྱད་པར་ལམ་ལ་བཞེད། ཆོས་ཀྱི་དགའ་སྟོན་སྒྲ་སྙན་ལྟ་བུ་ཐར་འདོད་ཀྱི་གདུལ་བྱ་ལ་སྙན་པར་སྒྲོགས་པ་དང་། བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་གཞན་དོན་རིས་སུ་མ་ཆད་པར་ངང་གིས་འཇུག་པ་དང་། ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་མཛད་པ་བཅུ་གཉིས་སྟོན་པས་གདུལ་བྱའི་ལོ་ཏོག་སྨིན་པར་བྱེད་པ་གསུམ་སངས་རྒྱས་ཀྱི་ས་ལ་སྟེ། ཁ་ཅིག་སངས་རྒྱས་ཀྱི་ས་དངོས་དང་། ཁ་ཅིག་ས་བཅུའི་རྒྱུན་མཐའི་སྦྱོར་དངོས་མཇུག་ན་ཡོད་པར་བཞེད་དོ། །དེ་དག་ཀྱང་བསམ་པ་སོགས་གྲོགས་དང་། ས་སོགས་དཔེ་དང་། ཆོས་གཞིར་གྱུར་སོགས་ཆོས་མཐུན་ཏེ། ཐམས་ཅད་ལ་སྦྱར་ཤེས་པར་བྱ་ཞིང་། ལམ་དེ་དང་དེར། དེ་དག་ལྷག་པར་སྤྱོད་པ་ཙམ་ལས་ཕལ་ཆེར་ཐམས་ཅད་དུ་ཡོད་པ་ཡང་ཤེས་པར་བྱའོ། ། ༈ ཆོས་ལ་ཕྱག་འཚལ་ལོ། །གཉིས་པ་སེམས་བསྐྱེད་དག་བྱེད་གདམས་ངག་ནོད་པ་ལ། གདམས་ངག་སྤྱིར་བསྟན། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྒྲུབ་དང་བདེན་པ་སོགས་ཤེས་པར་ཞེས་བསྟན་ཏེ། འདི་ལ་བཞི། སྒྲུབ་པ་རང་གི་ངོ་བོ། ། དམིགས་ཡུལ་བདེན་པ་བཞི། རྟེན་དཀོན་མཆོག་གསུམ། སྒྲུབ་པ་ཕུན་སུམ་ཚོགས་པའི་རྒྱུ་ལ་གདམས་པའོ། །དང་པོ་སྒྲུབ་པའི་ངོ་བོ་ནི། བྱང་ཆུབ་སེམས་ཀྱི་དབྱེ་བ་ཉེར་གཉིས་སྔར་བསྟན་པའི་དཀར་ཆོས་མ་ལུས་པ་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། དོན་དམ་འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་བསྒྲུབ་པ་སྟེ། དེ་ཡང་སྦྱོར་བ་ཕྱིན་དྲུག་གིས་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟོགས་བྱ་ཆོས་སྐུ་ཐོབ་པར་བྱེད་པས་ན་ཉན་རང་གི་སྒྲུབ་པ་ལས་ཁྱད་པར་འཕགས་པའོ། །གཉིས་པ་དམིགས་ཡུལ་བདེན་པ་བཞི་ལ་གདམས་པ་ནི། སྡུག་བདེན་ལ་ཤེས་བྱར་ཞེན་པ་འགོག་པའི་ཆེད་དུ། ཡུལ་གཟུགས་ལ་སོགས་པའི་སྟོང་ཉིད་དང་། ཡུལ་ཅན་ཤེར་ཕྱིན་དབྱེར་མེད་དུ་འདོམས་པ་དང་། ཀུན་འབྱུང་སྤང་བྱར་ཞེན་པ་ལྡོག་པའི་ཆེད་དུ། ཟག་བཅས་རྒྱུར་གྱུར་གྱི་གཟུགས་སོགས་སྐྱེ་འགགས་དང་ཀུན་བྱང་དུ་མ་གྲུབ་པར་གདམས་པ་དང་། འགོག་པ་ཐོབ་བྱར་ཞེན་པ་བཟློག་པའི་དོན་དུ་གཟུགས་ནས་བྱང་ཆུབ་ཀྱི་བར་ཆོས་གང་ཡང་མ་གྲུབ་པར་གདམས་པ་དང་། ལམ་རྒྱུད་ལ་བརྟེན་བྱར་ཞེན་པ་བཟློག་པའི་དོན་དུ་ལམ་ཕྱིན་དྲུག་སོགས་ལ་བརྩོན་མི་བརྩོན་ཞེས་བྱ་བ་ཡང་དག་པར་རྗེས་སུ་མི་མཐོང་བར་གདམས་པའོ། །གསུམ་པ་བརྟེན་དཀོན་མཆོག་གསུམ་ལ་གདམས་པ་ནི། སངས་རྒྱས་ལ་སྐྱབས་སུ་བརྟེན་པ་དང་། བདག་ཉིད་སྐྱབས་པའི་ཡུལ་མ་ལུས་པ་མཁྱེན་པའི་སྟོན་པའོ་སྙམ་དུ་ཞེན་པ་བཟློག་པའི་དོན་དུ། ཡུལ་དང་ཡུལ་ཅན་སོ་སོར་མ་གྲུབ་པར་མཉམ་པ་ཉིད་དུ་ཤེས་པའི་ཡེ་ཤེས་མཐར་ཕྱིན་པ་ནི་སངས་རྒྱས་སོ་ཞེས་སྟོན་པ་དང་། ཆོས་དཀོན་མཆོག་ལ་འདི་ནི་བདག་གི་ལམ་མོ་སྙམ་དུ་ཞེན་པ་བཟློག་པའི་དོན་དུ་མཁྱེན་གསུམ་གྱིས་ཡུལ་དུ་བྱས་པའི་གཞི་གཉེན་པོ་རྣམ་པ་མཐའ་དག་བདེན་པའི་ངོ་བོ་ཉིད་མེད་པར་སྟོན་པ་དང་། དགེ་འདུན་དཀོན་མཆོག་ལ་ལམ་གྱི་གྲོགས་སུ་ཞེན་པ་བཟློག་པའི་དོན་དུ་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཀྱང་གདོད་མ་ནས་སྐྱེ་བ་མེད་པ་ཉིད་དུ་སྟོན་པའོ། །བཞི་པ་སྒྲུབ་པ་ཕུན་སུམ་ཚོགས་པའི་རྒྱུ་ལ་གདམས་པ་ལ་བཞི། སྒྲུབ་པའི་མི་མཐུན་ཕྱོགས་སྤང་བ་དང་། སྒྲུབ་པ་ལ་གཞན་དྲིང་མི་འཇོག་དང་། སྒྲུབ་པའི་ཡོན་ཏན་ཐམས་ཅད་རྫོགས་པ་དང་། སྒྲུབ་པ་མཐར་ཐུག་པའི་རྒྱུ་ལ་གདམས་པའོ། །དང་པོ་ནི། སྒྲུབ་པའི་ངོ་བོ་བརྩོན་འགྲུས་ཡིན་ལ། དེའི་སྤང་བྱ་ལེ་ལོ་གསུམ་ལས། དང་པོ་སྙོམ་ལས་འཛིན་པ་སྤོང་བྱེད་མ་ཞེན་པའི་བརྩོན་འགྲུས་ལ་གདམས་པ་ནི། སྒོ་གསུམ་གྱི་བདེ་བ་སྐྱེས་པ་ཉིད་ལ་དབང་བརྟུལ་མངོན་པར་ཞེན་པར་འགྱུར་བས། དེ་བསལ་བའི་ཕྱིར་ལུས་ངག་ཡིད་རྣམས་ཞེན་བྱའི་ངོ་བོ་ཉིད་མེད་པར་སྟོན་པའོ། །གཉིས་པ་སྒྱིད་ལུག་པའི་ལེ་ལོ་སྤོང་བྱེད་མི་ངལ་བའི་བརྩོན་འགྲུས་ལ་གདམས་པ་ནི། དུས་ཡུན་རིང་མོར་ལམ་ལ་གོམས་པར་བྱས་ཀྱང་འདོད་པའི་དོན་བྱང་ཆུབ་མ་གྲུབ་པའི་ཚེ་དབང་རྟུལ་དངངས་ཤིང་སྐྲག་པའི་ངང་ཚུལ་ཅན་རྣམས་སྒྲུབ་པ་རིང་དུ་བྱས་པ་ལ་རློམ་པའི་རྒྱུས་ལྷག་པར་སྐྱོ་བ་བསལ་བའི་ཕྱིར་གཟུགས་ནས་བྱང་ཆུབ་ཀྱི་བར་གྱི་ཆོས་གང་ལ་ཡང་རློམ་བྱར་མེད་པར་སྟོན་པའོ། །གསུམ་པ་བདག་ཉིད་བརྙས་པའི་ལེ་ལོ་སྤོང་བྱེད་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་གདམས་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བརྗོད་བྱའི་དོན་རེ་རེའི་ཕྱིར་ལམ་སྒྲུབ་པའི་ལུང་ནོད་དགོས་ན་དེ་འདྲ་བ་བདག་གིས་མི་ནུས་སོ་ཞེས་སེམས་ཞུམ་པར་འགྱུར་བ་བསལ་བའི་ཕྱིར། ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་རྟོགས་ཏེ་བསླབ་པར་སྟོན་པ་དང་གསུམ་མོ། །གཉིས་པ་སྒྲུབ་པ་ལ་གཞན་དྲིང་མི་འཇོག་པ་སྤྱན་ལྔ་ལ་གདམས་པ་ནི། མཐར་ཐུག་བྱང་ཆུབ་འགྲུབ་པ་དང་། གནས་སྐབས་གཞན་དོན་སྒྲུབ་པ་ལ་རང་ཉིད་ཀྱིས་དེའི་ཐབས་རྣམས་ཤེས་པས་གཞན་ལ་རག་མི་ལུས་པའི་ཕྱིར་དུ་རྒྱུ་ཕྱིན་དྲུག་དང་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་ནས་སྤྱན་ལྔ་རྒྱུད་ལ་བསྐྱེད་ཅིང་དོན་དམ་པར་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་ཐ་དད་མེད་པར་རྟོགས་ཏེ་བསྒྲུབ་པར་བྱའོ། །ཞེས་སློབ་པའོ། །གསུམ་པ་སྒྲུབ་པའི་ཡོན་ཏན་རྣམས་རྫོགས་པ་མངོན་ཤེས་དྲུག་ལ་གདམས་པ་ནི། སེམས་ཅན་རྣམས་ཆོས་མཉམ་པ་ཉིད་ལ་འགོད་པ་དང་། འཕགས་པའི་སྐྱེ་བོ་ཐམས་ཅད་བྱམས་པ་དང་། ཡིད་དུ་འོང་བའི་ཡུལ་དང་ཕྲད་པ་དང་། ལྷ་རྣམས་ཀྱིས་ཕྱག་བྱ་བར་འོས་པ་དང་། ལུང་བསྟན་པ་ཐོབ་བའི་ཕྱིར། དག་པའི་བསམ་གཏན་བཞི་ལ་བརྟེན་ནས་མངོན་ཤེས་དྲུག་རྒྱུད་ལ་བསྐྱེད་ཅིང་དོན་དམ་པ་དེ་དག་རྣམས་གཟོད་མ་ནས་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་རྟོགས་ཏེ་སྒྲུབ་བོ་ཞེས་སྟོན་པའོ། །བཞི་བ་སྒྲུབ་པ་མཐར་ཐུག་པའི་རྒྱུ་ལ་གདམས་པ་ལ། མཐོང་ལམ་དང་སྒོམ་ལམ་ལ་གདམས་པ་གཉིས། དང་པོ་ནི་སྤང་བྱ་མཐོང་སྤང་རྣམས་སྤང་བའི་ཕྱིར་དུ་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་བསྒོམ་པར་བྱའོ་ཞེས་སྟོན་པའོ། །གཉིས་པ་ནི་སྤང་བྱ་སྒོམ་སྤང་རྣམས་སྤང་བའི་དོན་དུ་སྔར་མཐོང་ལམ་དུ་རྟོགས་པའི་རྟོགས་པ་དེ་ཉིད་གོམས་པར་བྱེད་པ་ཐེག་ཆེན་སྒོམ་ལམ་དེ་རྣམ་པར་བསྒོམ་པར་བྱའོ། །ཞེས་སྟོན་པའོ། །དེ་དག་ཀྱང་སྒྲུབ་པའི་རྣམ་པ། དམིགས་པ། རྟེན། འགལ་རྐྱེན་སྤང་བ། མཐུན་རྐྱེན་སྒྲུབ་པ་རྣམས་ཀྱི་ཕྱིར་གྲངས་བཅུར་ངེས་པའོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ནི། དགེ་འདུན་དཀོན་མཆོག་གི་དབྱེ་བ་དགེ་འདུན་ཉི་ཤུ་སྟེ། དབང་པོ་རྟུལ་དང་སོགས་ནས་ཉི་ཤུའོ། ། ཞེས་པས་བསྟན། འདི་ལ་དབྱེ་གཞི་ཐེག་ཆེན་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན། དེ་ལ་དབྱེ་ན་རྩ་བའི་ཚིག་གིས་ཟིན་པ་བཅུ་བདུན་དང་། གོ་སླ་བ་ཤུགས་ཀྱིས་བསྟན་པ་གསུམ་སྟེ་ཉི་ཤུ་ཡོད། འདི་ལ་སྤྱིར་རྒྱུན་ཞུགས། ལན་གཅིག་ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་ཞུགས་པ། རང་རྒྱལ་དང་ལྔ་ལས། དང་པོ་ལ་ལྔ་སྟེ། མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་ནས་རྒྱུན་ཞུགས་ཀྱི་སྤང་རྟོགས་སྒྲུབ་ཕྱིར་བརྩོན་པ་དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་སྟེ་རྒྱུན་ཞུགས་ཞུགས་པ་གཉིས། མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་གནས་པར་འདོད་པའི་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་འབྲས་གནས་ཙམ་པོ་བ་གཅིག །དེ་ཉིད་ལྷའི་རིགས་ནས་རིགས་དང་། མིའི་རིགས་ནས་རིགས་སུ་སྐྱེ་བ་སྟེ། འབྲས་གནས་ཁྱད་པར་ཅན་གཉིས་དང་ལྔའོ། །གཉིས་པ་ཕྱིར་འོང་ལ། སྒོམ་ལམ་གྱི་འདོད་ཉོན་ལྔ་པ་སྤངས་ནས་ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་བརྩོན་པའི་དབང་རྟུལ་དད་མོས་དང་། དབང་རྣོན་མཐོང་ཐོབ་གང་ཡིན་ཀྱང་འདྲ་སྟེ་ཕྱིར་འོང་ཞུགས་པ་གཅིག །འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་ཕྱིར་འོང་འབྲས་གནས་ཙམ་པོ་པ། དེ་ཉིད་འདོད་པར་སྐྱེ་བ་གཅིག་ལུས་པའི་བར་ཆད་གཅིག་པ་འབྲས་གནས་ཁྱད་པར་ཅན་ཏེ་འབྲས་གནས་གཉིས་དང་གསུམ། གསུམ་པ་ཕྱིར་མི་འོང་ལ། འདོད་ཉོན་བདུན་ནམ་བརྒྱད་སྤངས་ཤིང་དགུ་པ་སྤང་བ་ལ་བརྩོན་པའི་དབང་པོ་རྣོ་རྟུལ་དད་མོས་དང་མཐོང་ཐོབ་ཕྱིར་མི་འོང་ཞུགས་པ་དང་། འདོད་ཉོན་དགུ་པ་སྤངས་པ་ཕྱིར་མི་འོང་འབྲས་གནས་ཏེ་འདི་ལ་དགུ་ལས། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ལ། དེའི་བར་དོ་འགྲུབ་པའི་ཀུན་སྦྱོར་མ་སྤངས་པ་གཟུགས་ཀྱི་བར་དོ་གྲུབ་ནས། དེར་སྡུག་བསྔལ་གྱི་ཐ་མ་ཐོབ་པ་བར་དོར་འདའ་བ། ཀུན་སྦྱོར་གཉིས་ཀ་མ་སྤངས་པས་གཟུགས་སུ་སྐྱེས་ནས་སྡུག་བསྔལ་ཐ་མར་བྱེད་པ་སྐྱེས་འདའ། གཟུགས་སུ་སྐྱེས་ནས་འབད་རྩོལ་གྱིས་ལམ་མངོན་དུ་བྱས་ནས་འདའ་བ་བྱེད་བཅས། འབད་རྩོལ་མེད་པར་འདའ་བ་བྱེད་མེད། ཚངས་རིས་ནས་འོག་མིན་དུ་འགྲོ་བ་འཕར་བ། ཚངས་རིས་ནས་གནས་གཙང་འགའ་ཞིག་དང་འོག་མིན་དུ་འགྲོ་བ་ཕྱེད་འཕར། གནས་ཐམས་ཅད་བརྒྱུད་ནས་འོག་མིན་དུ་འགྲོ་བ་གནས་ཐམས་ཅད་དུ་འཆི་འཕོ་བ་སྟེ་འོག་མིན་དུ་འགྲོ་བ་འཕར་བ་གསུམ། སྲིད་རྩེར་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་གཟུགས་ཀྱི་ཆགས་བཅོམ་སྟེ། དེ་ལ་ཚེ་འདི་ལ་མྱང་འདས་ཐོབ་པ་མཐོང་ཆོས་ལ་ཞི། འགོག་སྙོམས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ལུས་མངོན་བྱེད་གཉིས་དང་དགུའོ། །བཞི་པ་ནི་སྲིད་རྩེའི་སྒོམ་སྤང་བརྒྱད་པ་སྤངས་ནས་དགུ་པ་སྤང་བ་ལ་བརྩོན་པ་དགྲ་བཅོམ་ཞུགས་པ། ལྔ་པ་ནི་སངས་རྒྱས་མི་འབྱུང་བ་ན་རང་རྒྱལ་དུ་འགྱུར་བ་བསྭེ་རུ་ལྟ་བུའོ། །དེ་དག་ལས་སྲིད་རྩེར་འགྲོ་བ་ནི་བསམ་གཏན་དང་གཟུགས་མེད་ཀྱི་སེམས་འགྲུབ་པས་དེར་འགྲོ་བའི་ནུས་པ་དང་ལྡན་པ་སྟེ། བྱང་སེམས་འཕགས་པ་དངོས་སུ་གཟུགས་མེད་དུ་མི་སྐྱེ་བ་ནང་གསེས་ཀྱི་དབྱེ་བས་ཀྱང་ཤེས་ནུས་སོ། ། ༈ གསུམ་པ་གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག་ལ། ངོ་བོ་མདོར་བསྟན། ཁྱད་ཆོས་རྒྱས་པར་བཤད་པ་གཉིས། དང་པོ་ནི། དམིགས་པ་དང་ནི་སོགས་ནས་ཁྱད་པར་འཕགས་ཞེས་པ་སྟེ། མི་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདེན་བཞི་གཏན་ལ་དབབ་བྱར་བྱེད་པ་དམིགས་པ་དང་། མི་རྟག་སོགས་སུ་ཞེན་བྱར་མི་བདེན་པར་གཅོད་པའི་ཆོས་ཀྱི་བདག་མེད་པའི་རྣམ་པ་དང་། ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བར་བསྐྱེད་པའི་རྒྱུ་དང་། ཐབས་ལ་མཁས་པས་སྲིད་ཞི་ལས་ཡོངས་སུ་འཛིན་པའི་ཡོངས་འཛིན་དང་། མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་སྦྱོར་ལམ་གྱི་གྲངས་ཇི་ལྟ་བ་བཞིན་ལྡན་ཞིང་བརྟེན་པའི་རྣམ་རྟོག་སྟེ་ཁྱད་པར་ལྔ་ཆུང་འབྲིང་ཆེ་བའི་དབྱེ་བ་ཡང་ཁྱད་པར་དུ་འདོད་པ་ལྟར་ན་ཁྱད་པར་དྲུག་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སྐྱོབ་པ་རྣམས་ཀྱི་དྲོད་ལ་སོགས་པ་ནི་ཉན་ཐོས་དང་བསྭེ་རུ་ལྟ་བུས་མཚོན་པའི་རང་རྒྱལ་གྱི་དྲོད་སོགས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་ཐོས་སོགས་ཀྱིས་ནི་བདེན་བཞི་ཙམ་གཏན་ལ་དབབ་བྱར་དམིགས་པ་དང་། མི་རྟག་སོགས་ཀྱི་སྒོ་ནས་གང་ཟག་ལ་བདག་མེད་པའི་རྣམ་པ་ཅན་དང་། ཐེག་དམན་གྱི་རྟོགས་རིགས་ཙམ་བསྐྱེད་པའི་རྒྱུ་དང་སྲིད་ཞིར་ལྟུང་བ་ལས་འཛིན་པའི་ཐབས་མཁས་དང་བྲལ་བའི་ཡོངས་འཛིན་དང་། རྟོག་པ་རྣམས་ཀྱང་རང་ལམ་གྱིས་སྤང་བྱར་མི་ལྡན་པ་དང་། ཆུང་འབྲིང་སོགས་དབྱེ་བ་མེད་པའི་ཕྱིར་རོ། ། གཉིས་པ་ཁྱད་པར་རྒྱས་པར་བཤད་པ་ལ་གསུམ། དམིགས་རྣམ་རྒྱུ་གསུམ། ལྡན་ཆོས་རྟོག་པ། ཡོངས་འཛིན་དགེ་བཤེས་ཀྱི་ཁྱད་པར་རྒྱས་པར་བཤད་པའོ། །དང་པོ་ལ་དྲོད་རྩེ་བཟོད་མཆོག་བཞི་ལས། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལྟ་བུའི་སྔ་ལྟས་དྲོ་བ་ཞེས་བརྡ་སྦྱར་བ་ཆེ་འབྲིང་ཆུང་གསུམ་གྱི་དམིགས་རྣམ་ནི། དམིགས་པ་མི་རྟག་སོགས་ནས་བརྗོད་དུ་མེད་ཅེས་བསྟན་ཏེ། བདེན་པ་བཞི་ལ་བརྟེན་པ་མི་རྟག་སོགས་བཅུ་དྲུག་ནི། ཤེས་ནས་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་པས་དམིགས་པ་མི་རྟག་སོགས་དེ་དག་ལ་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་ཀུན་ཤེས་པ་སྟེ་མངོན་ཞེན་ཆེ་འབྲིང་ཆུང་གསུམ་འགོག་པ་རྣམ་པ་སྟེ། དྲོད་ཆུང་ངུའི་དམིགས་རྣམ་ཡིན་ལ། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ཞེས་པའི་རྒྱུའི་ཁྱད་པར་ནི་འོག་མ་ཐམས་ཅད་ལ་ཡང་སྦྱར་རོ། །དེ་ཁོ་ནར་འདུ་བ་སྟེ་སྒྲུབ་པ་དང་། འགོད་པ་སྟེ་དགག་པ་དང་བྲལ་བས་ཁྱད་པར་དུ་བྱས་པའི་གཟུགས་སོགས་དམིགས་པ། མིང་གི་རྒྱུན་མི་འདྲ་བ་འཇུག་པ་སྟེ་གནས་པ་དང་བྲལ་བ་དང་། མིང་གི་རྒྱུན་འདྲ་བར་གནས་པ་དེ་ཁོ་ནར་མེད་པ་རྣམ་པ་སྟེ་དྲོད་འབྲིང་གི་དམིགས་རྣམ། བརྡར་བཏགས་པའི་ཆོས་ཐ་སྙད་པ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མིང་ཙམ་གྱིས་ཁྱད་པར་དུ་བྱས་པའི་ཆོས་དམིགས་པ། དོན་དམ་པར་དགེ་མི་དགེ་ལུང་མ་བསྟན་གང་དུའང་བརྗོད་དུ་མེད་པ་རྣམ་པ་སྟེ། དྲོད་ཆེན་པོའོ། །གཉིས་པ་མི་མཐུན་པའི་ཕྱོགས་ཀྱིས་དགེ་རྩ་གཡོ་བ་རྣམས་ཀྱི་རྩེ་མོར་གྱུར་པ་རྩེ་མོ་གསུམ་གྱི་དམིགས་རྣམ་ནི། གཟུགས་སོགས་མི་གནས་སོགས་ནས་ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པས་བསྟན་ཏེ། གཟུགས་སོགས་དོན་དམ་པར་དངོས་པོར་དམིགས་པའི་སེམས་ཀྱིས་བརྟེན་བྱར་མེད་པས་མི་གནས་པ་དང་། དེ་དག་ངོ་བོ་དང་བྲལ་བ་བདེན་མེད་ཀྱི་ངོ་བོ་ཉིད་ཡིན་པས་རང་བཞིན་མེད་པ་དམིགས་པ། གཟུགས་ལ་སོགས་པ་གཅིག་གི་རང་བཞིན་སྟོང་པ་ཉིད་ཡིན་པ་དེར་ཐམས་ཅད་ཀྱི་རང་བཞིན་ཀྱང་སྟོང་པ་ཉིད་དུ་གཅིག་པས་ན་དེ་དག་ཀྱང་རྟག་པ་དང་མི་རྟག་པ་སོགས་སུ་བདེན་པར་མི་གནས་པ་རྣམ་པ་སྟེ་རྩེ་མོ་ཆུང་ངུ་། དོན་དམ་པར་མི་རྟག་པ་སོགས་དེ་རྣམས་དང་། དེ་དག་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་དག་ཕན་ཚུན་གཅིག་གི་རང་བཞིན་དུ་གཅིག་པ་སྟེ། ཐ་དད་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་སོགས་དམིགས་པ། ཆོས་རྣམས་བདག་དང་བདག་གིར་གཟུང་བྱས་སྟོང་པས་གཟུགས་སོགས་ལ་རང་གིར་མི་འཛིན་པ་རྣམ་པ་སྟེ། རྩེ་མོ་འབྲིང་པོའོ། ། དོན་དམ་པར་གཟུགས་ལ་སོགས་པ་དེ་དག་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མར་མི་མཐོང་བ་སྟེ། མཚན་མ་དེ་དག་དང་བྲལ་བས་ཁྱད་པར་དུ་བྱས་པ་དམིགས་པ། གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡོངས་སུ་རྟོགས་པ་ན་དངོས་པོ་ཐམས་ཅད་བདེན་པར་དམིགས་སུ་མེད་པ་ངེས་པར་རྟོགས་པ་རྣམ་པ་སྟེ་རྩེ་མོ་ཆེན་པོའི་དམིགས་རྣམ། འདི་ཕྱིན་ངན་འགྲོར་འགྲོ་བ་མེད་པས་ཆོས་ཆེན་པོ་སྐྱེ་མེད་ལ་བཟོད་པ་ཐོབ་པ་བཟོད་པ་གསུམ་གྱི་དམིགས་རྣམ་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད་སོགས་ནས་འདུ་ཤེས་མེད་པ་ཡིན་ཞེས་པས་བསྟན་ཏེ་གཟུགས་སོགས་བདེན་པའི་ངོ་བོ་ཉིད་མེད་པས་ཁྱད་པར་དུ་བྱས་པ་དམིགས་པ། དེ་ཁོ་ནར་ངོ་བོ་ཉིད་མེད་པ་ཉིད་མངོན་ཞེན་ཅན་གྱི་ངོར་བདེན་པའི་ངོ་བོ་ཉིད་དུ་སྣང་ངོ་ཞེས་རྟོགས་པ་རྣམ་པ་སྟེ་བཟོད་པ་ཆུང་ངུ། གཟུགས་ལ་སོགས་པ་དེ་དག་སྐྱེ་བ་འཁོར་བ་དང་ངེས་འབྱུང་མྱང་འདས་ཆོས་གང་དུ་ཡང་བདེན་པ་མེད་ཅེས་བྱ་བས་ཁྱད་པར་དུ་བྱས་པ་དམིགས་པ། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་རྟོགས་པ་ཁོ་ནས་ལུས་དང་ངག་དང་ཡིད་དང་མཚན་དང་ཞིང་སོགས་རྣམ་པ་ཐམས་ཅད་དག་པའི་རྒྱུ་བྱེད་པ་ཡིན་ནོ་ཞེས་རྟོགས་པ་རྣམ་པ་སྟེ་བཟོད་འབྲིང་། དེ་དག་མཚན་མའི་ཆོས་གང་དུ་ཡང་གཟུང་བྱས་སྟོང་པའི་མཚན་མ་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་སོགས་དམིགས་པ། མོས་པ་ཡིད་བྱེད་ཀྱིས་མཚན་མར་མོས་བྱར་མེད་པས་མཚན་མར་མི་མོས་པ་དང་། མཚན་མར་ཡོངས་སུ་ཤེས་པར་བྱར་མེད་པས་མཚན་མའི་འདུ་ཤེས་མེད་པར་རྣམ་པ་སྟེ་བཟོད་ཆེན་གྱི་དམིགས་རྣམ། འཇིག་རྟེན་པའི་ཆོས་ཟག་བཅས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཆོས་མཆོག་གསུམ་གྱི་དམིགས་རྣམ་ནི། ཏིང་འཛིན་དེ་ཡིས་སོགས་ནས། ཏིང་འཛིན་རྣམ་པར་མི་རྟོག་པ་ཞེས་པས་བསྟན་ཏེ། དེ་ཁོ་ནར་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་དང་སྟོང་པ་ཉིད་ཐ་དད་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་སོགས་དམིགས་པ། ཏིང་ངེ་འཛིན་དེ་དག་གི་བྱེད་པ་གདུལ་བྱ་ཡོད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རང་རང་གི་སྐལ་པ་ཇི་ལྟ་བ་བཞིན་འབད་རྩོལ་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་འཇུག་པའོ། །ཞེས་འབྲས་བུའི་སྒོ་ནས་དམིགས་པ་རྣམ་པ་སྟེ། ཆོས་མཆོག་ཆུང་ངུ་། ཆོས་མཆོག་ལ་གནས་པའི་རྣལ་འབྱོར་པ་སངས་རྒྱས་རྣམས་ཀྱིས་ལུང་སྟོན་ཞེས་བྱ་བའི་རྒྱུའི་གཟུགས་སོགས་དམིགས་པ། དམིགས་པ་དེ་ཁོ་ནར་མཉམ་པར་བཞག་འཇོག་གིས་སྟོང་པའི་སྤྲོས་བྲལ་དུ་བསླབ་པས་མཉམ་པར་གཞག་པའོ། །འཇོག་གོ་སྙམ་པ་ལ་སོགས་པའི་རློམ་སེམས་ཟད་པ་ནི་རྣམ་པ་སྟེ་ཆོས་མཆོག་འབྲིང་པོ། །སྒོམ་ཏིང་ངེ་འཛིན་དང་སྒོམ་པ་པོ་བྱང་སེམས་བསྒོམ་བྱ་ཡུམ་དོན་གསུམ་ཕན་ཚུན་ངོ་བོ་གཅིག་པ་སྟེ་ཐ་དད་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་སོགས་དམིགས་པ། དམིགས་ཡུལ་བརྟག་བྱའི་ཆོས་ཐམས་ཅད་དོན་ལ་ཡོད་པ་མིན་པ་ཉིད་ཀྱི་ཡུལ་ཅན་ཏིང་ངེ་འཛིན་དུ་ཡང་རྣམ་པར་མི་རྟོག་པའི་ལམ་ནི་མཐོང་ལམ་བྱང་ཆུབ་བསྒྲུབ་པའི་ཐབས་དམ་པའོ་ཞེས་རྟོགས་པ་རྣམ་པ་སྟེ། ཆོས་མཆོག་ཆེན་པོའི་དམིགས་རྣམ་སྟེ། དེ་དག་ཀྱང་བཟོད་འབྲིང་གི་སྐབས་སུ་རྒྱུའི་སྒོ་ནས། ཆོས་མཆོག་ཆུང་ངུའི་སྐབས་སུ་འབྲས་བུའི་སྒོ་ནས། བཟོད་ཆུང་གི་སྐབས་སུ་ངོ་བོ་ཉིད་ཀྱི་སྒོ་ནས། ལྷག་མ་དགུའི་སྐབས་སུ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་པ་ཡིན་ནོ། །དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ངེས་འབྱེད་སོགས་ནས་ཆེན་པོ་ཡིན་ཞེས་པ་སྟེ། ངེས་པར་འབྱེད་པ་ནི་ཟག་མེད་མཐོང་ལམ་ཡིན་ལ། དེའི་ཆ་དང་མཐུན་པའམ་དེའི་རྒྱུར་གྱུར་པ་ངེས་འབྱེད་ཡན་ལག་སྟེ། ཚོགས་ལམ་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམས་པས་གཟུང་བ་བདེན་མེད་ལ་གསལ་སྣང་དང་པོར་ཐོན་པ་དང་། གསལ་སྣང་ལྷག་པར་གྱུར་པ་དྲོད་དང་རྩེ་མོ། འཛིན་པ་བདེན་མེད་ལ་གསལ་སྣང་དང་པོར་སྐྱེས་པ་དང་ལྷག་པར་གྱུར་པ་བཟོད་པ་དང་ཆོས་མཆོག་རྣམས་ནང་གསེས་ཆུང་འབྲིང་ཆེན་པོའི་དབྱེ་བས་བཅུ་གཉིས་ཏེ་འདི་དག་འཇིག་རྟེན་པའི་ལམ་གྱི་བསྒོམས་བྱུང་ཤས་ཆེ་བའོ། ། ༈ དགེ་འདུན་ལ་ཕྱག་འཚལ་ལོ། །གཉིས་པ་ལྡན་ཆོས་རྟོག་པ་རྒྱས་པར་བཤད་པ་ལ་གཉིས། གཟུང་རྟོག་དང་། འཛིན་རྟོག་གོ །དང་པོ་ནི། གཞི་དང་དེ་ཡི་སོགས་ནས་སོ་སོར་རྣམ་པ་དགུ་ཞེས་པས་བསྟན་ཏེ། གཞི་ཀུན་ནས་ཉོན་མོངས་པ་དང་། དེ་ཡི་གཉེན་པོ་རྣམ་བྱང་ཕྱོགས་ཀྱི་གཟུང་རྟོག་གཉིས། དེ་ལ་ཡང་ཡུལ་རྨོངས་པ་སོགས་ཀུན་ཉོན་ཕྱོགས་ཀྱི་དགུ་དང་། རྣམ་བྱང་ཕྱོགས་ཀྱི་ཕུང་པོ་སོགས་དགུ་ཡོད་པའི་བྱེ་བྲག་གིས་རྟོག་པ་ཡང་དགུ་རེ་སྟེ། དང་པོ་ཀུན་ཉོན་ཕྱོགས་ཀྱི་གཟུང་རྟོག་གི་ཡུལ་དགུ་ནི་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ། མ་རིག་པ་དེས་ཀུན་ནས་བསླངས་པའི་ལས་ཀྱིས་བསྐྱེད་པའི་ཟག་བཅས་ཀྱི་ཕུང་པོ་ལྔ། ཕུང་པོ་དེ་དག་ལ་བདག་དང་བདག་གིར་ཞེན་པའི་འཇིག་ལྟ། འཇིག་ལྟའི་ཞེན་ཡུལ་དེ་ལ་རྟག་ཆད་དུ་ཞེན་པའི་མཐར་ལྟ། མཐར་ལྟའི་ཞེན་པ་དེའི་དབང་གིས་ཀུན་ཉོན་དང་རྣམ་བྱང་ཕྱོགས་ཀྱི་སྐྱོན་ཡོན་མི་ཤེས་པ། དེ་མ་ཤེས་པས་སྦྱིན་པ་ནས་མ་འདྲེས་པའི་བར་གྱི་འཕགས་ལམ་ལ་མི་གནས་པ་དང་། །དེ་ལྟར་ལམ་ལ་གོལ་བས་ཆོས་རྣམས་ལ་ཕྱིན་ཅི་ལོག་ཏུ་དམིགས་པ་དང་། དེ་ལྟར་དམིགས་པས་བདག་གཞན་གྱི་ཆ་ལ་ཆགས་ཤིང་སྡང་བ། རྣམ་པར་དག་པ་མྱང་འདས་བརྒྱུད་ནས་བསྐྱེད་པའི་སྡུག་བསྔལ་རྣམས་དང་། མཐོ་རིས་བསྐྱེད་པའི་ཟག་བཅས་རྣམས་དང་དགུ་པོ་སྟེ། ཡུལ་དེ་རྣམས་ལ་འདི་དག་ནི་ཀུན་ཉོན་གྱི་གཟུང་བ་ཡིན་པས་དོར་བྱའོ་སྙམ་དུ་ཞེན་པའི་གཟུང་རྟོག་དགུའོ། །གཉིས་པ་རྣམ་བྱང་ཕྱོགས་ཀྱི་གཟུང་རྟོག་གི་ཡུལ་ནི། རྣམ་བྱང་གི་ངོ་བོ་ཟག་མེད་ཀྱི་ཕུང་པོ། །རྣམ་བྱང་གི་རྐྱེན་སྐྱེ་བའི་སྒོ་རྣམ་བྱང་གི་ཕྱོགས་སུ་གཏོགས་པའི་སྐྱེ་མཆེད། རྣམ་བྱང་གི་ས་བོན་རིགས་རྣམ་བྱང་གི་བསྐྱེད་ཚུལ་རྟེན་འབྲེལ་ལུགས་ལྡོག །གཞིའི་རྣམ་བྱང་སྟོང་ཉིད། ལམ་གྱི་རྣམ་བྱང་ཙམ་ཕར་ཕྱིན། ལམ་གྱི་རྣམ་བྱང་ཁྱད་པར་བ་མཐོང་ལམ་དང་སྒོམ་ལམ། འབྲས་བུའི་རྣམ་བྱང་མི་སློབ་ལམ་དང་དགུ་སྟེ། དེ་རྣམས་ལ་འདི་ནི་རྣམ་བྱང་གི་གཟུང་བ་ཡིན་པས་བླང་བྱའོ་སྙམ་དུ་ཞེན་པའི་གཟུང་རྟོག་དགུའོ། །གཉིས་པ་འཛིན་རྟོག་ནི། རྫས་དང་བཏགས་པའི་སོགས་ནས་དེ་བཞིན་ནོ་ཞེས་བསྟན་ཏེ། རྫས་དང་བཏགས་པའི་རྟེན་ཅན་གྱི་འཛིན་རྟོག་གཉིས་དེ་ལ་ཡང་བདག་རང་དབང་ཅན་ལ་སོགས་པར་དམིགས་པ་དང་། ཕུང་སོགས་ཀྱི་རྟེན་ཏེ་ཡུལ་ལ་དམིགས་པ་དགུ་ཡོད་པས་ནང་གསེས་དགུ་རེ་སྟེ། དང་པོ་ནི་གང་ཟག་སྟེ་འཛིན་པ་པོ་རྫས་སུ་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་དགུ་སྟེ། བདག་གཞན་ལ་མ་ལྟོས་པའི་རང་དབང་ཅན་དང་། བདག་ཟླ་མེད་པའི་གཅིག་པུ་དང་། བདག་རྣམ་ཤེས་ཀྱི་སྒོ་འབྱེད་པའི་རྒྱུ་དང་། བདག་ལྟ་བ་པོ་ནས་ཤེས་པ་པོའི་བར་དང་། བདག་འཁོར་བར་ཀུན་ཉོན་གྱི་རྟེན་དང་། བདག་འཇིག་རྟེན་པའི་བསམ་གཟུགས་ཀྱི་ལམ་གྱིས་འགོག་པ་ལས་འདོད་ཆགས་བྲལ་བའི་རྟེན་དང་། བདག་བདེན་བཞིའི་མཚན་ཉིད་མངོན་སུམ་དུ་མཐོང་བའི་ལམ་གྱི་རྟེན་དང་། བདག་རྣམ་ཐར་མཐར་གནས་རྣམས་ཀྱི་ངོ་བོར་གྱུར་པའི་སྒོམ་ལམ་གྱི་རྟེན་དང་། བདག་མི་སློབ་པའི་ལམ་གྱི་རྟེན་གྱི་རྫས་སུ་རྟོག་པ་སྟེ། དེ་ཡང་ཀུན་ཉོན་དང་རྣམ་བྱང་གི་རྟེན་ལ་འཛིན་པ་པོ་ཆོས་ཙམ་དུ་གྱུར་པའི་རྫས་ཤིག་ཏུ་ཞེན་པའོ། །གཉིས་པ་ནི་སྐྱེས་བུ་སྟེ་འཛིན་པ་པོ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་ལ་དགུ་སྟེ། སེམས་ཅན་ཙམ་གྱི་གདགས་གཞི་ཕུང་པོ་དང་། སྐྱེ་མཆེད་དང་ཁམས་དང་། སོ་སྐྱེའི་གདགས་གཞི་ཀུན་ཉོན་གྱི་རྟེན་འབྲེལ་དང་། འཕགས་པ་ཙམ་གྱི་གདགས་གཞི་རྣམ་བྱང་དང་འཕགས་པ་སློབ་པ་དམན་འབྲིང་མཆོག་གསུམ་གྱི་གདགས་གཞི། མཐོང་བ་དང་། སྒོམ་པ་དང་། ཁྱད་པར་གྱི་ལམ་དང་། འཕགས་པ་དགྲ་བཅོམ་པའི་གདགས་གཞི་མི་སློབ་པའི་ལམ་རྣམས་ཏེ། སེམས་ཅན་སྤྱི་དང་ཁྱད་པར་རྣམས་གདགས་གཞི་དེ་དག་ལ་བརྟེན་ནས་བཏགས་པ་ཙམ་གྱིས་འཛིན་པའོ་སྙམ་དུ་ཞེན་པའོ། །གསུམ་པ་ཡོངས་འཛིན་དགེ་བཤེས་ཀྱི་ཁྱད་པར་ནི། སེམས་མི་འགོང་པ་ཉིད་ལ་སོགས་ནས་ཡོངས་འཛིན་ཡིན་ཞེས་གསུང་སྟེ། སྟོང་ཉིད་འཇིགས་གནས་མ་ཡིན་པ་ལ་འཇིགས་པས་དངངས་པ་དང་། ཀུན་ཏུ་འཇིགས་པས་སྐྲག་པ་དང་། སྐྲག་པ་དེ་ཉིད་ངེས་པར་གྱུར་བས་ཀུན་ཏུ་སྐྲག་པ་སྟེ་གསུམ་གྱི་གཉེན་པོར་གདུལ་བྱའི་སེམས་སྟོང་ཉིད་ལ་མི་འགོང་། མི་སྐྲག །ཀུན་ཏུ་སྐྲག་པར་མི་བྱེད་པའི་ཐབས་མཁས་དང་། གདུལ་བྱའི་བསམ་པ་བཞིན་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སོགས་སྟོན་པ་དང་། ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་བོར་ནས་གདུལ་བྱ་མངོན་མཐོ་དང་། ངེས་ལེགས་ཐོབ་པར་བྱེད་པའི་ཁྱད་པར་སུམ་ལྡན་ནི། ཐེག་ཆེན་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ནོ། །དེ་ཡང་ཐེག་པ་ཆེ་ཆུང་གཉིས་ཀའི་སྟོན་པ་སངས་རྒྱས་སུ་གཅིག་ཀྱང་ཡོངས་སུ་འཛིན་ཚུལ་ལ་ཁྱད་ཡོད་དེ། འདིས་ནི་རྣམ་མཁྱེན་ལ་དམིགས་པའི་སེམས་བསྐྱེད། ཆོས་རྣམས་མི་དམིགས་པར་རྟོགས་པའི་ཤེས་རབ། དགེ་རྩ་རྣམ་མཁྱེན་དུ་སྟོབ་པའི་བསྔོ་བ་སྟེ་གསུམ་སྦྱོར་ལམ་པ་ལ་བསྐྱེད་པའི་སྒོ་ནས་ཡོངས་སུ་འཛིན་ལ་ཉན་རང་ལ་དེ་ལྟར་མི་འཛིན་པའི་ཕྱིར་ཏེ། དེ་ཡང་སངས་རྒྱས་ལ་ཉེ་རིང་མེད་ཀྱང་། གདུལ་བྱ་རང་གི་རྒྱུད་ཀྱི་ཁྱད་པར་ཡིན་ནོ། ། ༈ བཞི་པ་གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ་བཞི་སྟེ། སྒྲུབ་པའི་རྟེན། དམིགས་པ། ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོའོ། །དང་པོ་ལ་གཉིས། རིགས་ཀྱི་དབྱེ་བ་དང་། དབྱེ་བ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། རྟོགས་པ་ཡི་ནི་སོགས་ནས། རྟེན་ལ་རིགས་ཤེས་བྱ་ཞེས་བསྟན་ཏེ། བརྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་དང་པོར། དྲོད་ལ་སོགས་པ་ངེས་འབྱེད་ཆ་མཐུན་བཞི་དང་། འདས་ལམ་མཐོང་བ་དང་སྒོམ་པའི་ལམ་སྟེ་རྟོགས་པའི་ཆོས་དྲུག་དང་། སྤང་བྱ་སྤོང་བཞིན་པའི་གཉེན་པོར་བར་ཆད་མེད་ལམ་དང་མི་མཐུན་ཕྱོགས་སྤངས་ཟིན་པའི་རྣམ་གྲོལ་ལམ་གཉིས། གཉེན་པོ་དང་མི་མཐུན་ཕྱོགས་ཀྱི་རྣམ་རྟོག་དེ་དག་ཡོངས་སུ་གཏུགས་པ་སྟེ་སྤང་གཉེན་དེ་དག་མི་དམིགས་པར་མངོན་སུམ་དུ་རྟོགས་པ་ཤེས་སྒྲིབ་སྤོང་བའི་སྒྲུབ་པ། དེ་ནས་འཁོར་འདས་ལ་འདོར་ལེན་དུ་ཞེན་ནས་མི་གནས་པའི་མཚན་ཉིད་ཤེས་རབ་དང་སྙིང་རྗེ། སློབ་མ་སྟེ་ཉན་ཐོས་དང་། དེས་མཚོན་པའི་རང་རྒྱལ་སོ་སྐྱེ་རྣམས་དང་། ཐུན་མོང་མ་ཡིན་པའི་ཆོས་ཐབས་ཤེས། གདུལ་བྱ་རང་རང་གི་བསམ་པ་བཞིན་དུ་ཐེག་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་གཞན་དོན་གྱི་གོ་རིམ། གདུལ་བྱའི་འཁོར་བ་ཇི་སྲིད་བར་ཞེན་པའི་མཚན་མ་མེད་ཅིང་འབད་རྩོལ་ལ་མ་ལྟོས་པར་ལྷུན་གྱིས་གྲུབ་པར་གཞན་དོན་ལ་འཇུག་པའི་ཡེ་ཤེས་ཏེ་བཅུ་གསུམ་པོ་དེ་དག་རྟེན་བྱེད་པ་ནི་རིགས་ཡིན་ནོ། །འདིར་ཚོགས་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པས་རིགས་མ་ངེས་པའི་ཕྱིར་མ་བཞག་ཀྱང་། ཕལ་བའི་རིགས་ཚོགས་ལམ་ནས་ཀྱང་ཡོད་དོ། །གཉིས་པ་རིགས་ཀྱི་དབྱེ་བ་ལ་རྩོད་པ་སྤོང་བ་ལ། རྩོད་པ་དང་། ལན་གཉིས་ལས། དང་པོ་ནི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པ་སྟེ། དེ་ལྟར་ཆོས་ཀྱི་དབྱིངས་ཁོ་ན་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ཡིན་ན། ཐེག་པ་གསུམ་གྱི་རིགས་ཐ་དད་དུ་དབྱེར་མི་རུང་བར་འགྱུར་ཏེ། ཐེག་པ་གསུམ་གྱི་གང་ཟག་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པ་ལ་དབྱེར་མེད་པའི་ཕྱིར་ཞེ་ན། གཉིས་པ་ལ་ལན་ནི། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། ཅེས་གསུངས་ཏེ། རྟེན་ཆོས་ཉིད་དུ་འདྲ་ཡང་། བརྟེན་པ་ཐེག་གསུམ་གྱི་རྟོགས་པའི་བྱེ་བྲག་སོ་སོར་ངེས་པའི་ཕྱིར། ཆོས་དབྱིངས་དེ་ཡི་དབྱེ་བ་རིགས་གསུམ་དུ་ཡོངས་སུ་བརྗོད་ནུས་སོ། །ཞེས་པའོ། །གཉིས་པ་སྒྲུབ་པའི་དམིགས་པ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ་སོགས་ནས་ཐུབ་པའི་ཐུན་མོང་མིན་ཞེས་པས་བསྟན། ཐེག་ཆེན་སྒྲུབ་པའི་དམིགས་པ་ནི། ཆོས་རྣམས་ཐམས་ཅད་ཡིན་ཏེ། དེ་ཡང་དང་པོ་ཚུལ་ཁྲིམས་སོགས་དགེ་བ་དང་། སྲོག་གཅོད་སོགས་མི་དགེ་བ་དང་། དེ་ལས་གཞན་ལུང་མ་བསྟན་གསུམ་ལ་བླང་བྱ་དང་དོར་བྱ་དང་། བཏང་སྙོམས་སུ་བྱ་བ་ཡོངས་སུ་དམིགས་སོ། །དེ་ནས་བླང་བྱ་ཉེ་བར་བཟུང་སྟེ། དང་པོ་བླང་བྱ་བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱིས་བསྡུས་པ་འཇིག་རྟེན་པ་དང་། ཕྱིས་བླང་བྱ་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱིས་བསྡུས་པ་ནི་འཇིག་རྟེན་ལས་འདས་པ་ལ་དམིགས། དེ་ནས་འདས་ལམ་དེའི་སྤང་བྱ་གང་ཟག་གི་བདག་གི་གཉེན་པོ་མི་བྱེད་པའི་ཟག་བཅས་དང་། འདས་ལམ་གྱི་ངོ་བོ་གང་ཟག་གི་བདག་གི་གཉེན་པོ་བྱེད་པ་ཟག་མེད་གཉིས་ལ་དམིགས། དེ་ནས་ཟག་མེད་དེའི་དམིགས་པ་འདུས་བྱས་ཀུན་རྫོབ་དང་། འདུས་མ་བྱས་དོན་དམ་པའི་བདེན་པ་གཉིས་ལ་དམིགས། དེ་ནས་འདུས་མ་བྱས་ལ་དམིགས་པའི་འབྲས་བུ་སློབ་མ་ཉན་ཐོས་དང་ཐུན་མོང་བའི་ཡོན་ཏན་རྣམས་དང་། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ལ་དམིགས་སོ། །དེ་ཡང་དང་པོར་དམིགས་པ་གསུམ་དང་། ཕྱིས་དེའི་ནང་ནས་དགེ་བ་བཟུང་སྟེ། དེ་འཇིག་རྟེན་ལས་འདས་མ་འདས་སོགས་ཟུང་བཞི་ཡ་བརྒྱད་དུ་དམིགས་ཏེ་དམིགས་པ་བཅུ་གཅིག་གོ །གསུམ་པ་ཆེད་དུ་བྱ་བ་ནི་སེམས་ཅན་ཀུན་མཆོག་ཉིད་སེམས་དང་སོགས་ནས་འདི་ཤེས་བྱས་ཞེས་བསྟན་ཏེ། སེམས་ཅན་ཀུན་གྱི་མཆོག་སངས་རྒྱས་ཉིད་དུ་བྱེད་པའི་ཆོས་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་སེམས་ཆེན་པོ་དང་། ལྟ་བ་ཐམས་ཅད་སྤོང་བའི་ཕྱིར་ཆོས་སྟོན་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སྤངས་པ་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས་སོགས་ལ་ཞེན་པ་མེད་པ་དང་། ཇི་ལྟ་ཇི་སྙེད་ཐམས་ཅད་རྟོགས་པས་ཡུལ་གང་ལ་ཡང་ཆགས་དང་བྲལ་བའི་རྟོགས་པ་ཆེན་པོ་དང་གསུམ་ནི། རང་བྱུང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ། །བཞི་པ་སྒྲུབ་པ་རང་གི་ངོ་བོ་བཤད་པ་ལ་བཞི་སྟེ། བསམ་པས་གོ་བགོས་བའི་སྒྲུབ་པ་གོ་སྒྲུབ། སྦྱོར་བས་དངོས་སུ་འཇུག་པ་འཇུག་སྒྲུབ། ཞུགས་པ་མཐར་ཕྱིན་པར་བྱེད་པ་ཚོགས་སྒྲུབ། མཐར་ཕྱིན་པའི་སྒྲུབ་པ་ངེས་སྒྲུབ་དང་བཞི་ལས། དང་པོ་ནི། དེ་དག་སོ་སོར་སོགས་ནས་ཇི་བཞིན་བཤད་ཅེས་པ་སྟེ། སྦྱིན་པའི་སྦྱིན་པ་ལ་སོགས་པ་ནང་གསེས་ཀྱི་དབྱེ་བ་དེ་དག་སོ་སོར་སྦྱིན་པ་ལ་སོགས་རྣམ་པ་དྲུག་ཏུ་བསྡུས་པ་ཡི་གོ་ཆའི་སྒྲུབ་པ་དྲུག་པོ་གང་ཡིན་པ་དེ་ཡང་རྒྱས་པར་དྲུག་ཚན་དྲུག་གི་དབྱེ་བས་ཇི་ལྟ་བ་བཞིན་ཡུམ་གྱི་མདོ་ལས་བཤད་དེ། སྦྱིན་པ་ལ་སོགས་པ་དེ་དག་ལ་རང་གནས་ནས་གཞན་ཡང་འགོད་པ་དང་། དགེ་རྩ་སེམས་ཅན་ལ་བསྔོ་བ་སྦྱིན་པ། ཉན་རང་གི་སེམས་སྤངས་པ་ཚུལ་ཁྲིམས། གཤེ་བ་དང་སྡུག་བསྔལ་སོགས་བཟོད་པ་བཟོད་པ། དགེ་བའི་འདུན་པ་དྲག་པོ་བརྩོན་འགྲུས། རྣམ་མཁྱེན་ལ་སེམས་རྩེ་གཅིག་པའི་བསམ་གཏན། འཁོར་གསུམ་མི་རྟོག་པའི་བསྔོ་བ་ཤེས་རབ་སྟེ་དྲུག་པོ་དེ་དག་གི་དབྱེ་བས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། ། གཉིས་པ་འཇུག་སྒྲུབ་ནི། བསམ་གཏན་གཟུགས་མེད་སོགས་ནས་ཤེས་པར་བྱ་ཞེས་པ་སྟེ། དང་པོ་སེམས་འདོད་ཡོན་ལ་གཡེང་བས་ཡོན་ཏན་གང་ཡང་འཐོབ་མི་ནུས་པས། དེ་དམིགས་པ་ལ་བརྟན་པོར་བྱ་བའི་ཕྱིར། བསམ་གཏན་བཞི་དང་གཟུགས་མེད་བཞིའི་ཏིང་ངེ་འཛིན་ལ་འཇུག་ལྡང་བྱེད་ཅིང་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་བར་སྒྲུབ་པ་དང་། དེ་ལྟར་སེམས་བརྟན་པ་དེ་ཚོགས་གཉིས་ལ་སློབ་པས། དེའི་འོག་ཏུ་སྦྱིན་སོགས་ཕྱིན་དྲུག་ལ་འཁོར་གསུམ་དག་པའི་སྒོ་ནས་འཇུག་པ་དང་། ཚོགས་བསགས་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་ལྷག་པར་མོས་པ་སྐྱེ་བའི་ཕྱིར་དེ་རྟོགས་པའི་ལམ་མཐོང་སྒོམ་གཙོ་བོར་གྱུར་པ་ལ་འཇུག་པ་དང་། རང་གིས་ཆོས་ཉིད་མཐོང་བ་དེ་གཞན་དོན་ལ་སྤྲོ་བ་སྐྱེ་བའི་ཕྱིར་ཚད་མེད་པ་བཞི་ལ་ཕྱིན་དྲུག་དང་ལྡན་པར་འཇུག་པ་དང་། དེ་གཞན་དོན་ལ་འཇུག་པའི་འཆིང་བ་མངོན་ཞེན་ཡིན་པས། ཆོས་ཐམས་ཅད་མི་དམིགས་པ་དང་ལྡན་པ་ལ་འཇུག་པ་དང་། མི་དམིགས་པ་དེར་ཇི་ལྟར་འཇུག་ན་འཁོར་གསུམ་རྣམ་པར་དག་པས་སྒྱུ་མའི་སྐྱེས་བུ་བཞིན་དུ་འཇུག་པ་དང་། དེ་ལྟར་སྤྱོད་པ་ནི་མངོན་ཞེན་སྤངས་པ་མཐར་ཐུག་པའི་ཆེན་པོ་གསུམ་རང་གི་ཆེད་དུ་བྱ་བ་ལ་འཇུག་པ་དང་། ཆེད་དུ་བྱ་བ་ལ་བརྩོན་པ་རྣམས་མངོན་ཤེས་དྲུག་ཐོབ་པའི་ཕྱིར་བརྩོན་པས་མངོན་ཤེས་དྲུག་ལ་འཇུག་པ་དང་། མངོན་ཤེས་ཐོབ་པ་རྣམ་མཁྱེན་གྱི་ཡེ་ཤེས་ལ་སྤྲོ་བ་དྲག་པོ་སྐྱེ་བས་རྣམ་མཁྱེན་ལ་འཇུག་པ་སྟེ། འཇུག་སྒྲུབ་དགུ་པོ་དེ་ནི་ཡུལ་ཐེག་ཆེན་དགུ་པོ་དེ་ལ་འཛེགས་པའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །གསུམ་པ་ཚོགས་སྒྲུབ་ལ་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། བརྩེ་དང་སྦྱིན་སོགས་ནས་ཡིན་པར་ཤེས་པར་བྱ་ཞེས་བསྟན་ཏེ། དང་པོ་སེམས་ཅན་གྲངས་མེད་པ་ཐེག་གསུམ་གྱི་མྱང་འདས་ལ་འགོད་འདོད་སྙིང་བརྩེ་བ། སྙིང་རྗེ་དེ་དང་ལྡན་པས་ཐབས་ཕྱིན་དྲུག་གི་བདེ་བ་བཞི་གཞན་ལ་བསྒྲུབ་པ་སྟེ། སྦྱིན་པའི་མོད་ལ་འདོད་པ་རྫོགས་པ་དུས་དེའི་བདེ་བ། ཚུལ་ཁྲིམས་ལ་བཀོད་པས་བདེ་འགྲོའི་ལུས་འཛིན་པ་མ་འོངས་པའི་བདེ་བ། བཟོད་བརྩོན་བསམ་གསུམ་གྱིས་འབྲས་བུ་རྒྱུ་དང་མཐུན་པ་འགྲུབ་པས་གཅིག་ཏུ་ངེས་པའི་བདེ་བ་དང་། ཤེས་རབ་ལ་བཀོད་པས་འཁོར་བར་གཏན་དུ་མི་ལྡོག་པའི་ངེས་ལེགས་འཐོབ་པ་གཏན་དུ་བའི་བདེ་བ་སྒྲུབ་པ་སྟེ། ཕྱིན་དྲུག་གི་ཚོགས་སྒྲུབ་པ་དྲུག་ཐབས་ཕྱིན་དྲུག་དང་ལྡན་པ་དེ་ལ་ཏིང་ངེ་འཛིན་སྐྱེ་བས་གཞན་དོན་ལ་རྩེ་གཅིག་པ་ཞི་གནས། དེ་ཐོབ་པ་ལ་ལྷག་མཐོང་སྐྱེ་བས་ཞི་གནས་ཀྱི་ཡུལ་མི་དམིགས་པར་རྟོགས་པ་ལྷག་མཐོང་། དེ་ལྟ་བུའི་སྟོང་ཉིད་ལ་དམིགས་པ་ཐེག་དམན་དུ་ལྟུང་སྲིད་པ་ཐབས་དང་ཤེས་རབ་ཀྱིས་སྲིད་ཞིའི་མཐར་མི་ལྟུང་བའི་ཟུང་འབྲེལ། དེ་དང་ལྡན་པ་རྣམ་མཁྱེན་ཡིད་བྱེད་ཀྱིས་གཞན་དོན་བྱེད་པའི་ཐབས་མཁས། དེ་ཤེས་པ་སྟོང་ཉིད་ལ་སློབ་པ་ཡེ་ཤེས་ཀྱི་ཚོགས། དེ་ལ་གོམས་པ་ཡང་དག་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱིས་གཞན་དོན་བྱེད་པ་ལས་བསོད་ནམས་འབྱུང་བ་བསོད་ནམས་ཀྱི་ཚོགས། ཚོགས་གཉིས་ལ་གོམས་པས་བྱང་ཕྱོགས་སོ་བདུན་ལ་འབད་པས་སྦྱོར་མཐོང་སྒོམ་གསུམ་གཙོ་བོར་གྱུར་པའི་ལམ་རྒྱུད་ལ་སྐྱེ་བ་ལམ་གྱི་ཚོགས། ལམ་དང་ལྡན་པ་ནི་བསྐལ་པ་དུ་མར་ཆོས་སྟོན་པའི་རྒྱུའི་དྲན་པ་གཏུགས་པ་མེད་པའི་གཟུངས་ཐོབ་པར་འགྱུར་པ་གཟུངས་ཀྱི་ཚོགས། གཟུངས་ཐོབ་པའི་རྟོགས་པའི་གནས་སྐབས་ནི་ཡོན་ཏན་ཕྱི་མ་ཕྱི་མའི་རྟེན་བྱེད་པ་སའི་ཚོགས། ས་རང་རང་གི་སྤང་བྱ་སྤོང་བའི་གནས་སྐབས་ཀྱི་དབྱེ་བས་གཉེན་པོའི་ཚོགས་དང་བཅུ་བདུན་པོ་དེ་ནི་ཚོགས་ཀྱི་སྒྲུབ་པ་ཞེས་བྱ་སྟེ། དེ་ཡང་སཾ་བྷ་ར་ཞེས་བྱ་བ་ཚོགས་ཏེ་སཾ་ནི་ཡང་དག་འགྲུབ་པ། བྷ་ནི་ངོ་བོ། ར་ནི་འཛིན་པ་སྟེ། བྱང་ཆེན་ཡང་དག་པ་འགྲུབ་བྱེད་ཀྱི་ངོ་བོ། །ཐེག་ཆེན་མ་ལུས་བདེན་གཉིས་ཀྱིས་སྒྲུབ་པའི་སྒོ་ནས་འཛིན་པས་ན་ཚོགས་ཀྱི་སྒྲུབ་པ་སྟེ་གྲངས་ཀྱི་རིམ་པ་བཅུ་བདུན་པོ་འདི་དག་ཡིན་པར་ཤེས་པར་བྱའོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། སའི་ཚོགས་དང་། གཉེན་པོའི་ཚོགས་གཉིས། དང་པོ་ལ་དགུ་ལས། ས་དང་པོའི་ཡོངས་སྦྱོང་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། སོགས་ནས་ཤེས་པར་བྱ་ཞེས་པ་སྟེ། ས་གང་ཡིན་པ་དེ་ཐོབ་ཟིན་ཁྱད་པར་དུ་བྱེད་ཅིང་། ས་དེའི་ཡོན་ཏན་གྱི་ཆ་བསྐྱེད་པ་དང་། སྐྱོན་གྱི་ཆ་བསལ་བའི་སྒོ་ནས་ས་དེ་ཡོངས་སུ་སྦྱོང་བ་ཡིན་པས་ཡོངས་སྦྱོང་དང་པོ་འདི་བཅུ་སྦྱོང་བའི་སྐབས་ན་ནི་ས་དང་པོ་ཐོབ་པ་ཡིན་པར་འགྱུར་ཏེ། བཅུ་པོ་དེ་དག་གང་ཞེ་ན་རང་དོན་ལྷུར་ལེན་ཉན་རང་གི་བློ་དང་མ་འདྲེས་པའི་ལྷག་བསམ་དང་། རང་གཞན་ལ་ཕན་པའི་དངོས་པོ་རྣམ་མཁྱེན་གྱི་རྒྱུར་ཐེག་ཆེན་གྱི་ཆོས་འཛིན་པ་དང་། སེམས་ཅན་ཐམས་ཅད་ལ་ཚད་མེད་བཞིའི་སྒོ་ནས་སེམས་མཉམ་པ་དང་། འཁོར་གསུམ་མི་རྟོག་པས་བདོག་པ་ཐམས་ཅད་གཏོང་བ་དང་། རྣམ་མཁྱེན་དུ་བསྐུལ་བའི་བཤེས་གཉེན་མགུ་བར་བྱེད་པ་དང་། ཐེག་གསུམ་དུ་གཏོགས་པའི་དམ་ཆོས་ཀྱི་དམིགས་པ་ཚོལ་ཞིང་ཉན་རང་གི་སར་མི་ལྟུང་བ་དང་། རྟག་ཏུ་ཁྱིམ་ནས་ངེས་པར་འབྱུང་བའི་སེམས་ཉིད་དང་ལྡན་པས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དང་། རྟག་ཏུ་སངས་རྒྱས་ཀྱི་སྐུ་སྒྲུབ་པར་འདོད་ཅིང་མཐོང་ན་དགའ་བས་ཡིད་ལ་བྱེད་པ་དང་། ཐོག་མཐའ་བར་དུ་དགེ་བའི་དམ་པའི་ཆོས་སྟོན་པ་དང། དམ་བཅས་པ་ལྟར་གཞན་མི་བསླུ་བའི་བདེན་པར་སྨྲ་བ་སྟེ། བཅུ་པོ་འདི་དག་གིས་ནི་སྦྱང་བྱ་དེ་དག་ཐམས་ཅད་བདེན་པའི་རང་བཞིན་ཅིར་ཡང་མི་དམིགས་པར་རྟོགས་པས་ཡོངས་སུ་སྦྱོང་བར་བྱེད་པ་ཤེས་པར་བྱའོ། ། ༈ བླ་མ་ལ་ཕྱག་འཚལ་ལོ། །ས་གཉིས་པའི་ཡོངས་སྦྱོང་ནི། ཚུལ་ཁྲིམས་སོགས་ནས་སོགས་ལ་བརྩོན་ཞེས་བསྟན་ཏེ། ཉན་རང་གི་ཡིད་བྱེད་དང་བྲལ་བའི་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་དག་པ་དང་། གཞན་གྱིས་ཕན་བཏགས་པ་ལ་བྱས་པ་གཟོ་བ་དང་། གནོད་པ་བྱེད་པ་བཟོད་ཅིང་སེམས་ཅན་ལ་གནོད་སེམས་སྤང་པ་དང་། སེམས་ཅན་ཐེག་གསུམ་ལ་འགོད་པ་ལ་མི་འགྱོད་ཅིང་རབ་ཏུ་དགའ་བ་དང་། སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་མང་གི་སྡུག་བསྔལ་ལ་མི་སྐྱོ་བའི་སྙིང་བརྩེ་ཆེ་བ་དང་། བཀུར་བར་འོས་པ་རྣམས་ལ་ང་རྒྱལ་བཅག་པའི་སྒོ་ནས་འདུད་ཅིང་བཀུར་སྟི་བྱེད་པ་དང་། དགེ་བའི་བཤེས་གཉེན་ལ་སྟོན་པར་ཤེས་ནས་དེས་བསྟན་པ་ལ་གུས་པར་ཉན་པ་དང་། གཞན་དོན་དུ་ཕྱིན་དྲུག་སྒྲུབ་པ་ལ་སྤྲོ་བ་དང་བརྒྱད་དོ། །ས་གསུམ་པའི་ཡོངས་སྦྱོང་ནི། ཐོས་པས་ཞེས་སོགས་ནས་དེ་རྣམ་ལྔ་ཞེས་པ་སྟེ། ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ལ་ཆོས་ཉན་ཅིང་ཐོས་པས་མི་ངོམས་པ་དང་། རྙེད་པ་ཀུན་གྱི་ཟང་ཟིང་ལ་མི་ལྟ་བར་ཆོས་སྟོན་ཅིང་འབྲས་བུ་བྱང་ཆུབ་ལ་ཡང་རེ་བ་མེད་པ་དང་། ཞིང་དག་བྱེད་ཀྱི་དགེ་རྩ་རྣམས་ཞིང་དག་པའི་རྒྱུར་བསྔོ་བ་སངས་རྒྱས་ཀྱི་ཞིང་ཀུན་སྦྱོང་བ་དང་། ཕན་ལན་དུ་གནོད་པ་བྱས་ཀྱང་སྒྱིད་མི་ལུག་པས་འཁོར་བས་ཡོངས་སུ་མི་སྐྱོ་བ་དང་། རང་ལ་ལྟོས་ནས་ངོ་ཚ་བ་དང་། གཞན་ལ་ལྟོས་ཏེ་ཁྲེལ་ཡོད་པའི་སྒོ་ནས་ཉན་རང་གི་ཡིད་བྱེད་མི་བསྐྱེད་པ་དང་ལྔ་པོ་དེ་ལ་མཆོག་འཛིན་དང་རློམ་སེམས་མེད་པའོ། །བཞི་པའི་ཡོངས་སྦྱོང་ནི། ནགས་གནས་སོགས་ནས་ལྟ་བ་མེད་ཅེས་བསྟན་ཏེ། ཕྱིའི་དབེན་པ་གྲོང་ལས་རྒྱང་གྲགས་ཀྱིས་རིང་བ་དང་། ནང་གི་དབེན་པ་ཐེག་དམན་ཡིད་བྱེད་དང་བྲལ་བའི་ནགས་ན་གནས་པ་དང་། ངན་ཉུང་རྙེད་ཀྱང་ཡིད་མི་བདེ་བ་མེད་པ་འདོད་པ་ཆུང་བ་དང་། བཟང་མང་རྙེད་ཀྱང་དེས་མི་ཚིམ་པ་མེད་པ་ཆོག་ཤེས་པ་དང་། བྱང་ཆུབ་ལ་འདོད་པ་མི་སྐྱེད་པའི་འདོད་ཆུང་དང་། རྣམ་མཁྱེན་ཐོབ་ཀྱང་རློམ་པ་མེད་པའི་ཆོག་ཤེས་དང་། ཐུན་མོང་སྦྱངས་ཡོན་བཅུ་གཉིས་ཀྱིས་ཡང་དག་པར་སྡོམ་པ་བརྟེན་པ་དང་། ཐུན་མོང་མ་ཡིན་པ་སྤྲོས་བྲལ་ཟབ་མོའི་དོན་ལ་མི་སྐྲག་པའི་སྦྱངས་ཡོན་བརྟེན་པ་དང་། རང་གི་བསླབ་པའི་སྡོམ་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ཞིང་མཚན་མར་མི་འཛིན་པ་དང་། འདོད་ཡོན་ལ་ཉེས་དམིགས་སུ་ལྟ་བས་སྨོད་པ་དང་། གདུལ་བྱ་རྣམས་རྣམ་བྱང་མྱང་འདས་ལ་འགོད་པར་བྱེད་པ་དང་། ལུས་སོགས་མཚན་མར་མི་འཛིན་པས་བདོག་པ་ཀུན་གཏོང་བ་དང་། དགེ་ཆོས་སྒྲུབ་པ་ལ་མི་ཞུམ་ཞིང་མ་ཞེན་པ་དང་། དངོས་པོ་ཐམས་ཅད་ལ་མཚན་མར་ལྟ་བ་མེད་པ་དང་བཅུའོ། །ལྔ་པའི་ཡོངས་སྦྱོང་ནི། འདྲིས་དང་ཁྱིམ་སོགས་ནས་ཡང་དག་འཐོབ་ཅེས་བསྟན་ཏེ། རྙེད་བཀུར་གྱི་དོན་དུ་རབ་བྱུང་དང་ཁྱིམ་པ་ལ་འདྲིས་བཤེས་མི་བྱེད་པ་དང་། གཞན་གྱི་རྙེད་པ་ལ་རྟོག་ནས་སྦྱིན་བདག་གི་ཁྱིམ་ལ་འཁྲེན་པ་མེད་པ་དང་། ཕྱིའི་འདུ་འཛི་སྐྱེ་བོ་མང་པོ་དང་། ནང་གི་འདུ་འཛི་ཉན་རང་གི་ཡིད་བྱེད་སྐྱེ་བའི་གནས་སྤང་བ་དང་། བདག་གི་ཡོན་ཏན་བརྗོད་པས་བསྟོད་པ་དང་། གཞན་གྱི་སྐྱོན་བརྗོད་ནས་སྨོད་པ་དང་། མི་དགེ་བའི་ལས་ཀྱི་ལམ་བཅུས་ནི་བདེ་འགྲོ་ལ་ཡང་སྒྲིབ་ན་འཕགས་ལམ་ལ་སྨོས་ཅི་དགོས་ཞེས་ཉེས་པ་རིག་པ་དང་། ཐོས་དང་ཚུལ་ཁྲིམས་སོགས་ཀྱི་རློམ་པས་ཁེངས་ནས་གཞན་ལ་མི་འདུད་པ་མེད་པ་དང་། དགེ་མི་དགེའི་བླང་དོར་གོ་ལྡོག་པའམ། བདེན་དངོས་སུ་ཞེན་པའི་ཕྱིན་ཅི་ལོག་མེད་པ་དང་། ལོག་ལྟ་སོགས་བློ་གྲོས་ངན་པ་སྤངས་པ་དང་། ཉོན་མོངས་པ་རྣམས་ལ་སེམས་བག་ཡངས་སུ་གཏོང་བས་བཟོད་པར་མི་བྱེད་པ་དང་བཅུའོ། །དྲུག་པའི་ཡོངས་སྦྱོང་ནི། སྦྱིན་དང་སོགས་ནས་ཡང་དག་འཐོབ་ཅེས་པས་བསྟན་ཏེ། རང་གི་བདོག་པ་ཐམས་ཅད་གཞན་དོན་དུ་གཏོང་བའི་སྦྱིན་པ་རྫོགས་པས་སློབ་མ་ཉན་ཐོས་ཀྱི་ལམ་ལ་དགའ་བ་སྤངས་པ་དང་ནི། རང་དོན་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས་རྫོགས་པས་བསྭེ་རུ་རང་རྒྱལ་ལ་དགའ་བ་སྤངས་པ་དང་། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་རྫོགས་པས་ངོ་བོ་ཉིད་མེད་པར་སྐྲག་པའི་སེམས་སྤངས་པ་དང་། གཏོང་བ་ལ་སྤྲོ་བའི་བརྩོན་འགྲུས་རྫོགས་པས་སློང་བ་པོས་སློང་ན་མི་ཞུམ་པ་དང་། གཏོང་སེམས་ལ་རྩེ་གཅིག་པའི་བསམ་གཏན་རྫོགས་པས་བདོག་པ་ཐམས་ཅད་ཀུན་བཏང་ཡང་མི་དགའ་བ་མེད་པ་དང་། སྦྱིན་པའི་ཕན་ཡོན་རྟོགས་པའི་ཤེས་རབ་རབ་ཏུ་རྫོགས་པས་རང་ཉིད་དབུལ་ཡང་སློང་བའི་སྐྱེ་བོ་མི་འདོར་བ་དང་བཅུ་གཉིས་སོ། །བདུན་པའི་ཡོངས་སྦྱོང་ནི། གཉེན་པོ་དང་སྤང་བྱ་གཉིས་ཏེ། བདག་དང་སོགས་ནས་ཉི་ཤུའོ་ཞེས་པས་བསྟན། དེ་ཡང་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ཤེས་པས་བདག་ཏུ་འཛིན་པ་སྤངས་པ་དང་། ཆོས་རྣམས་ཀྱི་མཚན་མ་གང་ཡང་ཡིད་ལ་མི་བྱེད་པས་འདི་ནི་སྐྱེས་པའོ་བུད་མེད་དོ་སྙམ་དུ་སེམས་ཅན་དུ་འཛིན་པ་སྤངས་པ་དང་། ཁམས་གསུམ་ལ་སྲེད་པའི་སྨོན་པ་མེད་པས་ཁམས་གསུམ་དུ་གནས་བྱེད་སྲོག་ཏུ་འཛིན་པ་སྤངས་བ་དང་། འཁོར་གསུམ་རྣམ་པར་དག་པས་དགེ་བ་བཅུའི་ལས་ལམ་གྱི་འདོར་ལེན་བྱེད་པ་པོའི་གང་ཟག་ཏུ་འཛིན་པ་སྤངས། སེམས་ཅན་སྡུག་བསྔལ་ཅན་རྣམས་ཚེ་རབས་ཐམས་ཅད་དུ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེས་སེམས་ཅན་ཚེ་འཕོས་ནས་རྒྱུན་ཆད་པར་འདོད་པ་སྤངས། ཆོས་ཐམས་ཅད་བདེན་པའི་དངོས་པོར་རློམ་པ་མེད་པས་རང་བཞིན་ནམ་ཡང་མི་དོར་བར་གྲུབ་པའི་རྟག་འཛིན་སྤངས་པ་དང་། སྲིད་ཞི་མཉམ་ཉིད་དུ་རྟོགས་པས་བླང་དོར་གྱི་མཚན་མ་སྤངས། མཐར་ཐུག་ཐེག་ཆེན་གྱི་རིགས་སུ་ཚུལ་གཅིག་པར་རྟོགས་པས་རྒྱུ་རིགས་གསུམ་དུ་འཛིན་པ་སྤངས་པ་དང་། མིང་གཟུགས་གདོད་ནས་མི་སྐྱེ་བར་ཤེས་པས་ཕུང་པོ་སྐྱེ་བར་འཛིན་པ་སྤངས་པ་དང་། ཁམས་ཀྱི་རང་བཞིན་སྤྲོས་བྲལ་ལ་མི་སྐྲག་པའི་བཟོད་པ་ཤེས་པས་ཁམས་བཅོ་བརྒྱད་དུ་འཛིན་པ་སྤངས་པ་དང་། ཤེས་བྱའི་ཆོས་རྣམས་གཟུང་འཛིན་གཉིས་མེད་ཀྱི་རྣམ་པ་གཅིག་ཏུ་སྟོན་པས་སྐྱེ་མཆེད་དག་ལ་ཕྱི་ནང་དུ་འཛིན་པ་སྤངས་པ་དང་ནི། གཟུང་འཛིན་དུ་མངོན་པར་ཞེན་པའི་རྟོག་པ་ཐམས་ཅད་ཀུན་ཏུ་འཇོམས་པས་ཁམས་གསུམ་པོ་ལ་གནས་པ་དང་ཡང་དག་མ་ཡིན་པའི་ཀུན་རྟོག་ལ་བདེན་འཛིན་སྤངས། མཚན་མར་འཛིན་པའི་འདུ་ཤེས་འཇིག་ལྟ་སོགས་ལྟ་ལོག་ཆགས་སོགས་ཉོན་མོངས་པ་གསུམ་སྤངས་པས་ཁམས་གསུམ་ལ་བླང་དོར་དུ་ཆགས་པ་སྤངས། གཞན་དོན་དུ་རྣམ་མཁྱེན་ལ་སེམས་རྩེ་གཅིག་པའི་ཞི་གནས་སྒོམ་པས་ནི་རྣམ་མཁྱེན་ཐོབ་པར་མི་ནུས་པའི་སེམས་ནི་ཀུན་ཏུ་ཞུམ་སྤངས་པ་དང་། སངས་རྒྱས་ཀྱི་སྐུ་སྒྱུ་མ་ལྟར་རྟོགས་པའི་ཤེས་རབ་དང་། ཐབས་སྙིང་རྗེ་གོམས་པའི་ལྷག་མཐོང་ལ་མཁས་པས་ནི་སངས་རྒྱས་ལ་ལྟ་བའི་མངོན་ཞེན་སྤངས། ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམས་པས་ཉེར་ཞི་ཐོབ་པའི་སེམས་དུལ་བས་ནི་ཆོས་སུ་ལྟ་བ་སྤངས། བདེན་གཉིས་ཀྱི་སྒོ་ནས་གཟུགས་སོགས་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་དགེ་འདུན་ལ་སྟེ་དཀོན་མཆོག་གསུམ་ལ་མངོན་ཞེན་གྱིས་ལྟ་བ་སྤངས་པ་དང་། ཆོས་གང་ཡང་མངོན་པར་ཞེན་བྱའི་གནས་ཆགས་པའི་ས་མིན་པར་རྟོགས་པའི་ཡེ་ཤེས་ཀྱིས་ཚུལ་ཁྲིམས་ལ་དེར་ལྟ་བའི་མངོན་ཞེན་སྤངས་པ་དང་། རང་གར་འདོད་པའི་སངས་རྒྱས་ཀྱི་ཞིང་གཞན་ཐམས་ཅད་དུ་མཉམ་པར་འགྲོ་བས་ནི་སྟོང་པ་ཉིད་ལ་རྩོད་པ་སྟེ་ཐེ་ཚོམ་ཟ་བ་སྤངས་པ་དང་། མངོན་ཞེན་ཅན་རྣམས་བསྒྲལ་བའི་ཕྱིར་གདུལ་བྱའི་བློ་དང་མཐུན་པར་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་བདག་གི་ངོ་བོ་སྟོན་པས་ནི་སྟོང་ཉིད་ཀྱི་མཚན་ཉིད་དང་འགལ་བའི་ལུས་ལ་དབང་སྒྱུར་མི་ནུས་པའི་ཉེས་པ་སྤངས་པ་སྟེ། དེ་ལྟར་ཉེས་པ་ཉི་ཤུ་གང་ལ་རྣམ་པར་ཆད་པ་དང་། ཡོན་ཏན་ཉི་ཤུ་རྫོགས་པ་ནི་ས་བདུན་པའི་ཡོངས་སྦྱོང་ཡིན་ནོ། །ས་བརྒྱད་པའི་ཡོངས་སྦྱོང་ནི། སེམས་ཅན་ཀུན་ཡིད་སོགས་ནས་བརྒྱད་བཤད་ཅེས་པས་བསྟན་ཏེ། སེམས་གཅིག་གིས་སེམས་ཅན་ཀུན་གྱི་ཡིད་ཀྱི་སྤྱོད་པ་བཟང་ངན་རྣམས་ཤེས་པ་དང་། སངས་རྒྱས་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བལྟ་ཕྱིར་མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱིས་རྩེ་བ་དང་། སངས་རྒྱས་ཀྱི་ཞིང་སྣོད་ཀྱི་འཇིག་རྟེན་བཟང་པོར་སྦྱངས་ཤིང་སྒྲུབ་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་གཏོང་ཞིང་རློམ་པ་མེད་པ་དང་། དམ་པའི་ཆོས་ཡོངས་སུ་བརྟག་པར་བྱ་བའི་ཕྱིར་སངས་རྒྱས་བསྟེན་པ་དང་། ལྷའི་མིག་བསྐྱེད་པའི་སྒོ་ནས་སེམས་ཅན་གྱི་དབང་པོ་ཤེས་པ་དང་། བརྟེན་པ་བཅུད་ཀྱི་རྒྱལ་བ་ཡི་ཞིང་སེམས་ཅན་གྱི་རྒྱུད་མི་དམིགས་པའི་ཚུལ་གྱིས་སྦྱོང་བ་དང་། མཉམ་རྗེས་ཐམས་ཅད་དུ་སྒྱུ་མ་ལྟར་གྱི་ཏིང་ངེ་འཛིན་ལ་གནས་པ་དང་། གཞན་དོན་དུ་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པ་དང་བརྒྱད་དོ། །དགུ་པའི་ཡོངས་སྦྱོང་ནི། སྨོན་ལམ་སོགས་ནས་ཚོགས་པ་ཡིན་ཞེས་པས་བསྟན་ཏེ། ཇི་ལྟར་སྨོན་ལམ་དག་ནི་མཐའ་ཡས་པར་འགྲུབ་པ་དང་། ལྷ་དང་ཀླུ་ལ་སོགས་པའི་སྐབས་ཐམས་ཅད་ཤེས་པ་དང་། སྤོབས་པ་ཆུ་བོ་ལྟར་ཟད་མི་ཤེས་པ་དང་། སྒྱུ་འཕྲུལ་གྱི་ལྷུམས་སུ་ཞུགས་པ་ལྟ་བུ་མངལ་དུ་འཇུག་པ་མཆོག་དང་ནི། རྒྱལ་པོ་དང་བྲམ་ཟེར་གནས་པའི་རིགས་ཕུན་སུམ་ཚོགས་པ་དང་། ཉི་མ་སོགས་རུས་ཕུན་སུམ་ཚོགས་པ་དང་། ཕ་མས་བདུན་བརྒྱུད་ཚུན་གྱི་ཆོ་འབྲང་ཕུན་སུམ་ཚོགས་པ་དང་། ཇི་ལྟར་བསྒོ་བ་ཉན་པའི་འཁོར་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་གྱི་ཁམས་སྣང་བས་འགེང་ཞིང་ལྷ་རྣམས་ཀྱིས་བཀུར་བ་སོགས་སྐྱེ་བ་ཕུན་སུམ་ཚོགས་པ་དག་དང་ནི། གནས་གཙང་མའི་ལྷས་བསྐུལ་ཏེ་ལྷའི་འཁོར་མང་པོ་དང་ལྷན་དུ་འབྱུང་ཞིང་། དེ་དག་ཐེག་གསུམ་ལ་འགོད་པ་སོགས་ངེས་འབྱུང་ཕུན་སུམ་ཚོགས་པ་དང་། རྩ་བ་གསེར་སྡོང་པོ་བེཻ་ཌཱུརྱ། ཡལ་ག་རིན་ཆེན་སྣ་བདུན། མེ་ཏོག་རིན་པོ་ཆེ་ཐམས་ཅད་ལས་གྲུབ་པའི་དགོས་འདོད་ཐམས་ཅད་འབྱུང་བའི་ཤིང་ཨ་ཤྭཏྠ་སོགས་བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་རྣམས་དང་། རྟེན་སངས་རྒྱས་དང་བརྟེན་པ་སྟོབས་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་བཅུ་གཉིས་ཡིན་ནོ། །དེ་ལྟར་ཡོངས་སྦྱོང་གི་སྒོ་ནས་ས་གོང་མར་བགྲོད་ཚུལ་ཏེ་རིམ་གྱིས་ས་དང་པོ་དགུ་བཞག་ནས། ས་འོག་མའི་ཡོན་ཏན་ཡར་ལྡན་དུ་འདུ་ཚུལ་གྱིས། ས་བཅུ་བའི་གནས་ཚུལ་འཆད་པ་ནི། ས་དགུ་འདས་ནས་སོགས་ནས་ཤེས་པར་བྱ་ཞེས་བསྟན་ཏེ། ཉན་རང་གི་རིགས་ཅན་ཚོགས་སྦྱོར་དུ་གནས་པ་རིགས་ཀྱི་ས། རྒྱུན་ཞུགས་ཞུགས་པ་བརྒྱད་པའི་ས། རྒྱུན་ཞུགས་འབྲས་གནས་མཐོང་བའི་ས། ཕྱིར་འོང་འབྲས་གནས་བསྲབ་པའི་ས། ཕྱིར་མི་འོང་འབྲས་གནས་འདོད་ཆགས་དང་བྲལ་བའི་ས། དགྲ་བཅོམ་པ་བྱས་པ་རྟོགས་པའི་ས། ཞུགས་པ་ཕྱི་མ་གསུམ་ཉན་ཐོས་ཀྱི་ས། རང་རྒྱལ་གྱི་རྟོགས་པ་རང་སངས་རྒྱས་ཀྱི་ས། བྱང་སེམས་ཀྱི་ས་དགུ་པོ་བྱང་ཆུབ་སེམས་དཔའི་ས་སྟེ། དེ་ལྟར་ས་དགུ་འདས་པ་སྟེ། དེ་རྣམས་ཀྱི་སྤང་རྟོགས་ཡར་ལྡན་དུ་རྫོགས་ནས་སངས་རྒྱས་ཀྱི་ས་བཅུ་པ་དེ་ལ་སྨོན་ལམ་ཤེས་པ་དང་། ལས་ལ་དབང་བའི་རྟེན་ལ་སོགས་པ་ཡེ་ཤེས་གང་གིས་སངས་རྒྱས་ཀྱི་སར་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱའོ། ། གཉིས་པ་གཉེན་པོའི་ཚོགས་སྟོན་པ་ནི། མཐོང་དང་སྒོམ་པའི་ལམ་སོགས་ནས་བརྒྱད་ཅེས་བྱ་ཞེས་བསྟན་ཏེ། དངོས་པོ་ཙམ་དང་། གཉེན་པོ་ལ་བརྟེན་པའི་གཟུང་བའི་རྣམ་རྟོག་གཉིས་དང་། གང་ཟག་རྫས་སུ་ཡོད་པ་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པའི་རྣམ་རྟོག་གཉིས་པོ་སྟེ་བཞི་པོར། མཐོང་ལམ་གྱི་སྤང་བྱར་གྱུར་བ་ཀུན་བཏགས་ཀྱི་ཆ་དང་། སྒོམ་ལམ་གྱི་སྤང་བྱར་གྱུར་པ་ལྷན་སྐྱེས་ཀྱི་ཆ་དང་གཉིས་རེ་སྟེ་བརྒྱད་པོ་དེ་དག་སྤོང་བའི་གཉེན་པོ་ནི་གང་ཡང་མཚན་ཉིད་མེད་པའི་ཆོས་རྣམས་ལ་གཟུང་བའི་དངོས་པོར་མི་དམིགས་པ་དང་། ཕར་ཕྱིན་ནས་མ་འདྲེས་པའི་བར་གྱི་རྣམ་བྱང་ལ་གཟུང་བྱའི་དངོས་པོར་མི་དམིགས་པ་དང་། དགྲ་བཅོམ་རང་རྒྱལ་བྱང་སེམས་ལ་སོགས་པ་གང་ཟག་གི་རྫས་སུ་མི་དམིགས་པ་དང་། མིང་མཚན་མ་བརྡ་ཐ་སྙད་སོགས་བཏགས་པའི་གཞི་ལ་བཏགས་པར་མི་དམིགས་པ་མཐོང་སྤང་རྣམ་རྟོག་གི་གཉེན་པོ་བཞི་དང་། ཆོས་ཐམས་ཅད་གནས་པ་དང་མི་གནས་པ་མེད་པས་མི་དམིགས་པ་དང་། གང་ངེས་པར་འབྱུང་བ་དང་། གང་གིས་ངེས་པར་འབྱུང་བ་མི་དམིགས་པ་དང་། རྒྱུན་ཞུགས་སོགས་གང་ཟག་གི་རྫས་མི་དམིགས་པ་དང་། གང་ཟག་དེ་དག་གི་གདགས་གཞི་མི་དམིགས་པ་སྟེ། སྒོམ་སྤང་རྣམ་རྟོག་གི་གཉེན་པོ་བརྒྱད་ཅེས་བྱའོ། །བཞི་པ་ངེས་འབྱུང་སྒྲུབ་པ་ནི། ཆེད་དུ་བྱ་དང་སོགས་ནས་ཡིན་ཤེས་བྱ་ཞེས་པ་སྟེ། ཆོས་ཐམས་ཅད་ཅིར་ཡང་མི་དམིགས་པར་རྟོགས་པ་ཉིད་ཀྱིས་ངེས་པར་འབྱུང་བའི་སྒྲུབ་པ་བརྒྱད་དེ། ཆེད་དུ་བྱ་བ་སྔར་བཤད་པ་དང་གསུམ་དང་། ཤེས་རབ་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟར་མཉམ་པ་ཉིད་དུ་རྟོགས་པ་དང་། སྙིང་རྗེས་སེམས་ཅན་གྱི་དོན་མཐའ་ཡས་པར་བྱེད་པ་དང་། དེ་གཉིས་ཟུང་དུ་འབྲེལ་ནས་འབད་རྩོལ་མེད་པར་གཞན་དོན་ལྷུན་གྱིས་གྲུབ་པ་དང་། ཟུང་འཇུག་གི་ལམ་དེས་འཁོར་འདས་ཀྱི་མཐའ་ལས་འདས་པ་མི་གནས་པའི་མྱང་འདས་དང་། དེས་ཐེག་པ་གསུམ་གྱི་སྤང་རྟོགས་ཀྱི་རིགས་ཐམས་ཅད་ཐོབ་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་དང་། རྣམ་མཁྱེན་དེའི་དངོས་རྒྱུ་ཁྱད་པར་གྱི་ལམ་བར་ཆད་མེད་པའི་རྩེ་མོ་སྟེ། ངེས་པར་འབྱུང་བ་མཐར་ཐུག་མི་སློབ་ལམ་ན་བདུན་དང་། སློབ་ལམ་ན་གཅིག་སྟེ་བརྒྱད་དུ་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ནོ། །སྒྲུབ་པ་བཞི་པོ་དེ་དག་གི་ས་མཚམས་ནི། གོ་སྒྲུབ་ཚོགས་ལམ་ནས། འཇུག་སྒྲུབ་དྲོད་ནས། ཚོགས་སྒྲུབ་དང་པོ་བཅོ་ལྔ་ཆོས་མཆོག་ནས། ས་དང་གཉེན་པོའི་ཚོགས་ས་བཅུར། ངེས་འབྱུང་སྒྲུབ་པ་ས་བཅུའི་ཁྱད་པར་ལམ་ལ་ཡོད་དེ། སྒྲུབ་པ་གོང་མ་གསུམ་ཡང་དང་པོའི་ས་མཚམས་ནས་རྒྱུན་མཐའི་བར་དུ་ཡོད་དོ། །དེ་ལྟར་སེམས་བསྐྱེད་པ་ནས་ངེས་འབྱུང་སྒྲུབ་པའི་བར་མཚོན་བྱེད་ཀྱི་ཆོས་བཅུ་པོ་དེས་ཡུལ་ལམ་རྒྱུའི་སྒོ་ནས་མཚོན་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཏེ་དང་པོའི་འགྲེལ་པའོ། ། ༈ གཉིས་པ་ཐོབ་བྱེད་ལམ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། ལམ་གྱི་ཡན་ལག་དང་། ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ་ནི་ལྷ་རྣམས་རུང་བར་སོགས་ནས། དེ་ཡི་ལས་ཞེས་བསྟན་ཏེ། ལམ་ཤེས་སྐྱེ་བའི་རྟེན། བརྟེན་པ་ལམ་ཤེས་ཀྱི་ཁྱད་པར་གཉིས་ལས། དང་པོ་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་ལ་སོགས་པའི་རྣམ་སྨིན་གྱི་འོད་ཟིལ་གྱིས་མནན་ནས་མོག་མོག་པོར་བྱས་པས་ལམ་ཤེས་རྒྱུད་ལ་སྐྱེ་རུང་གི་རྟེན་དུ་བྱས་པ་སྟེ། ལྷ་རྣམས་ལ་གཟུགས་མཛེས་པ་དང་འོད་དང་ལྡན་པ་ལ་སོགས་པའི་ང་རྒྱལ་ཡོད་པ་དེ་བཅོམ་ནས། ལམ་ཤེས་ཀྱི་སྣོད་དུ་བསྒྲུབས་པས། རྗེས་འཇུག་རྣམས་ཀྱང་ང་རྒྱལ་དང་ཞུམ་པ་སོགས་སྤངས་པའི་རྒྱུད་ལ་ལམ་ཤེས་སྐྱེ་བར་བསྟན། གཉིས་པ་བརྟེན་པ་ལམ་ཤེས་ཀྱི་ཁྱབ་པ་ལའང་། སྐྱེ་ཚུལ། ངོ་བོ། བྱེད་ལས་གསུམ་ལས། དང་པོ་གནས་སྐབས་ཀྱི་སྐྱེ་ཚུལ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་པ་ཁོ་ན་ལས་སྐྱེ་བ་ཡུལ་ངེས་པ་དང་། མཐར་ཐུག་ཉན་རང་ལ་སོགས་སྐྱེ་བོ་ཐམས་ཅད་ཀྱང་བླ་མེད་བྱང་ཆུབ་ཀྱི་སྣོད་དུ་བསྟན་པས་ཁྱབ་པའི་རྟེན་ཡིན་ལ། ལམ་ཤེས་ཀྱི་ངོ་བོ་ནི། ཉོན་མོངས་པ་རྣམས་ལ་རང་དབང་ཐོབ་པར་བྱས་ནས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ལམ་ཤེས་ཀྱི་རང་བཞིན་ནོ། །བྱེད་ལས་ནི། སེམས་ཅན་འཁོར་དུ་མ་འདུས་པ་སྡུད་པ་དང་། བསྡུས་པ་རྣམས་སྨིན་པ་དང་གྲོལ་བར་བྱེད་པའོ། །གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ། ཉན་ཐོས་དང་རང་རྒྱལ་དང་། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་སོ། །དང་པོ་ལ་ཡང་ལམ་གྱི་ངོ་བོ་དང་། དེའི་རྒྱུ་ངེས་འབྱེད་ཆ་མཐུན་གཉིས་ལས། དང་པོ་ནི། ལམ་ཤེས་ཉིད་སོགས་ནས་ཤེས་པར་བྱ་ཞེས་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་ཤེས་པའི་ཚུལ་ལ་སྟེ། སྐབས་སུ་ནི་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་མི་རྟག་པ་ལ་སོགས་པ་རྣམས་སྦྱོར་བ་སེམས་བསྐྱེད་དངོས་གཞི་མི་དམིགས་པ་ནས་མཇུག་བསྔོ་བ་དང་བཅས་པའི་སྒོ་ནས་ཡོངས་སུ་ཤེས་པར་བྱ་བ་ནི། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་འདི་ཡིན་པར་ཤེས་པར་བྱའོ། །རྗེ་བཙུན་བྱམས་པ་ལ་ཕྱག་འཚལ་ལོ། །གཉིས་པ་ངེས་ཆ་ནི། འཕགས་པ་སོགས་ནས་མ་གཟིགས་ཕྱིར་ཞེས་པས་བསྟན་ཏེ། འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུ་ལ་ནི། ཐེག་ཆེན་སྦྱོར་ལམ་དུ་བདེན་བཞི་རྣམ་པ་མི་རྟག་ལ་སོགས་བདེན་མེད་རྟོགས་པས་ཟིན་པར་བྱས་ཏེ་བསྒོམ་པ་ཡིན་ཏེ། གཟུགས་ལ་སོགས་པ་རང་རང་གི་ངོ་བོས་སྟོང་པའི་ཕྱིར། སྟོང་པ་ཉིད་རྣམས་དབྱེར་མེད་པའི་རྣམ་པས་དམིགས་པ་དྲོད་དང་། གཟུགས་སོགས་དེ་དག་རང་རང་གི་ངོ་བོར་མི་དམིགས་པའི་རྣམ་པས་རྩེ་མོ། །གཟུགས་སོགས་དེ་དག་ལ་རྟག་མི་རྟག་སོགས་ཁྱད་པར་གྱི་ཆོས་སུ་མི་དམིགས་པའི་ཚུལ་གྱིས་གནས་པ་བཀག་པའི་རྣམ་པས་དམིགས་པས་བཟོད་པ། ས་བཅུ་ལས་བརྩམས་ནས་དེ་དག་ལ་ཞེན་ནས་མི་གནས་པར་མདོ་ལས་རྒྱས་པར་བསྟན་པས་ནི་ཆོས་ཀྱི་མཆོག་ཏུ་འགྱུར་བར་བཤད། དེ་དག་ལ་ཞེན་ནས་གནས་བྱར་མེད་པ་གང་གི་ཕྱིར་ཞེ་ན་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཆོས་རྣམས་བདེན་པར་མ་གཟིགས་པའི་ཕྱིར་ཏེ། ཤེས་བྱ་ཀུན་ལ་ཚད་མར་གྱུར་པའི་སྐྱེས་བུས་མ་དམིགས་པའི་གཏན་ཚིག་གིས་འཐད་པ་ཡིན་པས་སོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ་གསུམ། བགྲོད་པ་པོ་རྟེན་གྱི་ཁྱད་པར། བགྲོད་བྱ་ལམ་གྱི་ངོ་བོ། །དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་གཉིས། ཁྱད་པར་དངོས་དང་། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི་རང་བྱུང་བདག་ཉིད་སོགས་ནས་མངོན་པར་བརྗོད་ཅེས་བསྟན་ཏེ། རང་བྱུང་རང་སངས་རྒྱས་རྣམས་སྲིད་པ་ཐ་མའི་ཚེ་གཞན་ལ་མ་ལྟོས་པར་བདག་ཉིད་ཀྱིས་རྟོགས་པའི་ཕྱིར། དེ་ལ་གཞན་གྱིས་བསྟན་མི་དགོས་ལ། ཡང་སྒྲས་བསྡུས་པ་རང་གིས་གཞན་ལ་བསྟན་མི་དགོས་པ་སྟེ། དེས་ན་བསྭེ་རུ་ལྟ་བུ་རང་རྒྱལ་གྱི་ཡེ་ཤེས་ནི། མཉམ་བཞག་ཏུ་བརྗོད་པའི་ཡུལ་མ་ཡིན་པའི་དོན་རྟོགས་པས་ཤེས་པ་ཟབ་པ་དང་། རྗེས་ཐོབ་ཏུ་ངག་གི་འབྲས་རྟགས་ལས་གཞན་གྱིས་མི་རྟོགས་པ་ནི་མ་བརྗོད་པ་ཟབ་པ་སྟེ། ཟབ་པ་ཉིད་མངོན་པར་བརྗོད་དོ། །གཉིས་པ་དེ་ལ་རྩོད་པ་སྤོང་བ་ནི། སྒྲ་མེད་པ་དང་ཆོས་སྟོན་པ་ནི་འགལ་བ་ཡིན་ཏེ་ཇི་ལྟར་སྒྲ་མེད་པར་ཆོས་སྟོན་ཞེ་ན་གང་གང་སོགས་ནས། དེ་ལྟར་སྣང་ཞེས་གསུངས་ཏེ། གདུལ་བྱ་གང་དང་གང་བརྗོད་བྱའི་དོན་ནི་གང་དང་གང་ལ་རང་རང་གི་མོས་པ་ཇི་ལྟ་ཇི་ལྟར་ཉན་འདོད་པ་དེ་དང་དེ་ལ་བསྟན་བྱའི་དོན་དེ་དང་རྗོད་པའི་སྒྲ་མེད་ཀྱང་བརྗོད་བྱ་དེ་ཉན་པ་པོས་ཇི་ལྟར་ཉན་འདོད་པ་དེ་ལྟར་སྣང་སྟེ། དེའི་ཕྱིར་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ལོ། །གཉིས་པ་བགྲོད་བྱ་ལམ་གྱི་ངོ་བོ་ནི། གཟུང་དོན་སོགས་ནས་ཤེས་པར་བྱ་ཞེས་པ་སྟེ། ཕྱི་རོལ་གྱི་གཟུང་བ་རང་བཞིན་མེད་པར་རྟོགས་པས་གཟུང་བ་ཕྱི་རོལ་གྱི་དོན་ལ་ཞེན་པའི་རྟོག་པ་སྤངས་པའི་ཕྱིར་དང་། ནང་གི་ཤེས་པ་རང་བཞིན་མེད་པར་མ་རྟོགས་པས་འཛིན་པ་ཡུལ་ཅན་དུ་སྣང་བ་ལ་བདེན་ཞེན་རྟོག་པ་མི་སྤངས་པའི་ཕྱིར་དང་། ལམ་དེ་གང་ལ་བརྟེན་པའི་ཆོས་ཀྱི་གཞི་རིགས་ཀྱི་ཁྱད་པར་ཏེ། གསུམ་གྱིས་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་དུ་འཕགས་པས་བསྭེ་རུ་ལྟ་བུའི་ལམ་གྱི་ཡེ་ཤེས་དེ་ཉིད་ཡང་དག་པར་བསྡུས་པར་ཤེས་པར་བྱའོ། །གསུམ་པ་རྒྱུ་ངེས་འབྱེད་ཆ་མཐུན་ནི། བཏགས་པའི་ཆོས་ཉིད་སོགས་ནས་ཆོས་ཀྱི་མཆོག་ཅེས་བསྟན་ཏེ། མིང་དུ་བཏགས་པ་ཡང་མི་འདོར་ལ་ཆོས་ཉིད་དང་ཡང་མི་འགལ་བར་སྟོན་པའི་རྣམ་པས་དྲོད་དང་། གཟུགས་སོགས་ལ་འཕེལ་བ་དང་འགྲིབ་པ་མེད་པ་ལ་སོགས་པས་ཕྱེ་བ་སྟེ་ཁྱད་པར་དུ་བྱས་པའི་རྣམ་པས་རྩེ་མོ། །གཟུགས་སོགས་ནང་སྟོང་པ་ཉིད་ལ་སོགས་པ་ཡིན་པས་ཡོངས་སུ་མི་འཛིན་པའི་རྣམ་པས་བཟོད་པ། གཟུགས་སོགས་སྐྱེ་བ་མེད་པའི་རྣམ་པ་ཅན་གྱིས་རྟོགས་པར་བྱ་བ་ཆོས་མཆོག་སྟེ་རྣམ་པ་དེ་རྣམས་ཀྱིས་གོ་རིམ་བཞིན་དུ་བདེན་པ་བཞིའི་དམིགས་པ་ལ་དམིགས་པས་ངེས་ཆ་བཞི་སྐྱེ་བ་ཡིན་ནོ། །གསུམ་པ་བྱང་ཆུབ་སེམས་དཔའི་ལམ་ཤེས་པའི་ལམ་ཤེས་ལ་གཉིས་ཏེ། མཐོང་ལམ་དང་། སྒོམ་ལམ་མོ། །དང་པོ་ལ་ངོ་བོ་མདོར་བསྟན། སྒོམ་ཚུལ་གྱི་རྣམ་པ་རྒྱས་པར་བཤད་པའོ། དང་པོ་ནི། བདེན་དང་བདེན་ལ་སོགས་ནས་འདིར་བཤད་དོ་ཞེས་བསྟན་ཏེ། ཟག་བཅས་ཀྱི་བདེན་པ་གཉིས་དང་། ཟག་མེད་ཀྱི་བདེན་པ་གཉིས་ཏེ་བཞི་ལ་བཟོད་ཤེས་ཀྱི་སྐད་ཅིག་མ་བཞིའི་བསྟན་པའི་སྒོ་ནས་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཕྱིར་མི་ལྡོག་པ་ཉིད་སོགས་ཚེ་འདིའི་ཡོན་ཏན་དང་། ཚེ་རབས་དྲན་པ་སོགས་ཚེ་གཞན་གྱི་ཕན་ཡོན་དང་བཅས་པའི་མཐོང་བའི་ལམ་འདི་བཤད་དོ། །གཉིས་པ་ལ་རྒྱས་པར་བཤད་པ་དང་དོན་བསྡུ་བའོ། ། དང་པོ་ལ་བཞི་ལས། དང་པོ་སྡུག་བདེན་གྱི་རྣམ་པ་བཞི་ནི། དེ་བཞིན་ཉིད་སོགས་ནས་ཚད་མེད་པ་དང་ཞེས་བསྟན་ཏེ། སྡུག་བདེན་གྱི་དེ་བཞིན་ཉིད་དང་། དེ་རྟོགས་པའི་སངས་རྒྱས་དང་ཤེར་ཕྱིན་དག་ལ་རྟེན་བརྟེན་པའི་དངོས་པོར་མེད་པའི་ཕྱིར་ན། ཡུལ་ཡུལ་ཅན་དེ་དག་ཕན་ཚུན་གཅིག་ཐ་དད་ཀྱི་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་པ་དང་། སྡུག་བདེན་གྱི་གཟུགས་སོགས་དོན་དམ་པར་སྐྱེ་འགགས་གནས་གསུམ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པས་ཆེན་པོ་དང་དོན་དམ་པར་དེ་དག་འཇལ་བྱེད་ཀྱི་ཚད་མ་ཡུལ་ཅན་ཡང་དམིགས་སུ་མེད་པ་དང་། སྡུག་བདེན་གྱི་གཟུགས་སོགས་དེ་དག་ནམ་མཁའ་ལྟར་ཚད་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པས་ཚད་མེད་པ་སྟེ། རྟོགས་བྱའི་རྣམ་པ་བསྟན་པས་ཤུགས་ལ་འཕང་བའི་སྡུག་བདེན་གྱི་སྐད་ཅིག་མ་བཞིའོ། །གཉིས་པ་ཀུན་བདེན་ནི། མཐའ་མེད་དང་སོགས་ནས། བྱམས་ལ་སོགས་དང་ཞེས་བསྟན་ཏེ། ཀུན་འབྱུང་གི་གཟུགས་ལ་སོགས་པ་ལ་བདེན་པའི་ངོ་བོ་ཉིད་མེད་པས་རྟག་ཆད་ཡོད་མེད་ཀྱི་མཐའ་མེད་པ་དང་། ཆོས་དབྱིངས་སྤྲོས་བྲལ་གྱི་ངོ་བོ་ཉིད་མེད་ཀྱིས་དབྱེར་མེད་པའི་ཕྱིར་ཀུན་འབྱུང་གི་གཟུགས་ལ་སོགས་པའི་རང་བཞིན་ལ་དེར་སངས་རྒྱས་ཀྱི་རང་བཞིན་དུ་ངེས་པར་འཛིན་པ་དང་། ཀུན་འབྱུང་གི་ཆོས་ཐམས་ཅད་ལ་བླང་དོར་དང་སྐྱེ་འགགས་མེད་པར་སྒོམ་པ་དང་། བདེན་པའི་ངོ་བོ་ཉིད་མེད་པའི་མོས་པས་ཟིན་པས་བྱམས་པ་ལ་སོགས་ཚད་མེད་བཞི་སྒོམ་པ་སྟེ། རྟོགས་བྱ་དང་། ཕན་ཡོན་དང་། སྲིད་ཞིའི་མཐར་ལྷུང་བ་འགོག་པའི་རྣམ་པ་བཞིས་བསྟན་པའི་ཀུན་འབྱུང་གི་སྐད་ཅིག་མ་བཞིའོ། །གསུམ་པ་འགོག་པའི་བཞི་ནི། སྟོང་ཉིད་དང་སོགས་ནས་ནད་ཀུན་སེལ་ཞེས་པས་བསྟན་ཏེ། གཟུགས་སོགས་ཀྱི་ངོ་བོ་གདོད་ནས་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་དང་། མི་ཟད་ཅིང་ཚད་མེད་པས་ཆོས་ཀྱི་དབྱིངས་དང་མཉམ་པའི་དགེ་རྩས་འབྲས་བུ་སངས་རྒྱས་ཉིད་འཐོབ་པ་དང་། གཉེན་པོ་རྣམ་བྱང་གི་རིགས་རྣམས་ཡོངས་སུ་བསྡུས་པ་དང་། ཤེར་ཕྱིན་དེ་ཉིད་ཀྱིས་ཉམ་ང་བ་སོགས་ཕྱིའི་ཉེར་འཚེ་དང་ནད་སོགས་ནང་གི་ཉེར་འཚེ་ཀུན་སེལ་བ་སྟེ། རྟོགས་བྱ་དང་། འབྲས་བུ་ཐོབ་པའི་ཕན་ཡོན་དང་བྱེད་ལས་དང་། ཕྱི་ནང་གི་གནོད་པ་སེལ་བའི་ཕན་ཡོན་གྱི་རྣམ་པས་བསྟན་པའི་འགོག་བདེན་གྱི་སྐད་ཅིག་བཞིའོ། །བཞི་པ་ལམ་གྱི་བཞི་ནི། མྱ་ངན་འདས་འཛིན་སོགས་ནས་བྱང་ཆུབ་ཏུ་བསྔོ་བ་ཞེས་བསྟན་ཏེ། གཟུགས་ནས་མྱང་འདས་ཀྱི་བར་དུ་མངོན་ཞེན་གྱི་འཛིན་པ་ཞི་བ་དང་། སངས་རྒྱས་དང་ལྷ་རྣམས་ཀྱིས་རང་དང་སེམས་ཅན་དུ་བགྲང་བ་དང་། དེ་མ་ཡིན་པའི་རྐྱེན་ལས་བྱུང་བའི་གནོད་པའམ། མཐོང་ཆོས་དང་། སྐྱེས་གནས་དང་། ལན་གྲངས་གཞན་ལ་མྱང་འགྱུར་གྱི་གནོད་པ་གསུམ་ལས་བསྲུངས་པ་དང་། སྐྱོབ་པ་དང་། སྦ་བར་མཛད་པ་དང་། སྲོག་གཅོད་པ་སྤངས་པ་སོགས་རྣམ་མཁྱེན་གྱི་ཚུལ་ལ་བདག་ཉིད་གནས་ཏེ་སེམས་ཅན་གཞན་དག་ཀྱང་དེ་ལ་འགོད་པ་དང་། སྦྱིན་སོགས་ཀྱི་དགེ་རྩ་མི་ཟད་པར་བྱེད་འདོད་པའི་དྲན་པ་དང་། བྱམས་པའི་སྟོབས་ཀྱིས་བྱང་ཆུབ་ཏུ་བསྔོ་བ་སྟེ། ཡུལ་ལ་ཞེན་པ་ཞི་བ་དང་། གཞན་གྱིས་བསྲུང་པའི་ཕན་ཡོན་དང་། བདག་གཞན་དགེ་བ་ལ་འགོད་པ་དང་། དགེ་བ་རྫོགས་བྱང་དུ་བསྔོ་བའི་རྣམ་པ་གཞིས་བསྟན་པའི་ལམ་གྱི་སྐད་ཅིག་བཞིའོ། །གཉིས་པ་ནི། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ་ཞེས་པ་སྟེ། སྔར་བཅུ་དྲུག་པོ་དེ་ནི་ལམ་ཤེས་ཉིད་ཀྱི་མཐོང་ལམ་གྱི་སྐད་ཅིག་མ་དག་ཡིན་ཏེ། དེ་དག་ཀྱང་རྗེས་ཐོབ་སོགས་སུ་འབྱུང་བའི་ཚེ་འདི་ཕྱིའི་ཕན་ཡོན་སོགས་དངོས་སུ་བསྟན་པས་མཚོན་ནས་མཉམ་གཞག་སྐད་ཅིག་མ་བཅུ་དྲུག་གིས་བདེན་པའི་རྣམ་པ་སྤྲོས་བྲལ་དུ་བསྒོམས་པར་བྱས་པས་མཐོང་ལམ་སྐྱེ་བར་འགྱུར་བ་བསྟན་པ་ཡིན་ནོ། །གཉིས་པ་ལ། སྒོམ་ལམ་བྱེད་པ་དང་། སྒོམ་ལམ་དངོས་སོ། །དང་པོ་ནི། ཀུན་ནས་ཞི་དང་སོགས་ནས། རྟེན་མཆོད་ཉིད་ཅེས་པ་སྟེ། རྣམ་པ་ཐམས་ཅད་དུ་སེམས་ལ་རང་དབང་བྱེད་པས་ཀུན་ནས་ཞི་བ་དང་། ང་རྒྱལ་བཅོམ་པས་དགེ་བའི་བཤེས་གཉེན་སོགས་སྐྱེ་བོ་ཐམས་ཅད་ལ་འདུད་པ་དང་། གཉེན་པོ་སྟོབས་ལྡན་ཐོབ་པས་བདག་གཞན་གྱི་ཉོན་མོངས་ཟིལ་གྱིས་གནོན་པ་དང་། དེའི་ཕྱིར་ཕ་རོལ་གྱི་གནོད་པ་སྒྲུབ་པའི་ཡུལ་མ་ཡིན་པ་དང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་བྱང་ཆུབ་འགྲུབ་པ་དང་། གནས་སྐབས་སྒོམ་ལམ་པ་གནས་པའི་ཡུལ་ཡང་མཆོད་པར་བྱ་བའི་རྟེན་དུ་བྱེད་པ་སྟེ། རང་རྒྱུད་དུ་གཏོགས་པ་ལྔ་དང་གཞན་རྒྱུད་དུ་གཏོགས་པ་གཅིག་ལས་དང་པོ་ལ་ཡང་། གནས་སྐབས་ཀྱི་བཞི་དང་། མཐར་ཐུག་གི་གཅིག་སྟེ་བཞི་པོ་ཡང་། ཕྱི་ནང་མཐུན་རྐྱེན་ལྡན་པ་དང་། ཉེར་འཚེ་སྤོང་བའོ། ། ༈ གཉིས་པ་སྒོམ་ལམ་དངོས་ལ་ཟག་བཅས་དང་ཟག་མེད་གཉིས་ལས། དང་པོ་ལ། མོས་པ། བསྔོ་བ། ཡི་རང་གསུམ། དང་པོ་མོས་པ་ལ་དངོས་དང་། ཕན་ཡོན་གཉིས་ལས། དང་པོ་ནི། མོས་པ་རང་གི་སོགས་ནས་ཉི་ཤུ་བདུན་དུ་འདོད་ཅེས་པ་སྟེ། མོས་པའི་ཡུལ་གཙོ་བོར་འབྲས་ཡུམ་དང་། དེ་སྟོན་པའི་ཡུམ་གཞུང་ཤེར་ཕྱིན་གྱི་དོན་གསུམ་སྒྲུབ་པའི་ནུས་པ་ལྷག་པར་མོས་པ་སྟེ། དེ་ཡང་མ་དག་ས་བདུན་གྱི་རྗེས་ཐོབ་ཏུ་བདག་ཏུ་ང་རྒྱལ་བའི་ས་བོན་མ་ཟད་པས་རང་དོན་མོས་པ་དང་། བརྒྱད་པ་དང་དགུ་པར་བདག་གཞན་མཉམ་ཉིད་དུ་རྟོགས་པས་གཉིས་དོན་མོས་པ་དང་། ས་བཅུ་པར་གཞན་དོན་སངས་རྒྱས་དང་ཆ་འདྲ་བས་གཞན་དོན་མོས་པ་སྟེ། རྩ་བའི་དབྱེ་བ་གསུམ་ལ་ཡན་ལག་གི་དབྱེ་བ་དགུ་དང་། ཉིང་ལག་གི་དབྱེ་བས་ཉེར་བདུན་ནོ། །གཉིས་པ་ཕན་ཡོན་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི་སོགས་ནས་བསྔགས་པར་འདོད་ཅེས་པ་སྟེ། སངས་རྒྱས་རྣམས་ཀྱིས་མོས་པ་སྒོམ་པའི་བྱང་སེམས་ཀྱི་ཡོན་ཏན་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ནས་སྒྲོ་སྐུར་མེད་པར་བརྗོད་པ་སྟེ། རང་དོན་མོས་པའི་གནས་སྐབས་དགུར་བསྟོད་པ་དང་། གཉིས་དོན་མོས་པའི་གནས་སྐབས་སུ་བཀུར་བ་དང་། གཞན་དོན་མོས་པའི་གནས་སྐབས་སུ་བསྔགས་པ་དགུ་ཚན་གསུམ་ཏེ་ཉེར་བདུན་ནོ། །གཉིས་པ་བསྔོ་བ་སྒོམ་ལམ་ནི། མོས་པ་ལས་བྱུང་བའི་དགེ་རྩ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་སྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་སྟེ། ཡོངས་སུ་བསྔོ་བ་སོགས་ནས། བསོད་ནམས་ཆེ་འབྱུང་བདག་ཉིད་དོ་ཞེས་བསྟན་ཏེ། འདི་ལ་འཕགས་པས་རྐང་པ་དང་པོ་བསྔོ་བའི་ཁྱད་པར་དང་། གཉིས་པ་བྱེད་ལས། ལྷག་མ་ངོ་བོ་སྟེ་བཅུ་གཅིག་ཏུ་བཞེད། སློབ་དཔོན་སེངྒེ་བཟང་པོ་སོགས་བསྔོ་བ་བཅུ་གཉིས་སུ་བཞེད་དེ། དང་པོ་མོས་ཡུལ་བྱང་ཆུབ་ལ་མོས་པ་ཡིད་ལ་བྱེད་པའི་དགེ་བ་བསྔོ་བ་ཉན་རང་ལས་ཁྱད་པར་ཅན་གྱི་བསྔོ་བ་ནི་བླ་ན་མེད་པའི་བྱང་ཆུབ་ལ་མ་ཞེན་པའི་ཚུལ་གྱི་སྒྱུ་མ་ལྟར་དམིགས་པ་དང་། རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཐེག་གསུམ་ཉེ་བར་སྟོན་པའི་རྒྱུ་སྙིང་རྗེའི་ངོ་བོ་གཞན་ལ་ཕན་པའི་བྱེད་པ་གཉིས་དང་ལྡན་པས་ན་མཆོག་ཡིན་ནོ་ཞེས་པ་སྟེ། བྱེད་པ་འདི་འོག་མ་ཐམས་ཅད་ལ་ཡང་སྦྱར་ཤེས་པར་བྱ་ཞིང་། དེ་བཞིན་༢བསྔོ་བྱ་ཚུལ་ཁྲིམས་སོགས་བདེན་པར་དམིགས་པ་མེད་པའི་རྣམ་པ་ཅན་དང་། བདག་༣ལྟ་སོགས་མེད་པས་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དང་། བསོད་༤ནམས་མངོན་པར་འདུ་བྱ་བ་དེ་དོན་དམ་པར་ཆོས་ཐམས་ཅད་ཀྱིས་དབེན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་དྲན་ནས་སྒྱུ་མ་ལྟར་ཤེས་པའི་སྤྱོད་ཡུལ་ཅན་དང་། སྦྱིན་སོགས་ཤེས་རབ་ཀྱིས་ཟིན་པར་བསྔོ་བའི་ཐབས་དང་བཅས་པ་དང་། འཁོར་གསུམ་དུ་མི་དམིགས་པའི་མཚན་མ་མེད་པ་དང་། ཐེག་པ་གསུམ་གྱི་ལམ་ཐམས་ཅད་སངས་རྒྱས་ཀྱིས་མཁྱེན་ཅིང་ཆོས་ཉིད་གང་གིས་ཡོད་པ་དེ་བཞིན་དུ་རྗེས་སུ་ཡི་རང་ཞིང་བསྔོ་བ་དང་། ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་སྟེ་ཞེན་པ་མེད་པ་དང་། སྟོང་གསུམ་གྱི་སེམས་ཅན་དགེ་བཅུ་ཚད་མེད་བཞི་བསམ་གཟུགས་མངོན་ཤེས་ཐོབ་པའི་བསོད་ནམས་ལས་ཆེས་འཕེལ་བའི་བསོད་ནམས་ཆེན་པོ་འབྱུང་བ་བསྔོ་བ་ཆུང་ངུ་དང་། སྟོང་གསུམ་གྱི་སེམས་ཅན་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་ལ་གནས་པའི་བསོད་ནམས་ལས་ཀྱང་འཕེལ་བ་འབྲིང་དང་། སྟོང་གསུམ་གྱི་སེམས་ཅན་རྫོགས་བྱང་དུ་ཞུགས་པ་ལ་ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གྱིས་མཆོད་པ་ལས་བསོད་ནམས་ཆེས་འཕེལ་བ་ཆེན་པོ་སྟེ་བཅུ་གཉིས་ཡིན་ལ། འདི་དག་ཀྱང་སྔར་བསྟན་པའི་བྱེད་ལས་དང་ལྡན་པའི་བྱང་ཆུབ་སེམས་དཔའི་བསྔོ་བ་ཁྱད་པར་ཅན་གཅིག་ཉིད་ཕྱོགས་རེའི་མངོན་ཞེན་གྱི་གཉེན་པོའི་དོན་དུ་བཅུ་གཉིས་སུ་དབྱེ་བ་ལས་ངོ་བོ་ཐ་དད་པ་མེད་དོ། །གསུམ་པ་ཡི་རང་སྒོམ་ལམ་ནི། རང་གཞན་གྱི་དགེ་རྩ་ལ་དགའ་བའི་རྣམ་པ་ཅན་དྭངས་པའི་ངོ་བོར་གྱུར་པ་སྟེ། ཐབས་དང་སོགས་ནས་འདིར་བརྗོད་དོ་ཞེས་པ་སྟེ། ཐབས་དག་གིས་དགེ་རྩ་ལ་ཡི་རང་བ་དང་། མི་དམིགས་པ་དག་གིས་དགེ་རྩ་ལ་ཡི་རང་བ་ནི། རྗེས་སུ་ཡི་རང་ཡིད་ལ་བྱེད་པ་ཡིན་པར་བསྟན་བཅོས་སམ་མདོ་འདིར་བརྗོད་དོ། །ཞེས་པ་སྟེ། ཀུན་རྫོབ་དང་དོན་དམ་ཡུལ་ཅན་གྱི་ཡི་རང་གཉིས་སོ། །དེ་ལྟར་ཟག་བཅས་སྒོམ་ལམ་གསུམ་པོ་འདི་ནི་གཉིས་སྣང་གི་རྟོག་པ་དང་བཅས་པའི་རྗེས་ཐོབ་ཀྱི་ཆ་ཡིན་ཏེ། འདི་གསུམ་གྱི་བྱེད་ལས་རིམ་པ་བཞིན་དང་པོས་འབྱུང་ཁུངས་ནས་གསེར་གྱི་གར་བུ་རྡོལ་བ་བཞིན་དུ་བསོད་ནམས་གསར་པ་འདུ་བྱེད་པ་དང་། གཉིས་པས་གསེར་མགར་གྱི་གསེར་སྦྲམ་རྒྱན་དུ་བསྒྱུར་བ་བཞིན་བསོད་ནམས་དེ་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་པ་དང་། གསུམ་པས་རང་གཞན་གྱི་བསོད་ནམས་མཉམ་པར་ཐོབ་པ་སྟེ། དེ་ཡང་ཕྱི་མ་གཉིས་བསྔོས་པའི་དགེ་བ་ཡི་རང་གིས་སྤེལ་བ་དང་། ཡི་རང་གི་དགེ་བ་བསྔོ་བས་སྤེལ་བས་འདི་གཉིས་གོང་འོག་ཁྱད་མེད་དུ་འབྲེལ་ལོ། །གཉིས་པ་མཉམ་གཞག་གི་ངོ་བོ་ཟག་མེད་སྒོམ་ལམ་ལ། ཡོན་ཏན་མངོན་པར་སྒྲུབ་པ་དང་། དྲི་མ་རྣམ་པར་དག་པར་བྱེད་པའི་སྒོམ་ལམ་གཉིས་ལས། དང་པོ་ནི། དེ་ཡི་ངོ་བོ་ཉིད་སོགས་ནས་དོན་ཆེན་ཉིད་ཅེས་པ་སྟེ། སྒྲུབ་པ་སྒོམ་ལམ་དེ་ཡི་ངོ་བོ་ཉིད་ནི་ཆོས་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་སྤྲོས་བྲལ་མངོན་སུམ་དུ་མཐོང་བའི་ཤེས་རབ་སྟེ། འདིས་མ་ཟིན་པར་ཕར་ཕྱིན་གཞན་རྣམས་ཀྱིས་སངས་རྒྱས་མི་ཐོབ་པས་ན་མཆོག་ཉིད་དོ། །ཁྱད་པར་ནི་ཆོས་ཐམས་ཅད་ཀྱི་ཁྱད་པར་སྐྱེ་འཇིག་དང་དམིགས་པ་མེད་པར་རྟོགས་ནས་སྒྲུབ་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་ལ་བདེན་པར་མངོན་པར་འདུ་མི་བྱེད་པའོ། །བློ་ཡི་རྣམ་པ་ནི་ཆོས་རྣམས་མཚན་མར་དམིགས་སུ་མེད་པར་རོ། །གཏོད་པར་བྱེད་པ་ནི་མི་དམིགས་པ་ཉིད་དུ་རྟོགས་པ་གོང་མ་གོང་མ་རྣལ་འབྱོར་པའི་རྒྱུད་ལ་བསྐྱེད་པ་དང་། དོན་ཆེན་པོ་མཐར་ཐུག་སངས་རྒྱས་སུ་བྱེད་པ་སྟེ། དང་པོ་གསུམ་གང་གིས་སྒྲུབ་བྱེད་ཀྱི་རང་བཞིན་དང་། ཕྱི་མ་གཉིས་གང་བསྒྲུབ་བྱ་ལ་ལྟོས་པའི་ནུས་པའོ། །གཉིས་པ་རྣམ་དག་སྒོམ་ལམ་ལ་རྒྱུ་དང་རང་བཞིན་གཉིས་ལས། དང་པོ་ནི། སངས་རྒྱས་བསྟེན་དང་སོགས་ནས་ཡོངས་ཟིན་པའོ། །ཞེས་པ་སྟེ། འདི་ལ་རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་དང་། །མི་སྐྱེ་བའི་རྒྱུ་གཉིས་ལས། དང་པོ་ནི། སངས་རྒྱས་གྲངས་མེད་པ་ཡུན་རིང་པོར་མཉེས་པར་བྱེད་པས་བསྟེན་པ་དང་། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་རྫོགས་པར་བྱེད་པ་དང་། དམིགས་མེད་སྤྲོས་བྲལ་གྱི་ཞི་གནས་སྒོམ་པའི་ཐབས་ལ་མཁས་པ་རྣམས་རྣམ་དག་སྒོམ་ལམ་རྒྱུད་ལ་སྐྱེ་བའི་རྒྱུ་དག་ཡིན་ནོ། །གཉིས་པ་ནི། འགལ་རྐྱེན་ཆོས་ཀྱིས་ཕོངས་པའི་རྒྱུ་ནི། བདུད་ཀྱི་ཐིབས་ཀྱིས་ནོན་པ་སྟེ་གནོད་པ་བྱས་པ་དང་། ཐེག་ཆེན་གྱི་རིགས་མ་སྦྱངས་པས་ཟབ་མོའི་ཆོས་སྤྲོས་བྲལ་ལ་མི་མོས་པ་དང་། ཆོས་བདག་མེད་ལ་མ་གོམས་པས་ཕུང་པོ་སོགས་ལ་དངོས་པོར་ཞེན་པ་དང་། དགེ་བའི་བཤེས་གཉེན་ལ་མ་འདྲིས་པར་སྡིག་གྲོགས་ཀྱིས་ཟིན་པའོ། །གཉིས་པ་ལ་རྣམ་དག་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འབྲས་བུ་དག་པ་སོགས་ནས་དག་པར་བརྗོད་ཅེས་པ་སྟེ། ཡུལ་ཅན་འབྲས་བུའི་ངོས་ནས་ཡུལ་ལ་ཞེན་པ་སྤངས་པའི་དག་པ་དེ་ཉིད་ཡུལ་གཟུགས་སོགས་ཀྱི་དག་པའང་དེ་ཉིད་ཡིན་ཏེ། དག་བྱའི་དྲི་མ་གཅིག་ལས་མེད་པའི་ཕྱིར་ན། དག་པ་དེ་གཉིས་གཟུང་འཛིན་གཉིས་སུ་མེད་པ་དང་། བློས་གཉིས་སུ་བྱར་མེད་པ་དང་། རང་བཞིན་མི་འདྲ་བ་མེད་པས་ཐ་དད་མ་ཡིན་པ་དང་། ཡན་ལག་ཆ་ཤས་དུ་མ་མེད་པས་བཅད་དུ་མེད་པ་ཡིན་ཏེ། ཐེག་པ་ཆེན་པོ་འདིར་སེམས་ཀྱི་སྣང་བ་ཙམ་མ་གཏོགས་པ་ཕྱི་རོལ་ན་ཡུལ་མེད་པས་སེམས་དག་པ་ན་སྣང་བ་དག་པ་ཡིན་པས། སྣང་བ་མ་དག་པ་ནི། འཕགས་པ་རྣམས་ཀྱི་ངོས་ནས་མི་བཞག་གི། སེམས་ཅན་ཀྱི་ངོས་ནས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ལམ་གྱི་དབྱེ་བ་དངོས་དང་། མཐར་ཐུག་པའི་ལམ་གྱི་ཁྱད་པར་རོ། །དང་པོ་ནི་ཉོན་མོངས་སོགས་ནས་ཤིན་ཏུ་བ་ཞེས་པ་སྟེ། ཉོན་མོངས་པའི་སྒྲིབ་པ་ཉམས་པའི་སློབ་མ་ཉན་ཐོས་ཀྱི་དག་པ་དང་། ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་རྟོག་ཉམས་པ་བསྭེ་རུ་རང་རྒྱལ་གྱི་དག་པ་དང་། ལམ་གསུམ་གྱི་སྒྲིབ་པ་སྔར་བཤད་གཉིས་དང་འཛིན་རྟོག་དག་པ་རྒྱལ་སྲས་བྱང་སེམས་རྣམས་ཀྱི་དག་པ་ སྟེ། སངས་རྒྱས་རྣམས་ཀྱི་རྣམ་དག་ནི་སྒྲིབ་པའི་རྣམ་པ་ཀུན་གྱིས་དག་པའི་ཤིན་ཏུ་བ་ཡིན་ནོ། ། གཉིས་པ་ལ་ལམ་གྱི་ཁྱད་པར་དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ནི། དེ་ལྟར་སངས་རྒྱས་རྣམས་ཀྱི་རྣམ་དག་ཤིན་ཏུ་བ་དང་། ཉན་རང་གི་དག་པ་ཕྱོགས་རེ་བ་ཡིན་པ་ཅིའི་ཕྱིར་ཞེ་ན། ས་དགུ་ལ་ནི་སོགས་ནས་ལམ་ནི་དག་པ་ཡིན་ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་པའི་རྒྱུ་མཚན་འདོད་གཟུགས་བསམ་གཏན་གཟུགས་མེད་ཀྱི་ས་དགུ་ལ་བརྟེན་པའི་སྤང་བྱའི་དྲི་མ་ཆེན་པོའི་ཆེན་པོ་སོགས་དགུ་པོ་སྤོང་བྱེད་ཀྱི་ལམ་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་སོགས་དགུ་པོ་དེ་དྲི་མ་མཐའ་དག་དག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། དེ་ལ་ཀླན་ཀ་སོགས་ནས་ཉིད་དུ་འདོད་པ་ཡིན་ཞེས་གསུངས་ཏེ། དེ་ལྟར་སྒོམ་སྤང་ཆེ་རིམ་དགུའི་གཉེན་པོ་ཆུང་རིམ་ནས་འབྱུང་བས་ཐེག་ཆེན་སྒོམ་ལམ་དགུ་པོ་དེ་དྲི་མ་མཐའ་དག་དག་བྱེད་ཡིན་པའི་རྒྱུ་མཚན་གྱི་འབྲས་བུ་སངས་རྒྱས་ཀྱི་རྣམ་དག་དེར་ཤིན་ཏུ་བ་མ་ཡིན་པར་ཐལ། སྤང་བྱ་ཆེན་པོའི་ཆེན་པོ་གཉེན་པོ་ཆུང་ངུའི་ཆུང་ངུས་གཞོམ་དགོས་པའི་ཕྱིར་ཞེས་པའི་ཀླན་ཀ་ཁོང་ནས་བསྟན་ནས་དེའི་ལན་དུ་དོན་དམ་པར་ཕན་གནོད་གང་ཡང་མེད་པ་དང་། ཀུན་རྫོབ་ཏུ་གོས་ལ་ཆགས་པའི་དྲི་མ་ཕྲ་མོ་བསལ་ལ་ཁྲུས་མཁན་ཆེ་ཐང་དུ་འབད་ཅིང་རགས་པ་སེལ་བ་ལ་རྩོལ་བ་ཆུང་ངུས་ནུས་པའི་དཔེས་ཀླན་ཀ་དེ་སྤངས་པ་ཡིས་ཐེག་ཆེན་གྱི་སྒོམ་ལམ་དགུ་པ་དེ་དྲི་མ་མཐའ་དག་གི་གཉེན་པོར་འགྲུབ་པ་ཡིན་ལ། དེ་ལྟ་བུའི་ལམ་དེ་ཡང་ཇི་ལྟ་བུ་ཞེ་ན། ཁམས་གསུམ་པའི་རྣམ་པ་ཅན་གྱི་འཇལ་བྱེད་ཤེས་པ་དང་། གཞལ་བྱ་ཡུལ་དག་བདེན་པར་མི་དམིགས་པར་མཉམ་པ་ཉིད་སྤྲོས་བྲལ་དུ་རྟོགས་པ་གང་ཡིན་པ་སྟེ། དེ་ཁམས་གསུམ་གྱི་གཉེན་པོ་ཉིད་དུ་འདོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པ་ཉིད་ཀྱི་སྐབས་ཏེ་གཉིས་པའི་འགྲེལ་པའོ།། །། རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གསུམ་པ་སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་དྲུག །གཞི་ཤེས་ཀྱི་རང་བཞིན། ཉེ་རིང་དུ་འཇོག་པའི་རྒྱུ་མཚན། སྤང་བྱ་དང་གཉེན་པོའི་རབ་དབྱེ། ཇི་ལྟར་ཉམས་སུ་ལེན་ཚུལ། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ། མཁྱེན་པ་གསུམ་གྱི་མཇུག་བསྡུ་བའོ། །དང་པོ་གཞི་ཤེས་ཀྱི་རང་བཞིན་ནི། ཚུ་རོལ་ཕ་རོལ་སོགས་ནས་ཕྱིན་པར་འདོད་ཅེས་བསྟན་ཏེ། སོ་སྐྱེས་བགྲོད་ཅིང་མཐོང་བའི་ཚུ་རོལ་འཁོར་བ་ཕུང་པོའི་རྒྱུན་དང་བཅས་པའི་རྟོག་པ་དང་། སོ་སྐྱེས་བགྲོད་མཐོང་མ་ཡིན་པའི་ཕ་རོལ་མྱང་འདས་ཕུང་པོ་རྒྱུན་ཆད་པར་འདོད་པའི་མཚན་ཉིད་དང་། འཁོར་འདས་དེ་དག་གི་བར་ན་ཡང་མི་གནས་ཏེ། ཤེས་རབ་ཀྱིས་འཁོར་བར་མི་གནས་པ་དང་། སྙིང་རྗེས་ཞི་བར་མི་གནས་པ་དང་། དེ་ལས་གཞན་གནས་བྱར་མེད་པས་བར་ན་མི་གནས་པ་དང་། འཁོར་འདས་ཀྱི་གཟུགས་སོགས་དུས་གསུམ་པའི་ཆོས་རྣམས་སྐྱེ་མེད་ཀྱི་རྣམ་པར་མཉམ་པ་ཉིད་དུ་ཤེས་པ་ནི། ཡང་དག་པའི་ཡུམ་དང་ཉེ་བའི་བྱང་སེམས་ཀྱི་གཞི་ཤེས་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་འདོད་དོ། །དེ་ལས་ལྡོག་པ་ནི། ཡང་དག་པའི་ཡུམ་དང་རིང་བ་ཉན་རང་གི་གཞི་ཤེས་ཡིན་ཏེ། འཁོར་བ་རྒྱུན་གྱིས་འཇུག་པ་དངོས་པོ་དང་། མྱང་འདས་ཕུང་པོ་འགགས་པས་དངོས་མེད་དུ་ཞེན་ཅིང་ཤེས་རབ་དང་སྙིང་བརྩེ་བྲལ་བ་ཤུགས་ཀྱིས་བསྟན་ཏོ། །གཉིས་པ་ཉེ་རིང་དུ་འཇོག་པའི་རྒྱུ་མཚན་ནི། དེ་ནི་མཚན་མར་སོགས་ནས་ཉེ་བ་ཉིད་དུ་བཤད་ཅེས་བསྟན་ཏེ། ཤུགས་བསྟན་ཉན་རང་གི་གཞི་ཤེས་དེ་ནི་གཟུགས་སོགས་བདེན་པར་ཞེན་པས་མཚན་མར་དམིགས་པའི་སྒོ་ནས་དམིགས་ཤིང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་དགེ་བའི་བཤེས་གཉེན་སོགས། སངས་རྒྱས་སྒྲུབ་པའི་ཐབས་མཁས་དང་བྲལ་བས་ཡང་དག་པའི་ཡུམ་གཉེན་པོ་གཞི་ཤེས་དང་རིང་ཞིང་། བྱང་སེམས་དེ་ལས་ལྡོག་པའི་ཐབས་མཁས་པ་དང་ལྡན་པས་ཉེ་བ་ཉིད་དུ་བཤད་དོ། ། གསུམ་པ་སྤང་གཉེན་གྱི་རབ་དབྱེ་ལ་གསུམ། གཞི་ལམ་དང་འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན། དེ་དག་གི་མཇུག་བསྡུ་བའོ། །དང་པོ་ལ་སྤང་བྱ་དང་གཉེན་པོ་གཉིས། དང་པོ་སྤང་བྱ་ནི་གཟུགས་སོགས་ཕུང་པོ་སོགས་ནས་མི་མཐུན་ཕྱོགས་ཞེས་པ་སྟེ། གཟུགས་སོགས་ཕུང་པོ་ལྔ་ལ་དོན་གཞན་གྱིས་བདག་གིས་སྟོང་པའི་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། དུས་གསུམ་དུ་གཏོགས་པའི་ཆོས་རྣམས་ལ་དེ་དག་ཏུ་འདུ་ཤེས་པ་དང་། སྦྱིན་པ་ལ་སོགས་ཕར་ཕྱིན་བྱང་ཆུབ་ཕྱོགས་རྣམས་སོགས་ལ་ལམ་དུ་སྤྱོད་པའི་མཚན་མར་འདུ་ཤེས་པ་ནི་གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ནོ། གཉིས་པ་གཉེན་པོ་ནི། སྦྱིན་ལ་སོགས་ནས་འགོག་པས་ཞེས་གསུངས་ཏེ། འཁོར་གསུམ་རྣམ་པར་དག་པ་སྦྱིན་སོགས་ལ་སྤྱོད་པ་པོ་དང་ཐོབ་པ་པོའི་བདག་ཏུ་མི་འཛིན་པ་ལ་རང་གནས་ཤིང་གཞན་དག་ཀྱང་དེ་ལ་སྦྱོར་བར་བྱེད་པ་དེ་ནི་རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ཏེ། ཞེན་བྱའི་གཞི་ཐམས་ཅད་ཤེས་རབ་ཀྱིས་བཀག་པས་ཆགས་པའི་མཐའ་འགོག་པ་ཡིན་ལ། ཕུང་པོའི་སྟོང་ཉིད་དང་དུས་གསུམ་གྱི་མཚན་མ་ལ་མ་ཞེན་པས་སྤང་བྱ་སྔ་མ་གཉིས་ཀྱི་གཉེན་པོ་ནི་ཤུགས་ཀྱིས་བསྟན་པ་ཡིན་ནོ། །གཉིས་པ་འབྲས་བུ་མཚན་འཛིན་གྱི་སྤང་གཉེན་ལ། ཆགས་པའི་ངོ་བོ། །ཆགས་བའི་རྒྱུ་མཚན། གཉེན་པོ། །རྒྱུ་མཚན་ལས་འཕྲོས་དོན་ནོ། །དང་པོ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། ཞེས་པ་སྟེ། རྒྱལ་བ་ལ་སོགས་པ་མཚན་མར་ཡིད་ལ་བྱས་ནས་ཕྱག་འཚལ་བ་སོགས་ཀྱི་དགེ་བའི་བསོད་ནམས་ཀྱི་ཚོགས་ཉིད་ཀྱིས་ལས་སྒྲིབ་སོགས་ཀྱི་གཉེན་པོ་ཡིན་ཡང་ཞེན་པ་ཕྲ་མོའི་ངོ་བོ་ཉིད་ཡིན་པས་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ནོ། །གཉིས་པ་རྒྱུ་མཚན་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་པ་སྟེ། ཆོས་རྣམས་ཀྱི་ལམ་གནས་ལུགས་ནི་རང་བཞིན་གྱིས་དབེན་པའི་ཆོས་ཉིད་ཡིན་པའི་ཕྱིར་ན་ཟབ་པ་ཡིན་ཏེ། དེས་ན་སྐྱབས་གནས་བདེན་པར་འཛིན་པ་ཡང་སྤང་བྱ་ཡིན་ནོ། །གསུམ་པ་གཉེན་པོ་ནི། ཆོས་རྣམས་རང་བཞིན་གཅིག་པར་ནི། ཤེས་པས་ཆགས་པ་སྤོང་བ་ཡིན། ཞེས་པ་སྟེ། ཆོས་རྣམས་རང་བཞིན་མེད་པར་རང་བཞིན་གཅིག་པར་ཤེས་པས་ནི་ཆགས་པ་དེ་སྤངས་པ་ཡིན་ནོ། །བཞི་པ་ལ། ཟབ་པ་དང་། རྟོགས་དཀའ་བའི་རྒྱུ་མཚན་ནོ། །དང་པོ་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་པ་སྟེ། དོན་དམ་པའི་བདེན་པ་དེ་ནི། མཐོང་བ་དང་ཐོས་པ་ལ་སོགས་པ་ཐ་སྙད་ཚད་མས་རྟོགས་པ་བཀག་པ་ཡིན་པས་དེའི་ཕྱིར་རྟོག་པར་དཀའ་བར་བཤད་དོ། །གཉིས་པ་ནི། གཟུགས་ལ་སོགས་པར་མི་ཤེས་ཕྱིར། དེ་ནི་བསམ་མི་ཁྱབ་པར་འདོད། ཅེས་གསུངས་ཏེ། གཟུགས་ལ་སོགས་པ་དེ་དག་གི་རང་བཞིན་ཤེས་བྱའི་ཡུལ་མ་ཡིན་པ་ཉིད་ཀྱིས་དེ་དག་གི་རང་བཞིན་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པར་འདོད་དོ། །གསུམ་པ་དེ་དག་གི་མཇུག་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་སོགས་ནས། འདིར་ཤེས་བྱ་ཤེས་པ་སྟེ། དེ་ལྟར་ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་མི་མཐུན་ཕྱོགས་ཇི་སྐད་བཤད་པའི་ཉན་རང་གི་ལམ་དང་གཉེན་པོའི་ཕྱོགས་དག་གིས། བྱང་སེམས་དང་སངས་རྒྱས་ཀྱི་ལམ་གྱི་རྣམ་པར་དབྱེ་བ་མ་ལུས་པ་བཤད་པར་ཤེས་པར་བྱའོ། །བཞི་པ་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། ཉམས་སུ་ལེན་ཚུལ་གྱི་སྦྱོར་བའི་ངོ་བོ། དེའི་མཉམ་ཉིད་དོ། །དང་པོ་ནི། སྤང་གཉེན་དེ་དག་གི་མཚན་ཉིད་ཤེས་ནས་དེ་མི་དམིགས་པར་སྒོམ་པའི་སྦྱོར་བ་སྟེ། ཡུལ་གྱི་སྒོ་ནས་དབྱེ་ན་བཅུ་སྟེ། གཟུགས་སོགས་དེ་མི་སོགས་ནས་ཤེས་བྱེད་དོ། །ཞེས་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་དངོས་པོར་ཞེན་པའི་སྤྱོད་པ་བཀག་ནས་མ་ཞེན་པའི་སྦྱོར་བ་དང་། གཟུགས་སོགས་དེ་དག་གི་ཁྱད་པར་མི་རྟག་སྟོང་པ་སོགས་ལ་ཞེན་ནས་སྤྱོད་པ་བཀག་པ་དང་། ཀུན་བཏགས་ཀྱི་གཟུགས་ནི་རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་པས་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར་ན་མ་རྫོགས་པ་དང་། ཆོས་ཉིད་ཀྱི་གཟུགས་ནི། གཟུགས་ཀྱི་རང་བཞིན་བཏགས་པས་སྟོང་པ་དེ་ཉིད་ཡིན་པས་རང་བཞིན་གྱིས་དག་པའི་ཡོན་ཏན་དབྱེར་མེད་པར་གནས་པའི་ཕྱིར་དོན་ལ་གནས་པའམ་རབ་ཏུ་རྫོགས་པའི་གཟུགས་དང་། ཀུན་བཏགས་ཀྱི་གདགས་གཞི་དང་ཡོངས་གྲུབ་ཀྱི་ཆོས་ཅན་གཞན་དབང་གི་གཟུགས་ཏེ་ངོ་བོ་ཉིད་གསུམ་ལ་ཞེན་སྤྱོད་བཀག་པ་དང་མངོན་ཞེན་ཅན་གྱི་དམིགས་པ་ཡོད་མེད་ཀྱི་ཆགས་བཅས་དང་ཆགས་མེད་ལ་ཞེན་ནས་སྤྱོད་པ་བཀག་པ་དང་། ཚིག་གི་སྒོ་ནས་བསྟན་མ་བསྟན་གྱི་འཕེལ་འགྲིབ་ཏུ་མི་འགྱུར་བ་གཙོ་བོ་ཡུལ་མི་རྟོག་ཡེ་ཤེས་སུ་མ་ཞེན་པ་དང་། བསྔགས་པ་དང་སྨད་པའི་ཆགས་སྡང་སོགས་སུ་བྱེད་པ་པོ་མེད་པ་ཆོས་རྣམས་ཀྱི་རང་བཞིན་ལ་མ་ཞེན་པ་དང་། དོན་དམ་པར་ཐོབ་བྱ་དང་བསྐྱེད་བྱ་དང་། བསྟན་བྱར་མེད་ཅིང་ཀུན་རྫོབ་ཏུ་སེམས་ཅན་མི་ཟད་པས་སེམས་ཅན་གྱི་དོན་དུ་རྣམས་མཁྱེན་ཐོབ་བྱ་དང་། ལམ་ཤེས་བསྐྱེད་བྱ་དང་། གཞི་ཤེས་བསྟན་བྱ་དཀའ་བ་ཉིད་གསུམ་དུ་མ་ཞེན་པ་དང་། ཡུམ་ལ་བསླབ་པས་རང་རང་གི་སྐལ་བ་བཞིན་འབྲས་བུ་ཡོད་པར་འདོད་པ་ལ་མ་ཞེན་པ་དང་། ཡུམ་གྱི་རྣམ་འབྱོར་ལ་གནས་པ་ཉིད་སྲུང་བའི་མཆོག་ཡིན་པས་སྲུང་བ་གཞན་ལ་རགས་མ་ལས་པས་མི་ཞེན་པ་དང་། ཡོངས་སུ་འགྱུར་བའི་སྣང་བ་རྨི་ལམ་དང་། རྒྱུ་རྐྱེན་ཚོགས་པའི་སྣང་བ་སྒྱུ་མ་དང་། མེད་བཞིན་སྣང་བ་སྨིག་རྒྱུ་དང་། རྐྱེན་ལ་རགས་ལས་པ་སྒྲ་བརྙན་དང་། མ་འཕོས་པའི་སྣང་བ་མིག་ཡོར་དང་། གནས་མེད་པའི་སྣང་བ་དྲི་ཟའི་གྲོང་ཁྱེར་དང་། ལུས་ངག་གི་བྱེད་པ་པོ་མེད་པའི་སྣང་བ་སྤྲུལ་པ་སྟེ་རང་བཞིན་མེད་པར་ཤེས་བྱེད་ཀྱི་རྟགས་ལ་བརྟེན་ནས་ཞེན་སྤྱོད་འགོག་པ་སྟེ། དེ་དག་གི་ཤུགས་ཀྱིས་ཞེན་ནས་སྤྱོད་པ་ཉན་རང་གི་གཞི་ཤེས་བསྟན་ནོ། །སྦྱོར་བ་འདི་དག་ལྟ་སྒོམ་སྤྱོད་འབྲས་ཡུལ་ཡུལ་ཅན་ལ་མཚན་འཛིན་སྐྱེ་བ་དེ་སྲིད་དུ་བསྒོམ་དགོས་པས་ཚོགས་ལམ་ནས་ས་བཅུའི་བར་ལ་ཡོད་དོ། །གཉིས་པ་སྦྱོར་བ་དེའི་མཉམ་ཉིད་ནི། གཟུགས་ལ་སོགས་པ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། ཅེས་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དེ་དང་དེའོ་ཞེས་ངོ་བོ་ལ་རློམ་པ་དང་། སྔོ་སེར་དཀར་དམར་བདེ་སྡུག་སོགས་ཐ་སྙད་ཀྱི་རྒྱུ་མཚན་ལ་རློམ་པ། དབྱེ་བའི་སྤྲོས་པ་ལ་རློམ་པ་དང་། ངེས་འབྱེད་ཆ་མཐུན་སོགས་རྟོགས་པ་ལ་རློམ་པ་བཀག་པ་སྟེ་བཞིའོ། །ལྔ་པ་དེ་ལྟར་བསྒོམ་པའི་འབྲས་བུ་ལ་མདོར་བསྟན་པ་དང་། རྒྱས་བཤད་གཉིས། དང་པོ་སྡུག་བསྔལ་ལ་སོགས་ནས་མཐོང་བའི་ལམ་ཞེས་བསྟན་ཏེ། བདེན་པ་བཞི་ལ་བཟོད་ཤེས་ཀྱི་སྐད་ཅིག་མ་བཅུ་དྲུག་ནི་ཀུན་ཤེས་པ་ཉིད་ལ་མཐོང་བའི་ལམ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། སོ་སོར་བཤད་པ་དང་། དོན་བསྡུ་བ་གཉིས། དང་པོ་ལ་སྡུག་བདེན་གྱི་རྣམ་པ་བཞི་ནི། གཟུགས་རྟག་མ་ཡིན་སོགས་ནས། མི་འགགས་ལ་སོགས་དང་ཞེས་བསྟན་ཏེ། སྡུག་བདེན་གྱི་གཟུགས་སོགས་ངོ་བོ་ཉིད་མེད་པས་རྟག་པ་དང་མི་རྟག་པ་མིན་པ་དང་། སྡུག་བསྔལ་དང་སྡུག་བསྔལ་མ་ཡིན་པའི་མཐའ་ལས་འདས་པ་དང་། དོན་གཞན་གྱི་བདག་གིས་སྟོང་བ་དང་། མི་སྟོང་བ་རྣམ་པར་དག་པ་དང་། བདག་དང་བདག་མེད་པའི་ངོ་བོ་ཉིད་མ་ཡིན་པས་སྐྱེ་འགགས་དང་ཀུན་བྱང་མེད་པ་སྟེ་བཞིའོ། །ཀུན་འབྱུང་གི་རྣམ་པ་བཞི་ནི། མཁའ་འདྲ་སོགས་ནས་བརྗོད་མེད་དང་། ཞེས་པ་སྟེ། སྡུག་བསྔལ་གྱི་རྒྱུད་དང་རྒྱུ་མ་ཡིན་པ་རྫུན་ཉིད་ཀྱི་ཕྱིར་ནམ་མཁའ་དང་འདྲ་བ་དང་། ཀུན་འབྱུང་བ་དང་མི་འབྱུང་བ་མེད་པས་ཆགས་སོགས་ཉོན་མོངས་པ་སྤངས་པ་དང་། རབ་ཏུ་སྐྱེ་བ་དང་མི་སྐྱེ་བ་དང་མ་འབྲེལ་བ་ཡོངས་སུ་འཛིན་པ་ལས་གྲོལ་བ་དང་། རྐྱེན་དང་རྐྱེན་མ་ཡིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ་དང་བཞིའོ། ། འགོག་བདེན་གྱི་རྣམ་པ་ནི། གང་ཕྱིར་སོགས་ནས་ནད་མི་འབྱུང་ཞེས་པ་སྟེ། ཉོན་མོངས་པ་དང་བྲལ་བའི་འགོག་པ་དང་འགོག་པ་མ་ཡིན་པ་གཉིས་དང་བྲལ་བ་གང་གི་ཕྱིར་འགོགས་བདེན་གྱི་དོན་ཚིག་ཏུ་བརྗོད་པས་གཞན་ལ་སྦྱིན་དུ་མེད་པ་དང་། དོན་དམ་པར་སྡུག་བསྔལ་ཞི་བ་དང་མ་ཞི་བ་མེད་པས་དམིགས་པ་མེད་པར་བྱེད་པ་དང་། བདེ་གཙང་གི་གྱ་ནོམ་དང་གྱ་ནོམ་མ་ཡིན་པ་མེད་པས་ཤིན་ཏུ་རྣམ་པར་དག་པ་དང་། ངེས་པར་འབྱུང་བ་དང་མི་འབྱུང་བ་མེད་པས་ནད་ཐམས་ཅད་མི་འབྱུང་ཞིང་ལྷ་རྣམས་རྗེས་སུ་འབྲང་བ་དང་བཞིའོ། །ལམ་བདེན་གྱི་རྣམ་པ་ནི། ངན་སོང་ཆད་སོགས་ནས་སྐྱེ་བ་མེད་པ་ནི་ཞེས་བསྟན་ཏེ། ཐར་པར་འཁྲིད་པའི་ལམ་དང་། དེ་མ་ཡིན་པའི་ལམ་མིན་མེད་པར་རྟོགས་པས་ངན་སོང་གསུམ་དུ་སྐྱེ་བ་ཆད་པ་དང་། ཉོན་མོངས་ཀྱི་གཉེན་པོ་བྱེད་པ་དང་། མི་བྱེད་པའི་རིགས་པ་དང་། རིགས་པ་མ་ཡིན་པ་དང་བྲལ་བས་འབྲས་བུ་མངོན་དུ་བྱ་བའི་ཐབས་ལ་འཁོར་གསུམ་དུ་མི་རྟོག་པ་དང་། སེམས་ཕྱིན་ཅི་མ་ལོག་པ་དང་ལོག་པའི་སྒྲུབ་མིན་ལས་གྲོལ་བས་ཆོས་ཐས་ཅད་ཀྱི་མཚན་མ་དག་དང་མ་འབྲེལ་བ་དང་། རྟག་ཕན་གྱི་གནས་སུ་འགྲོ་བ་དང་མི་འགྲོ་བའི་ངེས་འབྱིན་དང་ངེས་འབྱིན་མ་ཡིན་པའི་མཐའ་གཉིས་མེད་པས་བརྗོད་བྱ་དངོས་པོ་དང་རྗོད་བྱེད་མིང་དང་གཉིས་པོ་ལ་ཐ་དད་དུ་འཛིན་པའི་ཤེས་པ་སྐྱེ་བ་མེད་པ་སྟེ་བཞིའོ། །གཉིས་པ་དོན་བསྡུ་བ་ནི། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། ཞེས་པ་སྟེ། དེ་ལྟར་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་སྐད་ཅིག་མ་བཅུ་དྲུག་ནི་བྱང་སེམས་རྣམས་ཀྱི་མཐོང་ལམ་ཡིན་ལ། དེ་ལས་བཟློག་པ་མི་རྟག་སོགས་ཀྱི་རྣམ་པ་བཅུ་དྲུག་ལ་ཞེན་ནས་བསྒོམ་པ་ནི་ཉན་རང་རྣམས་ཀྱི་མཐོང་ལམ་ཡིན་ནོ། །དྲུག་པ་མཁྱེན་པ་གསུམ་གྱི་མཇུག་བསྡུ་བ་ནི། དེ་ལྟར་འདི་དང་སོགས་ནས་བསྟན་པ་ཡིན་ཞེས་པ་སྟེ། དེ་ལྟར་རྣམ་མཁྱེན་མཚོན་པའི་ཆོས་བཅུ་པོ་འདི་དང་། ཡང་ལམ་ཤེས་ཀྱི་ཆོས་བཅུ་གཅིག་པོ་འདི་དང་། གཞི་ཤེས་མཚོན་པའི་ཆོས་དགུ་པོ་ཡང་འདི་སྟེ། འདི་དག་གིས་ནི་མཁྱེན་གསུམ་གྱི་གནས་སྐབས་གསུམ་པོ་དག་རྫོགས་པར་ཡོངས་སུ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཏེ་གསུམ་པའི་འགྲེལ་པའོ། ། ༈ གཉིས་པ་འཇུག་པ་སྦྱོར་བ་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ། དབང་དུ་བྱ་བ་དང་། བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་དང་། དབང་དུ་བྱ་བའི་འབྲས་བུ་རྩེ་མོའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་རྣམ་ཀུན་ལ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་དང་། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་རིམ་མོ། །དང་པོ་ལ་བཞི། སྦྱོར་བའི་རྣམ་པ། སྦྱོར་བ་པོ་གང་ཟག ། སྦྱོར་བ་རང་གི་ངོ་བོ། སྦྱོར་བའི་སྔོན་འགྲོའི་ཆོས་སོ། །དང་པོ་རྣམ་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། གཞི་ཤེས་པ་ཡི་སོགས་ནས་རྣམ་པ་གསུམ་དུ་འདོད། ཅེས་པ་སྟེ། གཞི་བདེན་བཞིའི་རྣམ་པ་ཤེས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ལ་རྣམ་པ་ཞེས་བྱ་སྟེ། དེ་ནི་རྣམ་པ་སྤྱིའི་མཚན་ཉིད་ཡིན་ལ། དེ་ལ་དབྱེ་ན། ཀུན་མཁྱེན་ཉིད་ནི་རྣམ་པ་གསུམ་ཡིན་པའི་རྒྱུ་མཚན་གྱིས་རྣམ་པ་དེ་ནི་རྣམ་པ་གསུམ་དུ་འདོད། གཉིས་པ་རྒྱས་པར་བཤད་པ་ལ། གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པ་གསུམ། དང་པོ་ནི། མེད་པའི་རྣམ་པ་སོགས་ནས་བཅོ་ལྔར་བཤད་ཅེས་པ་སྟེ། རྟག་པར་མེད་པ་དང་། དོན་དམ་པར་མི་སྐྱེ་བ་དང་། དོན་གཞན་གྱིས་བདག་གིས་དབེན་པ་དང་། བདག་རྟོག་གིས་སྐྱོན་གྱིས་མི་བརྫི་བ་སྟེ། སྡུག་བདེན་གྱི་རྣམ་པ་བཞི། དོན་དམ་པར་མིང་གཟུགས་སྐྱེད་པའི་གནས་མེད་པ་དང་། འགྲོ་འོང་མེད་པ་ནམ་མཁའ་དང་མཚུངས་པ་དང་། ནང་གི་བརྗོད་པ་རྟོག་དཔྱོད་མེད་པས་བརྗོད་དུ་མེད་པ་དང་། ཡང་སྲིད་ཀྱི་རྐྱེན་ཚོར་བ་ལས་སྐྱེས་པའི་སྲེད་པ་མིང་མེད་པ་སྟེ། ཀུན་འབྱུང་གི་རྣམ་པ་བཞིའོ། །དོན་དམ་པར་འགྲོ་བ་མེད་པ་དང་། གཉིས་སྣང་གིས་མི་འཕྲོག་པ་དང་། ཆོས་དབྱིངས་ཀྱི་རང་བཞིན་ཡིན་པས་མི་ཟད་པ་དང་། སྐྱེད་བྱེད་ཀྱི་རྒྱུ་མེད་པས་སྐྱེ་བ་མེད་པ་སྟེ་འགོག་པའི་རྣམ་པ་བཞི་སྟེ། དེ་དག་ཀྱང་བདེན་པ་རང་རང་གི་རྣམ་པ་ཡོངས་གྲགས་དག་དང་གྲངས་བཞིན་སྦྱར་རོ། །གཉིས་པ། ལམ་བདེན་གྱི་རྣམ་པ་ལ། བྱེད་པ་པོ་དང་། ཤེས་པ་པོ་དང་། གོང་དུ་འཕོ་བ་པོ་དང་། ཉོན་མོངས་འདུལ་བ་པོའི་བདག་མེད་པའི་རྣམ་པ་བཞི་ལམ་སོགས་བཞི་ལ་རིམ་པ་བཞིན་དུ་སྦྱར་ཏེ། ཉོན་སྒྲིབ་ཀྱི་གཉེན་པོ་ཐེག་དམན་གྱི་ཟག་མེད་ལམ་མོ། །ཕྱིའི་གཟུང་བ་རྨི་ལམ་ལྟར་སྣང་ཡང་བདེན་པ་མེད་པ་དང་། སྒྲ་བརྙན་ལྟར་བདེན་པའི་རྒྱུ་ལས་མ་སྐྱེས་པ་དང་། མིག་ཡོར་ལྟར་རྣམ་པ་མ་འགགས་པ་དང་། སྨིག་རྒྱུ་ལྟར་སྤྲོས་པ་ཉེ་བར་ཞི་བ་དང་། སྒྱུ་མ་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ་ལྔ་ནི་ཤེས་སྒྲིབ་ཀྱི་གཉེན་པོ་སྒོམ་ལམ་གྱི་རྗེས་ཐོབ་ཟག་བཅས་ཀྱི་རྣམ་པའོ། །ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། རང་བཞིན་འོད་གསལ་བས་གོས་པ་མེད་པ་དང་། དབྱེ་བའི་སྤྲོས་པ་མེད་པ་དང་། རྟོག་པ་ལ་རློམ་བྱར་མེད་པ་དང་སྟོང་ཉིད་མི་གཡོ་བའི་རྣམ་པ་སྟེ་དྲུག་གིས་ནི་བླང་བྱ་དང་དོར་བྱ་དང་། དྲི་བཅས་དང་། ཕུང་ལྔའི་སྤྲོས་པ་དང་། རྟོགས་པ་དང་། སྟོང་པའི་རང་བཞིན་ཉམས་པར་བདེན་འཛིན་གྱི་ཤེས་བྱའི་སྒྲིབ་པ་དྲུག་གི་གཉེན་པོ་མཐོང་ལམ་ཟག་མེད་དོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་རྒྱས་པར་བཤད་པ་ནི། རྒྱུ་དང་ལམ་དང་སོགས་ནས་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པ་སྟེ། ཀུན་བདེན་སྤང་གཉེན་དང་། ལམ་བདེན་དམ་བཅའ་དང་འཐད་པ་དང་། སྡུག་བདེན་རང་སྤྱིའི་མཚན་ཉིད་དང་། འགོག་བདེན་སྟོང་ཉིད་ཀྱི་སྒོ་ནས་བསྟན་པའོ། །དང་པོ་ནི་འདོད་ཆགས་དང་བྲལ་བའི་རྣམ་པ་དང་། འདུན་པས་མི་གནས་པ་དང་། མཚན་མ་དང་ཉེས་པ་ཉེ་བར་ཞི་བའི་རྣམ་པ་གསུམ་ནི། རྒྱུ་འདུན་པ། འདོད་ཆགས། ཡང་སྲིད་ལ་དགའ་བ་གསུམ་གྱི་གཉེན་པོ་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་རྣམ་པ་གསུམ་ནི་ཀུན་འབྱུང་ཆགས་སྡང་རྨོངས་གསུམ་གྱི་གཉེན་པོ་དང་། རྒྱུ་ཚུལ་མིན་ཡིན་བྱེད་དང་བྲལ་བས་ཉོན་མོངས་པ་མེད་པའི་རྣམ་པ་ནི་རབ་སྐྱེ་ཀུན་རྟོག་གི་གཉེན་པོ་དང་། བདེན་པའི་སེམས་ཅན་མེད་པའི་རྣམ་པ་ནི་རྐྱེན་འཇིག་ལྟའི་གཉེན་པོ་སྟེ་བརྒྱད་དོ། །གཉིས་པ་ལམ་བདེན་གྱི་རྣམ་པ་ནི། ཚད་མེད་པའི་རྣམ་པས་སེམས་ཅན་རྣམས་ལ་གོ་སྐབས་འབྱེད་པ་ཐེག་ཆེན་ལམ་གྱི་ངོ་བོ་བསྟན། མཐའ་གཉིས་དང་མ་འབྲེལ་བའི་རྣམ་པས་སྲིད་ཞི་ལ་མ་ཞེན་པས་གོ་འབྱེད་པའི་རྒྱུ་མཚན་བསྟན། ཐ་མི་དད་པའི་རྣམ་པས་ཆོས་ཐམས་ཅད་ཆོས་དབྱིངས་སུ་ཐ་མི་དད་པར་མ་ལུས་པར་རྟོགས་པ་རིགས་པའི་ངོ་བོ་བསྟན། མཆོག་ཏུ་འཛིན་པ་མེད་པས་ཉན་རང་གི་ལམ་གྱི་ཆོག་མི་ཤེས་པས་ཐེག་ཆེན་གྱི་ལམ་མ་ལུས་པ་རྟོགས་པ་ཡིན་པའི་རྒྱུ་མཚན་བསྟན། རྣམ་པར་མི་རྟོག་པའི་རྣམ་པས་བདག་མེད་རྟོགས་པའི་སྒྲུབ་པའི་ངོ་བོ་བསྟན། གཞལ་དུ་མེད་པའི་ཆོས་ཉིད་ལ་ཤེས་བྱར་མི་འཛིན་པས་མི་རྟོག་པའི་རྒྱུ་མཚན་བསྟན། ཆགས་པ་མེད་པའི་རྣམ་པས་ཆོས་ཐམས་ཅད་ལ་ཆགས་པ་དང་བྲལ་བ་ངེས་འབྱིན་བསྟན་ཏེ་འདི་ལ་རྒྱུ་མཚན་མ་གསུངས་སོ། །གསུམ་པ་སྡུག་བདེན་གྱི་རྣམ་པ་ནི། མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་བཞི་རང་མཚན་དང་། དེ་ཐམས་ཅད་ཀྱང་རང་བཞིན་གྱིས་གྲུབ་པའི་མཚན་ཉིད་མེད་པའི་རྣམ་པ་སྤྱི་མཚན་ཏེ་ལྔའོ། །བཞི་པ་འགོག་བདེན་གྱི་རྣམ་པ་ནི། ནང་དང་། ཕྱི་དང་། གཉིས་ཀའི་སྟོང་ཉིད་གསུམ་ནི་ཟག་བཅས་ཀྱི་དངོས་པོ་འགགས་པས་རབ་ཏུ་ཕྱེ་བ་འགོག་པའི་རྣམ་པ་གསུམ་དང་སྟོང་པ་ཉིད་དང་། ཆེན་པོ་དང་། དོན་དམ་པར་དང་འདུས་བྱས་དང་འདུས་མ་བྱས་པ་དང་། མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་དང་བརྒྱད་ནི། དེ་བརྒྱད་ལ་སྒྲོ་བཏགས་པའི་མངོན་ཞེན་བརྒྱད་ཞི་བ་ཞི་བའི་རྣམ་པ་བརྒྱད་དང་། རང་བཞིན་སྟོང་པ་ཉིད་ནི་བྱེད་པ་པོ་མེད་པར་རང་བཞིན་སྟོང་པ་ཉིད་དུ་རྣམ་པར་དག་པ་གྱ་ནོམ་པའི་རྣམ་པ་གཅིག་དང་། ཆོས་ཐམས་ཅད་དང་། རང་གི་མཚན་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་གསུམ་གྱིས་བཏགས་པ་དང་མཚན་ཉིད་དུས་སུ་འཁྲུལ་བ་གསུམ་འགགས་པས་ཇི་ལྟར་ངེས་པར་འབྱིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ངེས་འབྱུང་རང་གི་ངོ་བོ་བསྟན་པ་དང་བཞི་སྟེ། འགོག་བདེན་གྱི་རྣམ་པ་བཅུ་དྲུག་གོ ། གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ནི། དྲན་པ་ཉེར་བཞག་སོགས་ནས། རྩ་དགུ་དག་ཏུ་བཞེད། ཅེས་པ་སྟེ། གཞི་ཤེས་ཀྱི་རྣམ་པ་ལ། དངོས་པོ་ལ་རྟོག་པའི་ལམ་དྲན་པ་ཉེར་བཞག་བཞི། རྩོལ་བ་ལས་བྱུང་བའི་ལམ་ཡང་དག་སྤོང་བ་བཞི། ཏིང་ངེ་འཛིན་སྦྱོང་བའི་ལམ་རྫུ་འཕྲུལ་གྱི་རྐང་པ་བཞི། མངོན་པར་རྟོགས་པར་སྦྱོར་བའི་ལམ་དབང་པོ་ལྔ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་སྟོབས་ལྔ། མངོན་པར་རྟོགས་པའི་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན། རྣམ་དག་ངེས་པར་འབྱིན་པའི་ལམ་ལམ་གྱི་ཡན་ལག་བརྒྱད་དང་སོ་བདུན། ལམ་ཤེས་ཀྱི་རྣམ་པ་ལ་གཉེན་པོའི་ལམ་རྣམ་ཐར་སྒོ་གསུམ། སྤྲུལ་པའི་ལམ་རྣམ་ཐར་གསུམ། མཐོང་ཆོས་བདེར་གནས་ཀྱི་ལམ་རྣམ་ཐར་ལྷག་མ་ལྔ། འཇིག་རྟེན་ལས་འདས་པའི་ལམ་སྙོམས་འཇུག་དགུ། སྤོང་བའི་ལམ་ཆོས་བཟོད་བཞི། སངས་རྒྱས་ཀྱི་ལམ་ཕར་ཕྱིན་བཅུ་དང་སོ་བཞི། རྣམ་མཁྱེན་གྱི་རྣམ་པ་ལ་སྟོབས་ཀྱི་རྣམ་པ་བཅུ་དང་། མི་འཇིགས་པའི་རྣམ་པ་བཞི། སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞི། མ་འདྲེས་པའི་རྣམ་པ་བཅོ་བརྒྱད་དེ་ཡོན་ཏན་དབྱེ་བ་སུམ་ཅུ་རྩ་དྲུག་དང་། ཡོན་ཏན་དེ་དག་གི་རང་བཞིན་གང་ཡིན་པ་དེ་བཞིན་ཉིད་ཀྱི་རྣམ་པ་དང་། ཡོན་ཏན་གྱི་ཆོས་དེ་ལ་མངའ་དབང་བསྒྱུར་བའམ། དེ་དག་གང་ཟག་གང་གི་ཡིན་པ་རང་བྱུང་གི་རྣམ་པ་དང་། དེ་གང་གི་ཆེད་དུ་ཡིན་པ་སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ་སུམ་ཅུ་རྩ་དགུ་ཡིན་ནོ། །འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ལྟར་རྣམ་མཁྱེན་གྱི་རྣམ་པ་འདི་དག་བྱང་ཆུབ་སེམས་དཔའི་སྒོམ་པའི་ཚུལ་ཅི་ལྟ་བུ་ཞེ་ན། སྤྱིར་བྱང་སེམས་ཀྱི་སྒོམ་རྣམ་པ་བཞི་སྟེ། གང་སྒོམ་པ་ནི་བློ་དེའི་རྗེས་མཐུན་པ་ཙམ་དུ་སྐྱེ་བ་མོས་པ་ཡིད་ལ་བྱེད་པའི་སྒོམ། བློ་དེའི་མཚན་ཉིད་ཇི་ལྟ་བར་སྐྱེ་བ་དེ་ཁོ་ན་ཡིད་ལ་བྱེད་པའི་སྒོམ། རང་རྒྱུད་ལ་འབྱུང་འགྱུར་གྱི་མངོན་རྟོགས་དེ་དང་དེའི་མཚན་ཉིད་འདི་དང་འདིའོ་ཞེས་ཡིད་ལ་བྱེད་ཅིང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པར་བྱེད་པ་མཚན་ཉིད་རྗེས་སུ་དཔྱོད་པའི་སྒོམ། གོ་འཕང་དེ་དང་དེ་ཐོབ་པར་ཡིད་ཀྱིས་སྨོན་པར་བྱེད་ཅིང་། དེའི་ཆེད་དུ་ཚོགས་གསོག་པར་བྱེད་པ་སྨོན་ལམ་གྱི་སྒོམ་རྣམས་ལས། ས་བདུན་པ་མན་ཆད་དུ་རྣམ་མཁྱེན་གྱི་སྐབས་ཀྱི་གཞི་ཤེས་དང་། ལམ་ཤེས་ཀྱི་རྟོགས་རིགས་རྗེས་མཐུན་ཙམ་སྐྱེ་བས་མོས་པ་ཡིད་བྱེད་ཀྱི་སྒོམ། སྟོབས་སོགས་མཚན་ཉིད་རྗེས་སུ་དཔྱོད་པ་དང་སྨོན་ལམ་གྱི་ཚུལ་གྱིས་སྒོམ། ས་བརྒྱད་པ་ཡན་ཆད་དུ་སྟོབས་སོགས་རྗེས་མཐུན་ཐོབ་པའི་ཕྱིར་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་སྒོམ་པ་ཡིན་ནོ། ། གཉིས་པ་སྦྱོར་བ་པོ་གང་ཟག་བསྟན་པ་ནི། སངས་རྒྱས་རྣམས་ལ་སོགས་ནས། རྣམས་བཞེད་དོ་ཞེས། གང་དེ་བཞིན་གཤེགས་པ་ལ་དམིགས་ཏེ་གཙུག་ལག་ཁང་བྱེད་པ་ལ་སོགས་པ་སངས་རྒྱས་ལ་ལྷག་པར་བྱ་བ་བྱས་པ་དང་། བསོད་སྙོམས་ཕུལ་བ་ལ་སོགས་པ་སངས་རྒྱས་ལས་དགེ་བའི་རྩ་བ་བསྐྲུན་པ་དང་། ཐེག་ཆེན་དགེ་བའི་བཤེས་གཤེན་གྱི་མགོན་དང་བཅས་པ་སྟེ་ཁྱད་པར་གསུམ་ལྡན་ནི་གཙོ་ཆེར་ཡུམ་ཉན་པའི་སྣོད་ཡིན་ནོ། །སངས་རྒྱས་མང་པོ་བསྟེན་ཏེ་བསྙེན་བཀུར་བ་ནི་ཚིག་བློ་ལ་ལེན་པའི་སྣོད་དང་། སངས་རྒྱས་རྣམས་བསྙེན་བཀུར་ནས་ཐེ་ཚོམ་གྱི་དོན་ཀུན་འདྲི་བ་ནི་དོན་མི་བརྗེད་པར་འཛིན་པའི་སྣོད་དང་། སངས་རྒྱས་ཀྱི་དྲུང་དུ་བསྟེན་ནས་ཕྱིན་དྲུག་ལ་སྤྱོད་པ་ནི་མཚན་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཡིན་པར་དམ་པ་རྣམས་བཞེད་དོ། །གསུམ་པ་སྤྱོར་བ་རང་གི་ངོ་བོ་ནི། གཟུགས་ལ་སོགས་ལ་མི་གནས་སོགས་ནས་མཚམས་དང་བཅས་ཞེས་འདི་ལ་སྦྱོར་བ་བསྐྱེད་ཚུལ་གྱི་དབང་དུ་བྱས་པ་ལྔ་དང་སྐྱེས་པའི་སྦྱོར་བ་བཅོ་ལྔའོ། །དང་པོ་ནི། གཟུགས་ནས་མ་འདྲེས་པའི་བར་ལ་ཞེན་ནས་མི་གནས་པ་ཡུལ་ལ་ཞེན་སྤྱོད་འགོག་པའི་སྦྱོར་བ་དང་། གཟུགས་སོགས་དེ་ལ་ཞེན་ནས་སྦྱོར་བ་བཀག་པ་ཡུལ་ཅན་ལ་ཞེན་སྤྱོད་འགོག་པའི་སྦྱོར་བ་དང་གཟུགས་སོགས་ཀྱི་དེ་བཞིན་ཉིད་ཟབ་པར་རྟོགས་པ་གཞི་ཤེས་ཀྱི་ཟབ་པའི་སྦྱོར་བ། དེ་རྣམས་ཀྱི་རང་བཞིན་གཏིང་དཔག་དཀའ་བར་རྟོགས་པ་ལམ་ཤེས་ཀྱི་གཏིང་དཔག་དཀའ་བའི་སྦྱོར་བ། དེ་དག་གི་རང་བཞིན་ཚད་མེད་པར་རྟོགས་པ་རྣམ་མཁྱེན་གྱི་ཚད་མེད་པའི་སྦྱོར་བ་སྟེ། དེ་ལྟར་ལྔ་གསུངས་པ་ནི་ཡུལ་དང་ཡུལ་ཅན་དུ་མ་ཞེན་པར་བྱས་ཏེ་སྐྱེ་མེད་གསུམ་སྒོམ་ན་ཟབ་པ་ལ་སོགས་གསུམ་རྟོགས་པའི་སྦྱོར་བ་རྣམས་སྐྱེས་སོ། །ཞེས་བསྟན་པའི་ཕྱིར་ཡིན་ལ་འདི་དག་ལ་རང་བཞིན་གྱི་སྦྱོར་བ་ལྔ་ཞེས་ཀྱང་བཤད་དེ། ལས་དང་པོ་ནས་ས་བཅུའི་བར་ཐམས་ཅད་ན་ཡོད་པའི་ཕྱིར་རོ། །གཉིས་པ་ཐབས་དེས་བསྐྱེད་པའི་སྦྱོར་བ་ནི་བཅོ་ལྔ་སྟེ་ཤེར་ཕྱིན་ཟབ་པ་སོགས་ལ་སྐྲག་དངངས་ཀུན་ཏུ་སྐྲག་པ་སྐྱེ་བ་དང་ལྡན་པའི་སྒྲུབ་པ་ནི་ཚོགས་ལམ་པ་དབང་རྟུལ་ལ་སྟེ་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ། སྐྱེ་མེད་གསུམ་ལ་མི་སྐྲག་སོགས་དང་ལྡན་པའི་སྒྲུབ་པ་ནི་ཚོགས་ལམ་པ་དབང་རྣོན་དང་དྲོད་ནས་ཏེ་དེ་བཞིན་གཤེགས་པ་གསུམ་ལས་མི་འདའ་བར་ལུང་བསྟན་པས་ལུང་བསྟན་ཐོབ་པའི་སྦྱོར་བ། ཡུམ་ཐོས་ནས་ཡང་དག་པར་འཛིན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པའི་བར་ནི་རྩེ་མོ་ནས་ཏེ་ཕྱིར་མི་ལྡོག་པའི་སྦྱོར་བ། རྣམ་མཁྱེན་གྱི་བར་ཆད་ཀྱི་ཆོས་ཉན་རང་གི་ས་ལས་ངེས་པར་འབྱུང་བ་བཟོད་པ་ལ་སྟེ་ངེས་འབྱུང་སྦྱོར་བ། མཉམ་བཞག་ཏུ་སྤྲོས་བྲལ་སྒོམ་པ་དང་རྗེས་ཐོབ་ཏུ་ཡུམ་འཆད་འཛིན་སོགས་བྱེད་པ་ནི་ཆོས་མཆོག་ལ་སྟེ་མཐོང་ལམ་ལ་བར་མ་ཆད་དུ་སྦྱོར་བས་བར་ཆད་མེད་པའི་སྦྱོར་བ། ཐེག་ཆེན་ཟག་མེད་ཀྱི་ཆོས་གསར་དུ་ཐོབ་པའི་རྟེན་དང་དེ་ཕྱིན་ཆད་ཟག་མེད་སྐྱེ་བའི་རྟེན་ནི་མཐོང་ལམ་ནས་ཏེ་བྱང་ཆུབ་ལ་ཉེ་བའི་སྦྱོར་བ། སྦྱོར་བའི་འབྲས་བུ་ཆོས་སྐུ་དང་ལོངས་སྤྲུལ་མངོན་པར་འགྲུབ་པ་ནི་ས་གཉིས་པ་ནས་བདུན་པའི་བར་ལ་སྟེ་མྱུར་དུ་མངོན་པར་རྫོགས་པ་བྱང་ཆུབ་པའི་སྦྱོར་བ། སྐྱེ་བོ་ལ་ཕན་བདེའི་ཕྱིར་དུ་ཆོས་འཁོར་བསྐོར་ཞིང་བསྐུལ་བ་གཞན་དོན་གྱི་སྦྱོར་བ། སྐྱོན་ཡོན་ལ་འཕེལ་འགྲིབ་མཐོང་ཡང་ཆོས་ཉིད་ལ་འཕེལ་འགྲིབ་དང་སྐྱེ་འགག་ཀུན་བྱང་དུ་མི་མཐོང་བ་འཕེལ་འགྲིབ་མེད་པའི་སྦྱོར་བ། ཆོས་དང་ཆོས་མིན་ཁམས་གསུམ་ལ་སོགས་པར་མི་དམིགས་པ་མཐའ་གཉིས་ལ་མི་གནས་པའི་སྦྱོར་བ། གཟུགས་ཚོར་སོགས་ཀྱི་རང་བཞིན་བསམ་མི་ཁྱབ་དང་གཞལ་མེད་བསམ་མེད་དུ་ཞེན་པའི་རློམ་པ་མེད་པ་ཆོས་ཉིད་དུ་མི་རློམ་པའི་སྦྱོར་བ། གཟུགས་ཚོར་སོགས་མཚན་མ་རྒྱུ་དང་ངོ་བོ་ཉིད་དུ་མི་རྟོག་པ་ཆོས་ཅན་དུ་མི་རྟོག་པའི་སྦྱོར་བ་སྟེ་ལྔ་པོས་བརྒྱད་པ་ནས། རྒྱུན་ཞུགས་སོགས་བཞི་དང་རང་རྒྱལ་རྫོགས་བྱང་སྟེ་འབྲས་བུ་རིན་པོ་ཆེ་དྲུག་གཞན་ལ་སྦྱིན་པའི་སྦྱོར་བ་འདི་ས་དང་པོ་ནས་ཡོད་ཀྱང་དགུ་པར་སོ་སོར་རིག་པ་བཞི་ཐོབ་པས་དེའི་སྒོ་ནས་སེམས་ཅན་རྣམས་སྨིན་པར་བྱེད་པས་གཙོ་བོར་དེ་ནས་བཞག །གནས་ངན་ལེན་གྱི་སྒྲིབ་པ་ཕྲ་མོ་དག་པར་བྱེད་པ་དག་པའི་སྦྱོར་བས་བཅུ་པ་སྟེ། གནས་སྐབས་ཀྱི་སྦྱོར་བ་བཅུ་བཞི་ཡུམ་འདྲི་བ་སོགས་ལ་ལོ་ཟླ་ཞག་ཏུ་བརྩོན་པ་མི་འདོར་པ་ས་མཚམས་ཀྱི་སྦྱོར་བ་སྟེ་ཚོགས་ལམ་ནས་ས་བདུན་པའི་བར་ཡོད། ས་བརྒྱད་པ་ནས་ས་མཚམས་ཀྱིས་ཕྱེས་ནས་བྱེད་མི་དགོས་པས་མེད་ལ། འདི་སྦྱོར་བ་བཅུ་བཞིའི་རྒྱུར་གསུངས་སོ། །བཞི་པ་སྦྱོར་བའི་སྔོན་འགྲོའི་ཆོས་ལ། ཐོབ་བྱ་ཡོན་ཏན། དོར་བྱ་སྐྱོན། ཤེས་བྱ་མཚན་ཉིད། རྒྱུད་ལ་བརྟེན་བྱ་ཐར་པ་ཆ་མཐུན་ནོ། །དང་པོ་ནི་བདུད་ཀྱི་མཐུ་བཅོམ་ལ་སོགས་པ། ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་པ་སྟེ། བདུད་བཅོམ་༡རྒྱལ་བས་དགོངས་མཁྱེན་༢མངོན་སུམ་མཛད༣། །རྫོགས་བྱང་༤ལ་ཉེ་རྒྱལ་ཕྲད་མཐོ་རིས་༥སྐྱེ། །སྐྱེ་ཡུལ་རྒྱལ་བས་ལུང་བསྟན་༦ཟག་མེད་༧རྫོགས། །ཡུམ་སྨྲ་༨བདུད་ལས་༩ཉན་རང་ཐུན་མོང་སྤངས༡༠། ། སྨྲས་བཞིན་བྱེད་༡༡དང་འབྲས་བུ་རྒྱ་ཆེན་༡༢འཛིན། །མ་འོངས་སེམས་ཅན་༡༣དོན་སྒྲུབ་ཤེར་ཕྱིན་༡༤ཐོབ། །ཅེས་སོ། །གཉིས་པ་དོར་བྱ་སྐྱོན་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། ། དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་པ་སྟེ། སྦྱོར་བའི་འགལ་རྐྱེན་རང་ལ་གནས་པ་ཉི་ཤུ་ནི། ཚོགས་༡བཅས་མྱུར་རྟོགས་༢ལུས་༣སེམས་༤གནས་ངན་ལེན། །རིགས་མིན་འདོན་༥སོགས་ཡུམ་སྤོང་རྒྱུ་མཚན་འཛིན༦། །རྒྱུ་༧འབྲས་༨ཐེག༩་ཆེན་༡༠ཚད་༡༡འབྲེལ་བླ་མེད་ཉམས༡༢། །ཡུལ་༡༣རྟོགས་༡༤འབྲི་དང་དངོས་མེད་༡༥ཡི་གེ་༡༦དང་། །ཡིག་མེད་༡༧ཡུམ་ཞེན་གྲོང་༡༨སོགས་རྙེད་སོགས་རྟོག༡༩། ལམ་མ་ཡིན་ལས་ཐབས་མཁས་ཚོར་བའོ༢༠། ། རང་གཞན་གང་རུང་ལ་གནས་པ་མཐུན་རྐྱེན་མ་ཚང་བ་ཉེར་གསུམ་ནི། འདུན་དང་སྙོམ་༡ལས་ཡུལ་༢འགལ་འདོད་ཆུང་ཆེ༣། །སྦྱངས་ཡོན་ལྡན་མིན་༤དགེ་དང་མི་དགེ་༥ཅན། ། གཏོང་དང་སེར་སྣ་༦སྦྱིན་འདོད་ལེན་མི་འདོད༧། །ཚིག་ལྷུར་ལེན་མིན་༨ཆོས་མངོན་ཤེས་མི་ཤེས༩། །ཕྱིན་དྲུག་ལྡན་མིན་༡༠ཐབས་དང་ཐབས་མིན་མཁས༡༡། །གཟུངས་ཐོབ་༡༢མ་ཐོབ་འདྲི་སོགས་འདོད་མི་འདོད༡༣། །སྒྲིབ་བྲལ་༡༤མ་བྲལ་ཉན་འཆད་སྔ་ཕྱིར་འབྲེལ། ། གཞན་དོན་ངན་འགྲོ་ཕྱིར་༡༥ཕྱོགས་བདེ་འགྲོར་སྲེད༡༦། །འཆད་ཉན་སྔ་ཕྱི་གཅིག་པུར་འཁོར་ལ་དགའ༡༧། །རྗེས་འབྲང་སྐབས་མི་ཕྱེད་༡༨དང་འདོད་མི་སྦྱིན༡༩། །སྲོག་༢༠འཚེ་༢༡མུ་གེ་༢༢རྐུན་ཕྱོགས་འདོད་མི་འདོད། །བསོད་སྙོམས་ཁྱིམ་ལྟ་ཉན་པོ་ཡིད་༢༣མི་བདེ་བའོ། །གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ་ནི། བདུད་ཀྱི་ཆོས་དང་གང་ཟག་སོ་སོར་འབྱེད༡། །མི་སྡུག་སྒོམ་སོགས་གནས་ལུགས་དོན་དུ་སྟོན༢། །སངས་རྒྱས་སོགས་སྤྲུལ་བདུད་ལ་དགའ་བསྐྱེད་པའོ། །གསུམ་པ་ཤེས་བྱ་མཚན་ཉིད་ལ། །ངོ་བོའི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། གང་གིས་མཚོན་དེ་སོགས་ནས། མཚོན་བྱ་ཡང་ཞེས་པ་སྟེ། གང་གིས་མཁྱེན་གསུམ་གྱི་སྦྱོར་བ་འདི་རྣམས་གཞི་ལམ་རྣམ་པར་མཁྱེན་པའི་རྟོགས་པ་དང་། ཐེག་དམན་ལས་ཁྱད་པར་དུ་འཕགས་པ་དང་། གཞན་དོན་བྱེད་པའི་ཕྲིན་ལས་སྐྱེད་ནུས་སུ་མཚོན་པར་བྱེད་པ་དང་། སྦྱོར་བ་དེ་རྣམས་དང་པོ་གསུམ་གྱིས་མཚོན་པར་བྱ་བའི་གཞི་ཡིན་པས་ངོ་བོ་ཉིད་དང་། མཚན་ཉིད་གཞི་མཐུན་དུ་སྟོན་པ་རྣམས་ནི། སྦྱོར་བའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། དེ་ཡང་གང་གིས་མཚོན་པར་བྱེད་པ་བྱེད་སྒྲུབ་ཀྱི་དབང་དུ་བཏང་ནས་ཤེས་པ། ཁྱད་པར། བྱེད་པ་སྟེ་མཚན་ཉིད་སྔ་མ་གསུམ་དང་། གང་མཚོན་པར་བྱ་བ་ལས་སྒྲུབ་ཀྱི་དབང་དུ་བྱས་ནས་ངོ་བོ་ཉིད་ཀྱིས་མཚན་ཉིད་ཀྱིས་མཚོན་བྱ་དང་མཚན་ཉིད་གཞི་མཐུན་པར་བསྟན་པ་ཡིན་ནོ། །གཉིས་པ་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་ལ། ཤེས་པ། ཁྱད་པར། བྱེད་པ། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ལ་གསུམ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་ཤེས་པའི་མཚན་ཉིད་དོ། །དང་པོ་གཞི་ཤེས་ཀྱི་ཤེས་མཚན་ནི། དེ་བཞིན་གཤེགས་པ་འབྱུང་བ་དང་། སོགས་ནས་ཤེས་པའི་མཚན་ཉིད་བསྡུས་པ་ཡིན། ཞེས་པ་སྟེ། གཞི་ཤེས་ཀྱི་སྦྱོར་བའི་ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་སྟོབས་སོགས་འབྱུང་བ་ཤེས་པ་དང་། ཕུང་ལྔའི་འཇིག་རྟེན་དེ་ཁོ་ནར་རྒྱུན་དང་། སྐད་ཅིག་གིས་འཇིག་པ་མེད་པའི་བདག་ཉིད་དུ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྟོང་ཕྲག་གྱ་བཞི་པོ་གྲངས་མེད་པ་ཆོས་དབྱིངས་སྤྲོས་བྲལ་གྱི་ངོ་བོར་ཚད་མེད་པར་ཤེས་པ་དང་། དེ་བཞིན་ཉིད་ལ་མཉམ་པར་བཞག་པས་སེམས་དེ་བསྡུས་པ་དེ་ཁོ་ནར་མི་འཇིག་ཅིང་། ཐ་སྙད་དུ་འཇིག་པར་ཤེས་པ་དང་། མཉམ་པར་མ་བཞག་པའི་སེམས་དེ་ཕྱིར་བལྟས་པ་ལམ་གཡེངས་པ་ཐ་སྙད་དུ་ཕྱི་རོལ་དུ་གཡེངས་པ་དང་། དེ་ཁོ་ནར་གཡེང་བ་མེད་པར་ཤེས་པ་དང་། བསྡུས་པ་དང་གཡེང་བའི་སེམས་དེ་ཡང་དག་པར་ན་རྣམ་པར་འཇིག་པ་མེད་པས་མི་ཟད་པའི་རྣམ་པ་ཤེས་པ་དང་། སོ་སྐྱེའི་སེམས་འདོད་ཆགས་དང་བཅས་པ་དང་། ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་དང་། འཕགས་པའི་སེམས་དེ་དག་དང་བྲལ་བ་རྣམས་སྤྲོས་བྲལ་དུ་ཤེས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་སེམས་རྒྱ་ཆེན་པོ་ཤེས་པ་དང་། ཁྱབ་པར་བྱེད་པས་སེམས་ཆེན་པོར་གྱུར་པའོ། ཡང་ཆེན་པོར་གྱུར་པའི་དོན་མཉམ་པ་ཡིན་པས་སེམས་ཅན་ཐམས་ཅད་དོན་དམ་པར་བདག་མེད་པ་དང་། ཐ་སྙད་དུ་སྒྱུ་མ་ལྟ་བུའི་ངོ་བོས་ཡོན་ཏན་ཐོབ་པའི་རྟེན་དུ་མཉམ་པར་ཤེས་པ་དང་། འཇུག་ཡུལ་གྱི་རྟེན་སོ་སོར་ངེས་པ་མེད་པས་གྲངས་དང་ཚད་ཀྱིས་གཞལ་མི་ནུས་པས་སེམས་ཚད་མེད་པར་ཤེས་པ་དང་། དཔེ་མེད་པས་སམ་རང་གི་ངོ་བོས་སྟོང་པས་རྣམ་ཤེས་སམ་སེམས་བསྟེན་དུ་མེད་པར་ཤེས་པ་དང་། ངོ་བོ་ཉིད་མེད་པའི་དེ་བཞིན་གཤེགས་པའི་སྤྱན་ལྔ་ལ་བལྟར་མི་སྣང་བས་སེམས་བལྟར་མེད་པར་ཤེས་པ་དང་། བདག་དང་འཇིག་རྟེན་༡རྟག་མི་རྟག་གཉིས་་གཉིས་མིན་དུ་ལྟ་བ་བཞི། མཐའ་དང་ལྡན་༢མི་ལྡན་༣གཉིས་གཉིས་༤མིན་དུ་ལྟ་བ་བཞི། དེ་བཞིན་གཤེགས་པ་གྲོང་ནས་འབྱུང་༡མི་འབྱུང་༢གཉིས་༣གཉིས་༤མིན་དུ་ལྟ་བ་བཞི། ལུས་སྲོག་གཅིག་ཐ་དད་དུ་ལྟ་བ་གཉིས་ཏེ་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལས། དང་པོ་གསུམ་གཡོ་བ། གསུམ་པ་གསུམ་དང་བཅུ་གསུམ་པ་བཀྲམ་པ། གཉིས་པ་གསུམ་འདུ་བ། བཞི་པ་གསུམ་དང་བཅུ་བཞི་པ་བཅུ་གསུམ་པ་སྟེ། དང་པོ་གཉིས་བྱ་བ་མི་འགོག་པར་རང་ཡུལ་ལ་སེམས་འཇུག་པས་སྒྲུབ་པ་དང་ཕྱི་མ་གཉིས་བྱ་བ་བཀག་སྟེ་སེམས་ཡུལ་ལ་མི་འཇུག་པས་དགག་པའི་སྒོ་ནས་འཇུག་པར་སྦྱར་ཏེ། དེ་ལྟར་གཡོ་བ་ལ་སོགས་པའི་ལྟ་བ་དེ་རྣམས་སྒྱུ་མ་ལྟ་བུའི་ཕུང་པོ་ལྔ་ལ་བརྟེན་ནས་སྐྱེ་ཡི་དེ་དག་གི་ཞེན་པ་ལྟར་གྲུབ་པ་མེད་དོ་ཞེས་བྱ་བར་ཤེས་པ་དང་། གཡོ་བ་ལ་སོགས་པའི་སེམས་དེ་དག་ནི་ཀུན་རྫོབ་ཀྱི་མཁྱེན་ཚུལ་དེ་ལས་གཞན་དུ་ཡང་མཁྱེན་ཏེ། དེ་ཡང་ཕུང་ལྔ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་སོགས་སྤྲོས་བྲལ་དུ་ཤེས་པས་གཡོ་བ་སོགས་ཀྱང་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་དང་། དེ་བཞིན་གཤེགས་པས་དེ་བཞིན་ཉིད་རྟོགས་པ་དེ་རང་གིས་རྟོགས་པ་ལྟར་གདུལ་བྱ་གཞན་ལ་བསྟན་ཅིང་བསྟན་པའམ་འདོགས་པ་ཤེས་པ་དང་། བཅུ་དྲུག་པོ་འདི་དག་གཙོ་བོར་གཞི་ཕུང་པོ་ལྔ་དང་དེ་ལས་ཀྱང་སེམས་དང་སེམས་བྱུང་མིང་བཞིའི་ཕུང་པོ་དང་། དེ་བཞིན་ཉིད་མཁྱེན་པར་གསུངས་པས་གཞི་མཁྱེན་པའི་ཤེས་པ་དེ་འདི་དག་གིས་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་དེའི་མཁྱེན་པ་བཅུ་དྲུག་སྐྱེད་པའི་ནུས་ལྡན་དུ་མཚོན་ཞིང་ཤེས་པར་བྱེད་པས་ན་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཤེས་པའི་མཚན་ཉིད་བསྡུས་པ་ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་མཚན་ཉིད་ནི། སྟོང་ཉིད་མཚན་མ་མེད་སོགས་ནས་ཡིན་པར་བཞེད། ཅེས་གསུངས་ཏེ། ལམ་ཤེས་ཀྱི་ཡུམ་ལ་བརྟེན་ནས་ཆོས་ཐམས་ཅད་ངོ་བོས་སྟོང་པ་ཉིད་དུ་ཤེས་པ་དང་། རྒྱུ་མཚན་མ་མེད་པར་ཤེས་པ་དང་། འབྲས་བུ་སྨོན་བྱར་མེད་པར་ཤེས་པ་དང་། རྟེན་འབྲེལ་ལུགས་འབྱུང་གིས་སྐྱེ་བ་མེད་པར་ཤེས་པ་དང་། ལུགས་ལྡོག་གིས་འགག་པ་མེད་པར་ཤེས་པ་དང་། དྲི་མའི་བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པར་ཤེས་པ་དང་། དྲི་མ་དང་བྲལ་བའི་རྣམ་པར་བྱང་བ་མེད་པར་ཤེས་པ་དང་། སྤང་བླང་གི་དངོས་པོ་མེད་པར་ཤེས་པ་དང་། མྱ་ངན་ལས་འདས་པའི་ངོ་བོ་ཉིད་མེད་པར་ཤེས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོས་གནས་པའི་རྟེན་མེད་པར་ཤེས་པ་དང་། དེ་དག་ཀྱང་དཔེར་ན་ནམ་མཁའི་ངང་ཚུལ་ལམ། མཚན་ཉིད་ཇི་ལྟ་བ་དེ་ལྟར་ཤེས་པ་དང་། ལྷ་མི་སོགས་ཀྱི་མཚན་ཉིད་ཇི་ལྟ་བ་དེ་ལྟར་ཤེས་པ་དང་། ལྷ་མི་སོགས་ཀྱི་མཚན་ཉིད་ཀྱང་སྟོང་ཉིད་སོགས་ཡིན་པས་དེ་དག་གི་ཆོས་ཉིད་རྣམ་པར་འཁྲུགས་པའམ་དོར་བ་མེད་པར་ཤེས་པ་དང་། ཆོས་ཉིད་རྒྱུ་རྐྱེན་གྱིས་འདུ་མི་བྱེད་པས་འདུ་བྱེད་མེད་པར་ཤེས་པ་དང་། ཆོས་ཉིད་དེ་འགར་ཡང་གདགས་པར་བྱ་བ་མ་ཡིན་པས་རྣམ་པར་མི་རྟོག་པར་ཤེས་པ་དང་། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀྱི་མཚན་ཉིད་དེ་ཇི་ལྟར་གནས་པ་ལྟར་མཁྱེན་པ་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པར་ཤེས་པ། དོན་དམ་པར་མཚན་ཉིད་ཐམས་ཅད་མེད་པར་ཤེས་པ་དང་བཅུ་དྲུག་པོ་འདི་ཡུམ་གྱི་མཚན་ཉིད་ཤེས་ཆ་ནས་གསུངས་ལ། ཡུམ་ཡང་ལམ་ཤེས་ཀྱི་རང་བཞིན་ཡིན་པས་ལམ་ཤེས་ཀྱི་ཤེས་མཚན་དུ་བཞག་ལ། འདི་རྣམས་ཀྱི་ཡུལ་ཅན་ཤེས་པའི་རྣམ་པ་ཁྱད་པར་བཅུ་དྲུག་གིས་ལམ་ཤེས་ཀྱི་སྦྱོར་བ་དག །དེའི་མཁྱེན་པ་བཅུ་དྲུག་སྐྱེད་པའི་ནུས་ལྡན་དུ་མཚོན་པས་ན་ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ཤེས་མཚན་ཡིན་པར་བཞེད་དོ། །གསུམ་པ་རྣམ་མཁྱེན་གྱི་མཚན་ཉིད་ནི། དེ་ནི་ཉིད་ཀྱི་ཆོས་སོགས་ནས་ཞེས་བཤད་དོ། །ཞེས་རྣམ་མཁྱེན་གྱི་སྦྱོར་བ་ལ་བརྟེན་ནས་དེ་བཞིན་བཤེགས་པ་དེ་ཉིད་ཀྱི་རྒྱུ་ཆོས་རྣམ་མཁྱེན་གྱི་སྦྱོར་བའི་ཡུམ་ལ་མངོན་པར་བསྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པ་ཤེས་པ་དང་། ཡུམ་སྟོན་པ་ན་ཉིད་ཀྱིས་གདན་དང་ཁྲི་བཤམས་པ་སོགས་མཛད་ནས་གུས་པར་བྱ་བ་ཤེས་པ་དང་། བཀའ་བསྒྲུབ་པར་བྱ་བ་ཉིད་དུ་བཀུར་ནས་བླ་མར་བྱ་བ་ཉིད་དུ་ཤེས་པ་དང་། ཡོན་ཏན་བརྗོད་པ་ལ་སོགས་པས་མཉེས་པར་བྱ་བར་ཤེས་པ་དང་། རིན་པོ་ཆེའི་མེ་ཏོག་གཏོར་བ་ལ་སོགས་པས་མཆོད་པར་བྱ་བར་ཤེས་པ་དང་། དེ་ཁོ་ནར་སྐྱེ་འཇིག་དང་རང་གི་ངོ་བོས་སྟོང་པ་གུས་པར་བྱ་བ་སོགས་དེ་ལྟར་བྱེད་པ་མེད་པ་ཉིད་ཤེས་པ་དང་། ཡུལ་ཐམས་ཅད་དུ་ཐོགས་མེད་དུ་འཇུག་པའམ་འགྲོ་བར་ཤེས་པ་དང་། གཟུགས་སོགས་ཀྱི་དོན་དེ་ཁོ་ནར་མ་མཐོང་བ་ཉིད་དེ་ཁོ་ནར་མཐོང་བར་སྟོན་པར་མཛད་པར་ཤེས་པ་དང་། ཕུང་ལྔ་སོགས་ཀྱི་འཇིག་རྟེན་སྟོང་ཉིད་ཀྱི་རྣམ་པ་ཅན་དུ་ཤེས་པ་དང་། གདུལ་བྱ་འཁོར་དུ་བསྡུས་པ་ལ་འཇིག་རྟེན་དེ་རང་གི་ངོ་བོས་སྟོང་པ་ཉིད་དུ་བརྗོད་པར་ཤེས་པ་དང་། རྒྱུད་སྨིན་པའི་གདུལ་བྱ་ལ་འཇིག་རྟེན་དེ་སྟོང་པ་ཉིད་དུ་ཤེས་པར་མཛད་པ་ཤེས་པ་དང་། རྣམ་པར་གྲོལ་བའི་གདུལ་བྱ་ལ་འཇིག་རྟེན་དེ་སྟོང་ཉིད་དུ་མངོན་སུམ་དུ་མཐོང་བར་མཛད་པར་ཤེས་པ་དང་། ཕུང་ལྔའི་དེ་ཁོ་ན་ཉིད་རྟོགས་པའི་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པར་ཤེས་པ་དང་། ཕུང་ལྔའི་ཆོས་ཉིད་སྤྲོས་པ་ཐམས་ཅད་ཞི་བ་ཉིད་དུ་སྟོན་པར་ཤེས་པ་དང་། ཡུལ་འཇིག་རྟེན་ཟག་བཅས་ཀྱི་ཕུང་པོ་ལྔ་འགོག་པ་ཤེས་པ་དང་། ཡུལ་ཅན་ཕུང་པོ་ལྔ་ལ་བླང་དོར་རམ་འཇིག་རྟེན་ཕ་རོལ་ཚུ་རོལ་གྱི་འདུ་ཤེས་འགོག་པ་ཤེས་པ་སྟེ། འདི་ནས་བསྟན་པའི་ཡུལ་ཅན་བཅུ་དྲུག་གི་ཕལ་ཆེར་སངས་རྒྱས་ཀྱི་རྒྱུད་ལ་སྐྱེས་པའི་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པའི་འབྲས་བུའི་རྣམ་བཞག་ཡིན་པས་དེ་ཤེས་པའི་ཡུལ་ཅན་བཅུ་དྲུག་རྣམ་མཁྱེན་གྱི་ཤེས་མཚན་ཡིན་ལ། དེ་དག་གིས་རྣམ་མཁྱེན་གྱི་སྦྱོར་བ་དག་དེའི་མཁྱེན་པ་བཅུ་དྲུག་སྐྱེད་པའི་ནུས་ལྡན་དུ་མཚོན་པས་ན་རྣམ་ཀུན་མཁྱེན་པའི་ཚུལ་ཉིད་ལ། ཤེས་པའི་མཚན་ཉིད་ཅེས་བཤད་དོ། ། ༈ བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ། །གཉིས་པ་ཁྱད་པར་གྱི་མཚན་ཉིད་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི་བསམ་མི་ཁྱབ་སོགས་ནས་བཤད་པ་ཡིན་ཞེས་པ་སྟེ། དེ་ལྟར་ཤེས་པའི་མཚན་ཉིད་ཀྱིས་སྦྱོར་བ་སྤྱིའི་ངོ་བོ་ཉིད་དུ་སངས་རྒྱས་སྐྱེད་བྱེད་ཙམ་དུ་མཚོན་གྱི། དེ་ཁོ་ན་ཉིད་སྐྱེད་བྱེད་དོ་ཞེས་གཞན་ལྡན་རྣམ་གཅོད་དུ་མ་བྱས་པ་སྟེ། འདིར་ཁྱད་པར་གྱི་མཚན་ཉིད་འཆད་དེ། དེ་ཡང་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཁྱད་པར་བཅུ་དྲུག་གིས་ཁྱད་དུ་བྱས་པའི་སྐད་ཅིག་མ་བཅུ་དྲུག་བདེན་བཞིའི་ཡུལ་ཅན་རྣམས་ཀྱི་ཁྱད་པར་བཤད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི། བསམ་མི་ཁྱབ་དང་སོགས་ནས། ཁྱད་པར་ལམ་ཞེས་སོ། །འདི་ལ་སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པའི་སྐད་ཅིག་མའི་ཁྱད་པར་རོ། ། དང་པོ་ནི་སངས་རྒྱས་ཀྱི་ཡེ་ཤེས་བཞིའི་རྒྱུ་བྱེད་ཅིང་རྟོག་གེ་པའི་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་དང་། དཔེར་ཟླར་རུང་བའི་མཚུངས་པ་མེད་པས་མི་མཉམ་པ་དང་། དེ་ཁོ་ནར་ཚད་མས་གཞལ་བ་ལས་ཡང་དག་པར་འདས་པ་དང་། གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པ་རྣམས་སོ། །གཉིས་པ་ཀུན་བདེན་གྱི་སྐད་ཅིག་མ་བཞིའི་ཁྱད་པར་ནི། རྒྱལ་པོ་བཏང་སྙོམས་སུ་འདུག་ནས་བློན་པོས་བྱ་བ་བྱེད་པ་ལྟར་ཡུམ་གྱིས་མི་རྟོག་བཞིན་དུ་འཕགས་པའི་གང་ཟག་ཐམས་ཅད་ཀྱི་སྤངས་རྟོག་སྡུད་པ་དང་། སོ་སྐྱེའི་བློ་ཡོངས་སུ་སྨིན་པར་བྱེད་པར་མཁས་པ་དང་། འཕགས་པ་རྣམ་པར་ཤེས་པས་རིག་པར་བྱ་བ་དང་། ཉན་རང་གི་སྤྱོད་ཡུལ་མ་ཡིན་པའི་དངོས་པོ་ཡུལ་དུས་ཀྱིས་ཆོད་པ་དང་ཕྲ་མོ་རྣམས་ཤེས་པའམ། །སྟོང་གསུམ་རྒྱུན་ཞུགས་ནས་རང་རྒྱལ་དུ་གྱུར་པའི་ཤེས་སྤངས་ལས་བྱང་སེམས་ཀྱི་ཀུན་འབྱུང་རྗེས་བཟོད་ལ་མོས་པ་ཁྱད་པར་འཕགས་པ་དང་། གཞན་ལས་ཕུལ་དུ་བྱུང་བའི་ཆོས་རྒྱ་ཆེན་པོར་སྟོན་པས་ཐོབ་བྱའི་མྱང་འདས་གཞན་ལས་ཀྱང་མྱུར་བར་ཤེས་པ་དང་བཞིའོ། །གསུམ་པ་འགོག་བདེན་གྱི་བཞི་ནི་ཀུན་རྫོབ་བདེན་ངོར་ཆོས་ཐམས་ཅད་བྲི་བ་མེད་པ་དང་། དོན་དམ་བདེན་ངོར་གང་བ་མེད་པའི་སྒྲོ་སྐུར་དང་བྲལ་བར་མཁྱེན་པ་དང་། སྦྱིན་སོགས་ཕྱིན་དྲུག་ལ་འཁོར་གསུམ་དག་པས་མོས་པ་དང་ཡིད་བྱེད་དྲག་པོས་སྒྲུབ་པ་དང་། འཁོར་གསུམ་རྣམ་དག་གི་སྦྱོར་བས་བསྐལ་པ་དུ་མར་བསྒྲུབས་ནས་ཐོབ་བྱའི་ཚོགས་གཉིས་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་དང་། འཁོར་གསུམ་དག་པས་སྦྱིན་སོགས་ཀྱི་ཆོས་ལ་དམིགས་ནས་ཡུམ་མི་འདོར་བའི་བརྩོན་འགྲུས་ཀྱིས་དེ་དག་འཛིན་པ་དང་བཞིའོ། །བཞི་བ་ལམ་བདེན་གྱི་བཞི་ནི། བྱང་སེམས་ལས་གཞན་ཡུམ་ཤེས་པ་སོགས་ཀྱི་རྟེན་དུ་མི་རུང་བས་ཆོས་དབྱིངས་ཀྱི་རང་བཞིན་ཅན་བྱང་སེམས་ཉིད་སྒྲུབ་པའི་རྟེན་ཡིན་པ་དང་། ཕར་ཕྱིན་བཅུ་ཡོངས་སུ་རྫོགས་པའི་རྒྱུའི་ཚོགས་པ་མཐའ་དག་ཚང་བ་དང་། ནང་གི་ཡོངས་འཛིན་ཐབས་སྙིང་རྗེ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་ཞིར་ལྟུང་བ་ལས་ཡོངས་སུ་འཛིན་པ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་དེ་ལ་མཚན་འཛིན་དང་། མངོན་ཞེན་གྱི་རོ་མྱོང་མེད་ཅིང་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་བདག་ཉིད་དེ་བཅུ་དྲུག་གིས་ལམ་གཞན་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་པའི་ལམ་ཡིན་ལ། དེས་མཚོན་ནས་ཉན་རང་གི་ལམ་ཁྱད་པར་དེ་དག་དང་བྲལ་བར་ཤུགས་ཀྱིས་བསྟན་པ་ཡིན་ནོ། །གསུམ་པ་བྱེད་པའི་མཚན་ཉིད་ནི། ཁྱད་མཚན་གྱི་ཉན་རང་ལས་ཁྱད་པར་དུ་འཕགས་པར་ཤེས་པར་བྱས་པའི་སྦྱོར་བ་རྣམས་ཀྱིས་གཞན་ལ་ཕན་པ་སྒྲུབ་པའི་བྱེད་པ་གང་ཞེ་ན། ཕན་དང་བདེ་དང་སོགས་ནས་བྱེད་པའི་མཚན་ཉིད་ཡིན་ཞེས་པ་སྟེ། རྟེན་སངས་རྒྱས་བྱང་སེམས་ཀྱིས་ཐབས་གཞི་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་ཡུལ་གདུལ་བྱ་རྣམས་ལ་མ་འོངས་པའི་ཕན་པ་ཕྱི་མར་སྲིད་པའི་སྡུག་བསྔལ་ཞི་བའི་མྱང་འདས་ཉེ་བར་བསྒྲུབས་པ་དང་། ཚེ་འདི་ཡི་མི་བདེ་སྡུག་བསྔལ་ཡིད་མི་བདེ་བ་དང་བྲལ་བ་ལ་ད་ལྟ་འགོད་ཅིང་མཐར་མྱ་ངན་ལས་འདའ་བ་ལ་འགོད་པ་དང་། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སེམས་ཅན་ཐམས་ཅད་སྐྱོབ་ཅིང་ཕུང་པོ་ལྷག་མ་མེད་པའི་མྱང་འདས་ལ་འགོད་པ་སྟེ་གསུམ། ལམ་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་སེམས་ཅན་རྣམས་སྐྱེ་རྒ་ན་འཆིའི་ཆོས་ལས་བསྐྱབས་ནས་བདེ་བ་དམ་པའི་ཕར་ཕྱིན་ལ་འགོད་པ་དང་། ཆོས་རྣམས་སྐྱེ་འགགས་མེད་པར་སྟོན་པས་སྡུག་བསྔལ་གྱི་རྒྱུ་དངོས་པོར་འཛིན་པའི་སེམས་ཅན་རྣམས་ཀྱི་གནས་སུ་གྱུར་པ་དང་། འཁོར་འདས་བླང་དོར་མེད་པར་མཉམ་པ་ཉིད་དུ་རྟོགས་པས་སེམས་ཅན་གྱི་དཔུང་གཉེན་དུ་གྱུར་པ་དང་། སྔ་ཕྱིའི་སྲིད་ཞིའི་མཐའ་ལ་སྲེད་པའི་རླན་ཟད་པ་མི་གནས་པའི་མྱང་འདས་རང་གཞན་གྱིས་མངོན་མཐོ་ངེས་ལེགས་ཐོབ་པའི་རྟེན་དང་རྒྱུར་གྱུར་པས་སེམས་ཅན་རྣམས་ཀྱི་གླིང་མཛད་པ་དང་། གཟུགས་སོགས་སྐྱེ་འགགས་དང་ཀུན་བྱང་མེད་པར་བསྟན་ནས་གདུལ་བྱ་རྣམས་ཐར་པར་ཡོངས་སུ་འདྲེན་པའི་གཞན་དོན་བསྒྲུབས་པ་དང་། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་སྟོན་ཅིང་རྩོལ་བ་མེད་པར་འཇུག་པས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འཇུག་པ་དང་། ལམ་ཤེས་ཀྱི་རྣམ་པའི་ཆོས་སྟོན་པས་གཞན་དོན་དུ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཞིང་རང་དོན་དུ་དེའི་འབྲས་བུ་མངོན་དུ་མི་བྱེད་པ་སྟེ་བདུན། རྣམ་མཁྱེན་གྱི་སྦྱོར་བ་ལ་བརྟེན་ནས་ཆོས་ཐམས་ཅད་རྣམ་མཁྱེན་གྱི་ངང་ཚུལ་ལས་མི་འདའ་བར་སྟོན་པ་རྟེན་གྱི་མཛད་པ་གཅིག་སྟེ། བཅུ་གཅིག་དག་གིས་རང་རྒྱུད་མཁྱེན་གསུམ་གྱི་སྦྱོར་བ་གཞན་དོན་ཁྱད་པར་ཅན་སྐྱེད་པའི་ནུས་ལྡན་དུ་མཚོན་པས་ན་བྱེད་པའི་མཚན་ཉིད་ཡིན་ནོ། །བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི། བྱེད་མཚན་བཅུ་གཅིག་གིས་གཞན་དོན་ཕུན་སུམ་ཚོགས་པ་སྐྱེད་ནུས་སུ་ཤེས་པར་བྱས་པའི་སྦྱོར་བ་རྣམས་ཀྱི་ངོ་བོ་ཉིད་གང་ཞེ་ན། ཉོན་མོངས་རྟགས་དང་སོགས་ནས། བཞི་པར་བཞེད་པ་ཡིན་ཞེས་བསྟན་ཏེ། ཆགས་སོགས་ཉོན་མོངས་པའི་ངོ་བོ་མངོན་གྱུར་པས་སྟོང་པ་ཉོན་མོངས་ཀྱིས་དབེན་པ། ཉོན་མོངས་དེའི་འབྲས་བུ་ལུས་ངག་ཡིད་ཀྱི་གནས་ངན་ལེན་གྱིས་སྟོང་པ་རྟགས་ཀྱིས་དབེན་པ་དང་། ཉོན་མོངས་པ་དེའི་རྒྱུའམ་མཚན་མ་ཚུལ་མིན་ཡིད་བྱེད་གཙང་བདེ་རྟག་བདག་སོགས་སུ་འཛིན་པས་སྟོང་པ་ཉོན་མོངས་པའི་མཚན་མས་དབེན་པ་སྟེ་ཉོན་སྒྲིབ་ཀྱིས་དབེན་པ་གསུམ། མི་མཐུན་ཕྱོགས་ཉོན་མོངས་དང་གཉེན་པོ་ཉོན་མོངས་མེད་པའི་ཕྱོགས་གཉིས་ཀ་ལ་ཞེན་པས་སྟོང་པ་མཐུན་ཕྱོགས་དང་གཉེན་པོས་དབེན་པ་སྟེ། ཤེས་སྒྲིབ་ཀྱི་དབེན་པ་གཅིག་བཅས་ཐམས་ཅད་ཤེས་པའི་སྦྱོར་བའི་ངོ་བོ་ཉིད་བཞི། དོན་དམ་པར་གཞན་དོན་དུ་གོ་བགོས་པ་མེད་ལ་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བར་གོ་བགོ་བ་ནི་དཀའ་བ། དམན་ལམ་དུ་མི་ལྷུང་བར་ཐེག་ཆེན་ལ་གནས་པ་ནི་ངེས་པ། བསྐལ་པ་གྲངས་མེད་པའི་ཡུན་གྱིས་བསྒྲུབ་པར་བྱ་བ་ཆེན་པོ་གསུམ་དོན་དུ་གཉེར་བ་ནི་ཆེད་དུ་བྱ་བ། སྒོམ་པའི་འཁོར་གསུམ་དུ་མི་རྟོག་པ་མི་དམིགས། ཡུམ་ནས་རྣམ་མཁྱེན་གྱི་བར་ལ་དངོས་པོར་ཞེན་པའི་མངོན་ཞེན་བཀག་པའི་ངོ་བོ་ཉིད་དེ། ལམ་ཤེས་ཀྱི་སྦྱོར་བའི་ངོ་བོ་ཉིད་ལྔ། གཞི་ཤེས་དང་ལམ་ཤེས་ཀྱི་ཡུལ་དུ་བྱས་པའི་གཞི་ལམ་དང་དེ་བཞིན་ཉིད་ལ་དམིགས་པ་འཇིག་རྟེན་མངོན་ཞེན་ཅན་གྱིས་སྒྲུབ་པའི་འཛིན་པ་ཡོངས་གཅོད་དུ་ཞེན་པ་དང་། འདི་ནི་གཟུང་བྱ་མིན་ཞེས་རྣམ་བཅད་དུ་ཞེན་པ་ལས་བཟློག་པ་མི་མཐུན་པ་ལ་ཆོས་ཐམས་ཅད་ཡེ་ཤེས་ཀྱིས་ཐོགས་པ་མེད་པར་ཤེས་པ་ཐོགས་མེད། ཤེས་བྱ་གཟུང་བ་དང་ཤེས་པ་འཛིན་པ་མི་དམིགས་པས་རྟེན་མེད་པར་རྟོགས་པ་གཞི་མེད། དེ་བཞིན་ཉིད་ཡིན་པས་འགྲོ་འོང་མེད་པར་རྟོགས་པ་འགྲོ་མེད། གཟུགས་སོགས་ངོ་བོ་ཉིད་མེད་པའི་སྟོང་ཉིད་ཡིན་པས་སྐྱེ་བ་མེད་པར་རྟོགས་པ་སྐྱེ་མེད། དངོས་པོ་དང་དངོས་མེད་དང་གཉིས་ཀ་དང་གཉིས་མིན་གྱི་ངོ་བོར་དེ་བཞིན་ཉིད་མི་དམིགས་པར་རྟོགས་པ་དེ་བཞིན་ཉིད་མི་དམིགས་པའི་རྣམ་པ་སྟེ། རྣམ་མཁྱེན་གྱི་ངོ་བོ་ཉིད་བདུན་དང་། ངོ་བོ་ཉིད་བཅུ་དྲུག་གིས་མཁྱེན་གསུམ་གྱི་སྦྱོར་བས་ངོ་བོ་རང་ལས་གཞན་པའི་མཚན་ཉིད་མེད་ཀྱང་དེ་དང་ལྡན་པའི་མཚོན་བྱའམ་མཚན་གཞི་བཞིན་དུ་མཚོན་པས་ན། མཚན་ཉིད་བཞི་པའོ། །བཞི་པ་ཐར་བའི་ཆ་དང་མཐུན་པ་ལ། ངོ་བོ་དང་དབྱེ་བ་གཉིས་ལས། དང་པོ་ནི། ཐར་པ་ཆ་མཐུན་གྱི་དགེ་བ་རྒྱུད་ལ་སྐྱེས་པ་ཁོ་ན་ལ་ཇི་སྐད་བཤད་པའི་སྦྱོར་བ་རྣམས་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་བྱེད་པ་འབྱུང་བས་དེ་སྟོན་པ་ནི། མཚན་མེད་རབ་ཏུ་སོགས་ནས། མཐུན་པར་འདོད་ཅེས་པ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཆོས་རྣམས་ལ་མཚན་མ་མེད་པར་དམིགས་པའི་རྣམ་པས་སྦྱིན་སོགས་ཕར་ཕྱིན་ནས་རྣམ་མཁྱེན་ལ་ཐུག་གི་བར་རྣམས། དྲོད་མ་ཐོབ་པའི་སེམས་དཔའ་རྣམས་སེམས་ཅན་ལ་དམིགས་པར་བྱེད་མོད་ཀྱི་གཞན་དོན་ལ་དམིགས་པ་སྲབ་པས་བདག་གཞན་བརྗེ་མི་ནུས་པས་རང་གི་རྒྱུད་ལ་སྐྱེད་པར་མཁས་པ་དེའི་ཐར་བའི་ཆ་དང་མཐུན་པ་ཡིན་ཏེ། ཐར་པ་ནི་བྲལ་བའི་ཁྱད་པར་ཡིན་ལ་དེའི་ཆ་ལ་ཕན་པས་ན། ཐར་བའི་ཆ་དང་མཐུན་པ་ཡིན་ནོ། །གཉིས་པ་དབྱེ་བ་ལ། ངོ་བོ་དང་རྒྱུད་ཀྱིས་དབྱེ་བ་གཉིས། དང་པོ་ནི། སངས་རྒྱས་སོགས་དམིགས་སོགས་ནས། ཤེས་རབ་དང་རྣམ་ལྔ་ཞེས་པ་སྟེ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔ་རྣམ་ཐར་གསུམ་ལ་མཚན་མར་མི་དམིགས་པའི་ཚུལ་གྱིས་དམིགས་པའི་དད་པ་དང་། སྦྱིན་སོགས་སྤྱོད་ཡུལ་དུ་ཡོད་པ་ཅན་གྱི་བརྩོན་འགྲུས་དང་། ཡུམ་དང་ཐབས་མཁས་དང་མ་བྲལ་བའི་བསམ་པ་ཕུན་ཚོགས་ལ་དམིགས་པའི་དྲན་པ་དང་། གཟུགས་སོགས་ལ་རྣམ་པར་མི་རྟོག་པའི་ཏིང་འཛིན་དང་། ཆོས་རྣམས་རྣམ་པ་ཐམས་ཅད་དུ་ཤེས་ཀྱང་དེ་ལ་མི་དམིགས་པའི་ཤེས་རབ་དང་ལྔའོ། །གཉིས་པ་རྒྱུད་ཀྱིས་དབྱེ་བ་ནི། རྫོགས་པའི་བྱང་ཆུབ་སོགས་ནས། རྟོགས་དཀར་བཞེད། ཅེས་གསུངས་ཏེ། དད་སོགས་རྣོན་པོའམ་ཆེན་པོས་ནི་རྫོགས་བྱང་རྟོགས་སླ་ལ་རྟུལ་པོའམ་ཆུང་དུས་ནི་རྫོགས་བྱང་རྟོགས་དཀའ་བའོ། །གཉིས་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་བསྒོམ་རིམ་ལ། སྦྱོར་བ་ཁྱད་པར་ཅན་སྐྱེས་པའི་དུས། སྐྱེ་བའི་རྟེན་གྱི་གང་ཟག །གང་ཟག་དེའི་བསྒོམ་རིམ་མོ། །དང་པོ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་ནི་ངེས་ཆ་སྟེ། དེ་ཡང་ཐར་ཆ་རྒྱུད་ལ་སྐྱེས་བའི་གཞན་དོན་ལ་སྤྲོ་བ་ཅན་ལ་ངེས་ཆ་འབྱུང་བས་དེ་སྟོན་པ་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར་སོགས་ནས། ཤེས་པར་བྱ་ཞེས་གསུངས་ཏེ། འདི་ལ་བཞི་ལས། དང་པོ་དྲོད་ཀྱི་དམིགས་པ་ནི། སྔར་རྣམ་མཁྱེན་གྱི་སྐབས་སུ་མཉམ་གཞག་གི་རྟོགས་པ་གཙོ་བོར་བྱས་པའི་དམིགས་པ་རྣམས་ཡིན་ལ། འདིར་རྗེས་ཐོབ་ཏུ་གཞན་ལ་ཕན་འདོགས་པའི་སྦྱོར་བ་གཙོ་བོར་བྱས་པའི་དམིགས་པ་རྣམས་ཡིན་པས་དམིགས་པ་ནི་སེམས་ཅན་ཐམས་ཅད་ཡིན་ནོ། ། རྣམ་པ་ནི་ཆགས་སྡང་གིས་རིས་སུ་ཆད་པ་མེད་པར་མཉམ་པའི་སེམས་དང་། ད་ལྟ་ཕན་པའི་དོན་སྒྲུབ་པ་བྱམས་པའི་སེམས་དང་གཉིས་དྲོད་ཆུང་ངུའི། མ་འོངས་པའི་ཕན་པ་སྒྲུབ་འདོད་པ་ཕན་པ་དང་། ང་རྒྱལ་བཅོམ་པས་གཞན་བདེ་ལ་ཁོང་ཁྲོ་བ་མེད་པ་དང་ཐོ་མི་འཚམས་པས་རྣམ་བར་འཚེ་བ་མེད་པའི་སེམས་ཀྱི་རྣམ་པ་གསུམ་ནི་དྲོད་འབྲིང་པོ། །སྐྱེས་པ་དང་བུད་མེད་རང་ལས་རྒན་པ་རྣམས་ལ་ཕ་མ། མཉམ་པ་ལ་སྤུན་སྲིང་། གཞོན་པ་ལ་བུ་དང་བུ་མོ། །ཕན་འདོགས་པའི་བཤེས་དང་། ཡིད་བརྟན་པའི་གྲོགས། རུས་གཅིག་པའི་གཉེན་དང་། མའི་ཕྱོགས་ཀྱི་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པ་མཉམ་པར་བསྒོམས་པ་རྣམས་ཟུང་རེ་གཅིག་ཏུ་བརྩིས་པའི་ལྔ་ནི་དྲོད་ཆེན་པོའི་རྣམ་པའོ། །གཉིས་པ་ནི། དམིགས་ཡུལ་སེམས་ཅན་རྣམས་ལ་རྣམ་པ་བདག་ཉིད་སྲོག་གཅོད་སོགས་སྡིག་པ་ལས་ལྡོག་པ་ལ་གནས་ནས་གཞན་དེ་ལ་སྦྱོར་བས་འགོད་པ་དང་། ཞུགས་པ་ལ་ངག་གིས་བསྔགས་པ་བརྗོད་པ་དང་། སེམས་ཀྱིས་དགའ་བས་མཐུན་པར་བྱེད་པ་རྩེ་མོ་ཆུང་ངུ་། དེ་བཞིན་དུ་བདག་ཉིད་སྦྱིན་སོགས་ཕྱིན་དྲུག་ལ་གནས་ནས་སྔར་ལྟར་འབྲིང་པོ། །ནང་སྟོང་ཉིད་སོགས་ནས་རྟེན་འབྲེལ་ལུགས་དང་མཐུན་མི་མཐུན་སྒོམ་པ་ལ་གནས་ནས་སྔར་ལྟར་ཆེན་པོའོ། །གསུམ་པ་ནི་སྔ་མ་ཇི་ལྟ་བར། བདག་ཉིད་སྡུག་བསྔལ་སོགས་བདེན་བཞི་ཤེས་སྤངས་མངོན་དུ་བྱེད་པ་སྒོམ་པ་ལ་རང་གནས་ནས་སོགས་བཟོད་པ་ཆུང་ངུ། བདག་ཉིད་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་ཤེས་ཀྱང་མངོན་དུ་མི་བྱེད་པ་ལ་གནས་ནས་སྔར་ལྟར་འབྲིང་པོ། །བདག་ཉིད་བྱང་ཆུབ་སེམས་དཔའི་མཐོང་ལམ་གྱི་རྒྱུད་ལ་གནས་ནས་སྔར་ལྟར་ཆེན་པོའོ། །བཞི་པ་ནི། བདག་ཉིད་སེམས་ཅན་སྨིན་པར་བྱེད་པ་དང་། ཞིང་སྦྱོང་བ་ལ་གནས་ནས་སྔར་ལྟར་དང་། ཐེག་གསུམ་གྱིས་སྨིན་པར་འདོད་པ་ཆོས་མཆོག་ཆུང་ངུ་། རང་ཉིད་སེམས་དཔའི་མངོན་ཤེས་བསྐྱེད་པ་ལ་གནས་ནས་གཞན་སྔར་ལྟར་འབྲིང་པོ། རང་ཉིད་རྣམ་མཁྱེན་བསྐྱེད་པ་དང་། བག་ཆགས་ཀྱིས་མཚམས་སྦྱོར་སྤངས་པ་སོགས་ལ་གནས་ནས་གཞན་སྔར་ལྟར་ཆེན་པོའོ། ། གཉིས་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་རྟེན་གྱི་གང་ཟག་ནི། རྟགས་ཀྱི་ཡོད་པའི་སྒོ་ནས་མདོར་བསྟན། ཡོད་ཆོས་རྟགས་ཀྱི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི་ངེས་འབྱེད་ཡན་ལག་སོགས་ནས་ཕྱིར་མི་ལྡོག་པའི་ཚོགས། ཞེས་བསྟན་ཏེ། ཉན་ཐོས་ཀྱི་དགེ་འདུན་ནི་ལམ་དང་ལམ་གྱི་འབྲས་བུ་ལ་གནས་པའི་དབྱེ་བས་སྐྱེས་བུ་ཟུང་བཞིར་འགྱུར་ལ། བྱང་སེམས་ཀྱི་དགེ་འདུན་ནི་གསུམ་སྟེ། ངེས་ཆ་ནས་བཟུང་སྟེ་བཟོད་ཤེས་ཀྱིས་བསྡུས་པའི་མཐོང་ལམ་དང་། རྒྱུན་དང་ལྡན་པའི་གོམས་པའི་ལམ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ། ཐེག་ཆེན་འདིར་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ནོ། །གཉིས་པ་ལ་གསུམ་སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས་སོགས་ནས། མཚན་ཉིད་འདི་ཞེས་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཞེན་པ་ལས་ལྡོག་པ་དང་ཐེ་ཚོམ་མེད་པ་ལ་སོགས་རྟགས་རྣམ་པ་ཉི་ཤུར་བརྗོད་པ་དེ་ཡིས་ངེས་འབྱེད་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི། གཟུགས་ལ་སོགས་ནས་ལས་མི་ལྡོག་ཅེས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་རྣམས་ངོ་བོ་ཉིད་མེད་པར་རྟོགས་པས་དེར་ཞེན་པ་མངོན་གྱུར་པ་ལས་ལྡོག་པ་དང་། ཐུན་མོང་མ་ཡིན་པའི་སྐྱབས་གསུམ་ལ་ཤེས་ནས་དད་པ་ཐོབ་པས་སྐྱབས་གསུམ་ལ་ཐེ་ཚོམ་ཟད་པ་དང་། མི་ཁོམ་པ་བརྒྱད་དུ་མི་སྐྱེ་བའི་སྨོན་ལམ་གྲུབ་པས་མི་དལ་བ་ཟད་པ་དང་། གཞན་དོན་ལ་དམིགས་པའི་སྙིང་རྗེས་བདག་ཉིད་དགེ་བཅུའི་ཆོས་ལ་གནས་ཤིང་གཞན་དག་དེ་ལ་སྦྱོར་བ། སྙིང་ཐག་པ་ནས་བདག་གཞན་བརྗེ་ནུས་པས་སེམས་ཅན་གཞན་ལ་དམིགས་ཏེ། སྦྱིན་སོགས་བསྒོམས་ཤིང་ཆོས་ཀྱིས་དེ་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་དགེ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། གཟུགས་སོགས་དོན་དམ་པར་མ་མཐོང་བའི་ཚུལ་གྱིས་ཟབ་མོའི་ཆོས་ཡང་དག་པར་རྟོགས་པས་སྤྲོས་བྲལ་གྱི་དོན་ལ་སོམ་ཉི་མེད་པ་དང་། སྒོ་གསུམ་གྱི་ཀུན་སྤྱོད་གཞན་ཕན་གྱི་ཆེད་དུ་ཞུགས་པས་བྱམས་པས་ཟིན་པའི་ལུས་ངག་ཡིད་ཀྱི་ལས་དང་ལྡན་པ་དང་། བསླབ་གསུམ་ལ་བརྩོན་པའི་སྦྱོར་བ་ཕུན་སུམ་ཚོགས་པ་ཚུལ་ཕུང་གི་བར་གཅོད་འདུན་པ་དང་གནོད་སེམས། ཤེས་རབ་ཀྱི་བར་གཅོད་གཉིད་རྨུགས། ཏིང་ངེ་འཛིན་གྱི་བར་གཅོད་རྒོད་འགྱོད། བདེན་པ་ལ་ཐེ་ཚོམ་ཟ་བ་སྟེ་སྒྲིབ་པ་ལྔ་དང་མི་འགྲོགས་པ་དང་། ཉོན་མོངས་ཀྱི་གཉེན་པོ་སྟོང་ཉིད་བསྒོམས་པས་མ་རིག་པ་དང་ལྟ་བ་ལྔའི་བག་ཉལ་རྣམས་ཉམས་སྨད་པའི་སྒོ་ནས་འཇོམས་པ་དང་། སྤྱོད་ལམ་ཀུན་ཏུ་སེམས་མ་ཡེངས་པ་ཉིད་ཀྱིས་དྲན་པ་དང་ཤེས་བཞིན་དང་ལྡན་པ་དང་། ཕྱི་ནང་གི་གཙང་སྦྲའི་ཀུན་སྤྱོད་དང་ལྡན་པས་ཆོས་གོས་སོགས་ལོངས་སྤྱོད་གཙང་བ་དང་བཅུ་གཅིག་ནི་དྲོད་ཐོབ་པ་ཕྱིར་མི་ལྡོག་པའི་རྟགས་སོ། །གཉིས་རྩེ་མོའི་རྟགས་ནི། དེ་དག་འཇིག་རྟེན་དྲོད་མན་ཆད་ལས་འཕགས་པ་ཐོབ་པས་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་དང་། ལྷག་བསམ་རྣམ་དག་གི་དགེ་རྩ་རྣམ་པར་དག་པས་སེམས་གྱ་གྱུ་བ་མེད་ཅིང་ཉན་རང་གི་ཡིད་ལས་འདའ་བ་དང་། རྙེད་བཀུར་དང་གྲགས་པ་ལ་མི་ལྟ་བ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་ལེན་པ་དང་། ཕྱིན་དྲུག་ཁྱད་པར་ཅན་བསྒྲུབ་པའི་མི་མཐུན་ཕྱོགས་སེར་སྣ་ནས་ཤེས་འཆལ་གྱི་བར་མེད་པ་དང་། ཆོས་ཐམས་ཅད་ཆོས་ཉིད་ལས་མི་འདའ་བས་ཅི་བྱེད་ཆོས་ཉིད་དང་མི་འགལ་ཞིང་ཤེར་ཕྱིན་གྱི་རྣལ་འབྱོར་དང་ལྡན་པར་འགྲོ་བ་དང་། འགྲོ་བའི་སྡུག་བསྔལ་བདག་གིར་བྱས་པས་གཞན་དོན་དུ་དམྱལ་བའི་སྡུག་བསྔལ་ཡང་ཚོལ་བ་དང་དྲུག་ནི་རྩེ་མོའི་རྟགས་སོ། །གསུམ་པ་བཟོད་པའི་རྟགས་ནི། རང་གི་རྟོགས་པ་ལ་གཏིང་ཚུགས་པའི་ཡིད་ཆེས་ཐོབ་པས་གཞན་བདུད་ཀྱིས་དམན་ལམ་དུ་དཀྲིས་ཀྱང་དཀྲིར་མི་ནུས་པ་དང་། སངས་རྒྱས་ཐོབ་བྱེད་ཀྱི་ཐབས་མ་ནོར་བར་ཤེས་པས་ལམ་ལྟར་བཅོས་པ་ཀེང་རུས་སྒོམ་པ་དང་། བསམ་གཟུགས་སོགས་སྟོན་པའི་བདུད་ལ་བདུད་དུ་ཤེས་པ་དང་གཉིས་སོ། །བཞི་པ་ཆོས་མཆོག་གི་རྟགས་ནི། འཁོར་གསུམ་དུ་དམིགས་པའི་དྲི་མ་རྣམ་པར་དག་པས་ཀུན་སྤྱོད་ཐམས་ཅད་ལ་སངས་རྒྱས་དགྱེས་པ་སྟེ་གཅིག་གོ །གཉིས་པ་མཐོང་ལམ་པ་ཕྱིར་མི་ལྡོག་གི་མཚན་ཉིད་འཆད་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་མཐོང་བའི་ལམ་ལ་བཟོད་པ་དང་སོགས་ནས་ཤེས་པར་བྱ་ཞེས་པ་སྟེ་གོ་སླའོ། །གཉིས་པ་རྒྱས་པར་བཤད་པ་ནི། གཟུགས་སོགས་འདུ་ཤེས་སོགས་ནས། རྟགས་དག་ཡིན་ཞེས་པ་སྟེ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མཐོང་བས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་སུ་རྟོགས་པ་ས་བོན་དང་བཅས་པ་ལས་ལྡོག་པ་དང་། རྒྱལ་བ་སྲས་བཅས་ཀྱིས་སེམས་བསྐྱེད་མི་ཉམས་པར་བྱིན་གྱིས་བརླབས་པས་བདུད་ཀྱིས་སེམས་བསྐྱེད་ལས་དབྱེ་མི་ནུས་པར་བླ་མེད་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཐེག་ཆེན་ཁྱད་པར་ཅན་བསྒྲུབས་པས་ཉན་རང་གི་ཐེག་པ་འདོད་པ་ལས་སེམས་རྣམ་པར་ལོག་ཅིང་རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་བ་དང་། ཆོས་རྣམས་སྐྱེ་བ་མེད་པར་མི་རྟོག་ཡེ་ཤེས་ཀྱིས་རྣམ་པར་འབྱེད་པའི་མཐུས་བསམ་གཟུགས་དང་འགོག་པར་སྙོམས་པར་འཇུག་ཀྱང་དེར་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ་དང་བཞི་ནི་སྡུག་བདེན་གྱི་སྐད་ཅིག་མ་བཞི། མཐོང་སྤངས་རྟོག་པ་དང་བྲལ་བའི་ལུས་སེམས་ལས་སུ་མི་རུང་བའི་ལྕི་བ་དང་བྲལ་བའི་ལུས་སེམས་ཡང་བ་དང་། ཐབས་གང་གིས་སེམས་ཅན་འདུལ་བའི་ཐབས་ལ་མཁས་པས་ཞེན་པ་མེད་པར་ཁྱིམ་གྱི་འདོད་ཡོན་ལ་ཉེ་བར་སྤྱོད་པ་དང་། ཁྱིམ་གྱི་ཉེས་དམིགས་མཐོང་བས་རང་དོན་དུ་རྟག་ཏུ་ཚངས་པར་སྤྱོད་པ་དང་། སེམས་མི་གཡེང་བ་དང་དད་སོགས་ཀྱི་དབང་པོ་ཐོབ་པས་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དབང་ཐོབ་པའི་སྐྱེས་བུ་དམ་པའི་ངང་ཚུལ་གྱིས་འཚོ་བའི་ཡོ་བྱད་རྣམ་པར་དག་པ་དང་བཞི་ནི་ཀུན་བདེན་གྱི་སྐད་ཅིག་མ་བཞིའོ། །ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་རྣམས་ལ་དངོས་པོར་ཞེན་པའི་སྦྱོར་བའི་གནས་པ་དང་། རྒྱུན་ཏུ་ཞེན་པའི་རྗེས་སུ་སྦྱོར་བའི་གནས་པ་ཕུང་སོགས་ལ་སོ་སོར་བཀག་སྟེ་སྟོང་ཉིད་རྟོགས་པ་ལ་གནས་ནས་ཆོས་གང་ལ་ཡང་དམན་མཆོག་ཏུ་ཡང་དག་པར་མི་མཐོང་བ་དང་། མཐོང་ལམ་གྱི་རྟོགས་པའི་བར་ཆད་བྱེད་པའི་ཆོས་དགེ་བ་འཕྲོག་པའི་རྐུན་པོ་ལྟ་བུ་རྣམས་ཀྱིས་དགེ་ཕྱོགས་འཕྲོག་མི་འཕྲོག་ཏུ་དངོས་པོར་ཞེན་པ་སོགས་སྔར་ལྟར་བཀག་པ་དང་། བྱང་ཆུབ་ཀྱི་རྒྱུའི་ཚོགས་སྦྱིན་པ་ལ་སོགས་པ་དཔུང་མང་བ་དང་། དགྲ་འཇོམས་པའི་དམག་ལྟ་བུའི་གཏམ་ལ་མང་ཉུང་དུ་དངོས་པོར་ཞེན་པ་སོགས་སྔར་ལྟར་བཀག་པ་དང་། གནོད་བྱེད་གཉེན་པོ་དང་གནོད་བྱ་སྤང་བྱ་གཉིས་གཡུལ་འགྱེད་པ་ལ་ཆགས་སྡང་ངམ། བླང་དོར་དུ་དངོས་པོར་ཞེན་པ་སོགས་སྔར་ལྟར་བཀག་པ་བཞི་ནི་འགོག་བདེན་གྱི་སྐད་ཅིག་མ་བཞི་ཡིན་ལ། དེ་ལྟར་སྤང་བྱ་འགོག་པའི་སྐབས་སུ་རྒྱུ་མངོན་ཞེན་ལོག་པས་འབྲས་བུ་རྣམ་སྨིན་སྤང་མི་དགོས་པར་རང་གི་ངང་གིས་འགོག་པ་ནི་བཞི་སྟེ། དབང་པོའི་ངོ་བོ་གྲོང་དང་། དབང་པོའི་རྟེན་གྲོང་ཁྱེར། དབང་པོའི་ཡུལ་གྲོང་རྡལ་དང་། བདག་དང་བདག་གིར་ཞེན་པ་རྒྱལ་བློན་གྱི་གཏམ་རྣམས་ལ་སྦྱོར་བ་གཉིས་འགོག་པའོ། །སྦྱིན་སོགས་འཁོར་གསུམ་དང་བྲལ་བར་རྟོགས་པས་སེར་སྣ་འཆལ་ཚུལ་སོགས་སྤང་བྱ་དངོས་པོར་ཞེན་པ་སོགས་སྔར་ལྟར་བཀག་པ་དང་། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་སྐྱེ་འགགས་ཀུན་བྱང་དུ་མ་གྲུབ་པའི་རྣམ་ཐར་སྒོ་གསུམ་གྱི་ངོ་བོ་ཡིན་པར་མཐོང་བས་རྟོགས་པའི་ཆོས་བྱང་ཆུབ་བམ་ཕྱིར་མི་ལྡོག་གི་ཆོས་རྡུལ་ཙམ་ཡང་མི་དམིགས་པར་རྟོགས་པ་དང་། རང་གི་ས་ལ་མངོན་ཤེས་གྱིས་ཡིད་ཆེས་ཐོབ་པས་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་མཁྱེན་གསུམ་གྱི་རང་གི་ས་གསུམ་ལ་མཐའ་གཅིག་ཏུ་ངེས་པ་ཉིད་ཀྱིས་གནས་པ་དང་། མཐའ་གཅིག་ཏུ་ཐེག་ཆེན་ལ་གཞོལ་ཞིང་ཕུལ་དུ་བྱུང་བའི་སེམས་བསྐྱེད་བརྟན་པ་ཉིད་ཀྱིས་རྣམ་མཁྱེན་ལ་སོགས་པ་སྟོན་པའི་ཆོས་ཀྱི་དོན་དུ་ལུས་ཀྱི་ཕྱོགས་གཅིག་དང་མཐའ་དག་གཏོང་བའི་བདག་དང་སྲོག་གཏོང་བ་བཞི་ནི་ལམ་གྱི་སྐད་ཅིག་མ་བཞི་སྟེ། དེ་ལྟར་གཟུང་འཛིན་དུ་སྣང་ཡང་དེར་མངོན་པར་མ་ཞེན་པའི་རྣམ་པ་ཅན་དག་པ་མཉམ་གཞག་ལས་ལང་སྟེ་རྗེས་ཐོབ་ཀྱི་སེམས་ཀྱིས་བསྡུས་པས་འཇིག་རྟེན་པ། མཉམ་གཞག་རང་དང་དམིགས་རྣམ་རྗེས་སུ་མཐུན་པས་འབྲས་བུ། གང་ཟག་གཞན་གྱིས་རྟོགས་པའི་ཡུལ་དུ་གྱུར་པའི་ལུས་ངག་གི་ཐ་སྙད་བཅུ་དྲུག་ཡོངས་དག་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་མཐོང་ལམ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ནོ། །གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ། ཞར་བྱུང་དང་དཀྱུས་མའི་དོན་གཉིས། དང་པོ་ལ་གསུམ། སྒོམ་ལམ་གྱི་ཁྱད་པར། ཁྱད་གཞི་སྒོམ་ལམ། དེའི་རབ་དབྱེའོ། །དང་པོ་ནི། སྒོམ་པའི་ལམ་ནི་ཟབ་པ་སོགས་ནས། གྲོལ་བ་ཉིད་ཅེས་པ་སྟེ། ཐེག་ཆེན་སྒོམ་ལམ་ཟབ་པ་ཡིན་ཏེ་སྟོང་ཉིད་ལ་སོགས་པའི་ཟབ་མོ་མངོན་སུམ་དུ་རྟོགས་པ་ཉིད་དང་ལྡན་པའི་ཕྱིར་རོ། །ཟབ་པའི་ངོ་བོ་ནི་སྟོང་པ་ཉིད་དང་སོགས་པས། མཚན་མ་མེད་པ་དང་། སྨོན་པ་མེད། མངོན་པར་འདུ་བྱ་བ་མེད། སྐྱེ་མེད་འགགས་མེད། ཆགས་བྲལ་འགོག་པ། ཞི་བ་དེ་བཞིན་ཉིད་དང་ཡང་དག་མཐའོ། །ཟབ་པའི་རྒྱུ་མཚན་ནི། སྟོང་ཉིད་སོགས་བཅུ་གཅིག་པོ་དེ་དོན་དམ་པར་སྟོང་ཉིད་སོགས་ལ་ཡང་གཟུགས་མེད་ལ། སྟོང་ཉིད་སོགས་གཟུགས་ལས་གཞན་པ་ཡང་མ་ཡིན་པ་སྟེ། དོན་དམ་པར་མེད་པ་དེ་གཟུགས་ཀྱི་རང་བཞིན་ཡིན་པས། སྒྲོ་འདོགས་པ་དང་། སྐུར་འདེབས་ཀྱི་མཐའ་ལས་གྲོལ་བ་ཉིད་ཀྱི་ཕྱིར་ཡིན་ནོ། །གཉིས་པ་སྒོམ་ལམ་རང་གི་ངོ་བོ་ནི། ངེས་འབྱེད་ཡན་ལག་དང་སོགས་ནས། འཇལ་དང་ངེས་རྟོག་སྒོམ་པའི་ལམ་ཞེས་པ་སྟེ། ངེས་འབྱེད་ཡན་ལག་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་གསུམ་གྱི་ངེས་པར་མཐོང་བའི་དོན་ལ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་སེམས་པ་དང་། བསམ་པས་ཡང་དང་ཡང་དུ་འཇལ་བ་དང་། སྒོམ་པས་ཡང་དང་ཡང་དུ་ངེས་པར་རྟོག་པ་སྟེ། མདོར་ན་དེ་གསུམ་དུ་སྔར་དམིགས་རྣམ་ཇི་ལྟར་མྱོང་བ་འདིར་ཡང་འདྲིས་པར་བྱེད་པ་ཡིན་ལ། སྒོམ་ལམ་གྱི་ཡང་ཡུལ་དུ་རུང་བ་ནི་སྐད་ཅིག་སྔ་ཕྱི་ཡོད་པས་སོ། །གསུམ་པ་དབྱེ་བ་ལ། དབྱེ་བ་དངོས་དང་། ཕྱེ་བ་ལ་རྩོད་སྤོང་ངོ་། །དང་པོ་ནི། དེ་ནི་རྒྱུན་སོགས་ནས་དགུར་བཞེད་དོ། ། ཞེས་གསུངས་ཏེ། སྒོམ་པའི་ལམ་དེ་ནི་རྟེན་འདོད་པ་ནས་སྲིད་རྩེའི་བར་གྱིས་དགུ་དག་གི་སྒོམ་སྤང་གི་གཉེན་པོར་གྲངས་མེད་གཉིས་སུ་རྒྱུན་ཆགས་འབྱུང་བའི་ཕྱིར། ཆུང་ངུའི་ཆུང་ངུ་སོགས་དགུ་ཡིན་ནོ། །གཉིས་པ་རྩོད་པ་སྤོང་བ་ལ་གཉེན་པོའི་གྲངས་ངེས་པ་དང་། བྱེད་པ་ལ་རྩོད་སྤོང་ངོ་། །དང་པོ་ནི། གྲངས་མེད་ལ་སོགས་བསྟན་སོགས་ནས་ཐུབ་པ་བཞེད་ཅེས། སྒོམ་ལམ་གྱི་བྱེ་བྲག་གི་དབྱེ་བ་དགུ་ལས་མང་བར་ཐལ། མདོ་ལས་སྒོམ་ལམ་གྱི་རྣམ་པ་རེ་རེའི་དབང་དུ་མཛད་དེ། བསོད་ནམས་གྲངས་མེད་གཞལ་མེད། ཚད་མེད་གསུམ་སྐྱེ་བར་གསུངས་པའི་ཕྱིར་ཞེ་ན། གྲངས་གཞལ་ཚད་མེད་གསུམ་བསྟན་པའི་མདོའི་དོན་ནི། སྒོམ་ལམ་གྱིས་ཉེ་བར་བསྐྱེད་པའི་བསོད་ནམས་ཀྱི་དོན་གཅིག་ལ་གྲངས་ཡོད་སོགས་ལོག་པ་ཐ་དད་ལས་ལོག་པའི་ལྡོག་པ་ཐ་དད་ལ་ལྟོས་ནས་བཞག་པ་ཡིན་གྱི། དོན་རང་གི་མཚན་ཉིད་ཀྱི་རྫས་ལ་ལྟོས་ནས་དབྱེ་བ་ཡོད་པ་མིན་ཡང་། བྱིས་པའི་སྐྱེ་བོ་རྣམས་ལ་སྒོམ་ལམ་འབྲས་བུ་ཆེན་པོ་དང་། མང་པོ་སྐྱེ་བར་སྟོན་པ་ནི། དེ་དག་སྒོམ་ལམ་ལ་གཞུག་པའི་ཕྱིར་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པས་བསྟན་པ་ཡིན་ནོ། །གཉིས་པ་བྱེད་པའི་རྩོད་སྤོང་ལ། རྩོད་པ་དང་། ལན་གཉིས། དང་པོ་ནི་དངོས་པོ་བརྗོད་དུ་སོགས་ནས་ཅི་ཞིག་འཐོབ་ཅེས་པ་སྟེ། དངོས་པོའི་ཆོས་རྣམས་རྗོད་དུ་མེད་པ་ལ་སྤང་གཉེན་ཉམས་འཕེལ་མི་རུང་བས་ཁྱབ་ཅིང་སྒོམ་ལམ་ཡང་བརྗོད་བྲལ་ཡིན་པའི་ཕྱིར་སྤང་བྱ་དགུ་ཅི་ཞིག་ཉམས་ཤིང་། གཉེན་པོ་དགུ་ཅི་ཞིག་འཐོབ་སྟེ་མི་འཐོབ་བོ་ཞེ་ན། གཉིས་པ་ལན་ལ་ལན་དངོས་དང་། དེ་ལ་རྩོད་པ་སྤང་བ་གཉིས། དང་པོ་ནི། བྱང་ཆུབ་ཇི་ལྟར་དེ་བཞིན་སོགས་ནས། མཚན་ཉིད་བཞེད། ཅེས་པ་སྟེ། དོན་དམ་པར་བྱ་བྱེད་ཀྱི་ཁྱད་པར་བསྒྲུབ་ཏུ་མེད་པའི་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན། དབྱིངས་རིག་དབྱེར་མེད་པར་རྟོགས་པ་ཡེ་ཤེས་ཆོས་སྐུ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡིན་ཀྱང་། ཀུན་རྫོབ་ཏུ་སྔར་སློབ་ལམ་དུ་གཞན་དོན་དུ་སེམས་བསྐྱེད་པའི་སྒོ་ནས་གདུལ་བྱ་རྣམས་རང་རང་གི་ཚོགས་གཉིས་ཇི་ལྟར་བསགས་པའི་རྗེས་སུ་མཐུན་པར་མངོན་མཐོ་དང་ངེས་ལེགས་ལ་འགོད་པ་དེ་བཞིན་དུ་དོན་དམ་པར་ཉམས་འཕེལ་བའི་ཁྱད་པར་བྱར་མེད་པའི་སྒོམ་ལམ་ཡང་མངོན་པར་འདོད་པའི་དོན་གྱི་བྱ་བ་སྤང་གཉེན་ལ་འབྲལ་ཐོབ་བྱེད་པ་ཡིན་ནོ། །གཉིས་པ་དེ་ལ་རྩོད་སྤོང་ལ། རྩོད་པ། ལན་གཉིས། དང་པོ་ནི། སེམས་ནི་སྔ་མས་སོགས་ནས་ཀྱང་མ་ཡིན་ཞེས་པ་སྟེ། སེམས་བསྐྱེད་པའི་སྒོ་ནས་བླ་མེད་བྱང་ཆུབ་སྒྲུབ་པའི་དོན་བྱེད་པ་དཔེར་བླང་བ་དེ་ནི་འགྲུབ། སེམས་བསྐྱེད་ཀྱི་སེམས་ནི་སྔ་མས་བྱང་ཆུབ་པར་རིགས་པ་མ་ཡིན་ལ་དེར་མ་ཟད་སེམས་བསྐྱེད་ཕྱི་མས་ཀྱང་བྱང་ཆུབ་ཐོབ་པར་རིགས་པ་མ་ཡིན་ཏེ། སྔ་མ་ཕྱི་མ་རྣམས་འཕྲད་པ་མེད་པའི་ཕྱིར་རོ་ཞེ་ན། གཉིས་པ་ལན་ལ་དངོས་ཀྱི་དོན་དང་། གཞན་ཡང་མཚོན་པའི་ཚུལ་ལོ། །དང་པོ་ནི། མར་མེའི་དཔེ་ཡི་ཚུལ་གྱིས་ནི་ཞེས་པ་སྟེ། སྒྲོན་འོད་ཀྱི་སྐད་ཅིག་སྔ་ཕྱི་རེ་རེ་བ་དང་། སྔ་ཕྱི་དུས་མཉམ་དུ་ཚོགས་པས་སྡོང་བུ་མི་བསྲེགས་ཀྱང་སྔ་མ་རྣམས་ལ་ལྟོས་པའི་རིམ་ཅན་གྱི་རྫོགས་པར་བསྲེགས་པ་མར་མེའི་དཔེའི་ཚུལ་གྱི་སེམས་བསྐྱེད་ཀྱིས་ཀྱང་སྔ་ཕྱི་རེ་རེ་དང་། དེ་དག་ལ་མ་བརྟེན་པར་བྱང་ཆུབ་མི་ཐོབ་ཀྱང་རང་གི་ཡུལ་ས་བཅུ་ལ་བསླབ་པས་བྱང་ཆུབ་བསྐྱེད་པར་ཤེས་པར་བྱའོ། ། གཉིས་པ་ནི། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། ཅེས་པ་སྟེ། ཇི་སྐད་སྨོས་པའི་དཔེས་སེམས་བསྐྱེད་ཀྱིས་བྱང་ཆུབ་བསྐྱེད་པ་གཅིག་པུར་མ་ཟད་ཟབ་མོའི་ཆོས་ཉིད་ཀྱི་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། དཔེ་འདི་ཡིས་དོན་ལ་མི་བསྲེགས་ཀྱང་ཐ་སྙད་དུ་བསྲེག་པར་བསྟན་པ་བཞིན། ཟབ་མོ་བརྒྱད་ཀྱང་བདེན་གཉིས་ཀྱིས་མི་འགལ་བར་ཟབ་པ་ཡིན་ནོ། །གཉིས་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་དོན་དཀྱུས་མ་ཉིད་བཤད་པ་ནི། སྐྱེ་བ་དང་ནི་སོགས་ནས་ཟབ་པ་ཉིད་ཅེས་པ་སྟེ། སྔར་མིང་ཙམ་བྱུང་བའི་ཆོས་ཟབ་མོ་རྣམ་པ་བརྒྱད་པོ་དེ་ཡུལ་ཆོས་ཅན་གང་ལ་ཡོད་པ་ཡིན་ཞེ་ན། སྐྱེ་བ་སོགས་བརྒྱད་པོ་འདི་དག་ལ་ཡིན་ཏེ། སེམས་བསྐྱེད་སྐད་ཅིག་སྔ་ཕྱི་རེ་རེས་བྱང་ཆུབ་བསྐྱེད་པ་མ་ཡིན་ལ་དེ་མེད་པར་ཡང་བྱང་ཆུབ་བསྐྱེད་པ་མ་ཡིན་ཀྱང་། སེམས་བསྐྱེད་དེ་བསྒོམས་པས་ཐོབ་བྱའི་དོན་བླ་མེད་བྱང་ཆུབ་ཀྱང་བསྐྱེད་དོ་ཞེས་བྱ་བ་སྐྱེ་བའམ་རྟེན་འབྲེལ་ལ་ཟབ་པ་དང་། ཐ་སྙད་དུ་དངོས་པོ་ཐམས་ཅད་རང་རྒྱུད་ལ་བྱུང་ཙམ་ཉིད་ནས་འགགས་ཟིན་པས་སླར་དགག་རྒྱུ་མེད་ཅིང་། རང་བཞིན་གྱི་ངོ་བོ་ཉིད་མེད་པས་དོན་དམ་དུ་འགགས་པ་མེད་ཅིང་ཀུན་རྫོབ་ཏུ་འགོག་གོ་ཞེས་བྱ་བ་འགག་པ་ལ་ཟབ་པ་དང་། ལམ་གྱི་གནས་སྐབས་ཐམས་ཅད་དུ་ཤེས་རབ་ཀྱིས་དེ་བཞིན་ཉིད་གོམས་པར་བྱེད་ཀྱང་། སྙིང་རྗེས་རང་དོན་དུ་མངོན་དུ་མི་བྱེད་ཅེས་བྱ་བ་དེ་བཞིན་ཉིད་ལ་ཟབ་པ་དང་། ཆོས་ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་རང་བཞིད་ཡིན་པ་ལ། སྦྱིན་སོགས་སྒྲུབ་ཏུ་མེད་ཀྱང་། ཀུན་རྫོབ་ཏུ་སྦྱིན་སོགས་ཕར་ཕྱིན་དུ་མ་རྗེས་སུ་སྒྲུབ་པ་ཤེས་བྱ་ལ་ཟབ་པ་དང་། ཆོས་རྣམས་སྤྲོས་པ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པས། མི་རྟོག་ཡེ་ཤེས་ཀྱི་སྤྲོས་པ་མཐོང་བ་མེད་པ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་བ་ཤེས་པ་ལ་ཟབ་དང་། ཆོས་ཉིད་ལ་གནས་པ་ཆོས་ཐམས་ཅད་ལ་མཚན་མར་སྤྱོད་པ་མེད་པ་ཉིད་ཐ་སྙད་དུ་སྦྱིན་སོགས་ལ་སྤྱོད་པ་སྤྱོད་པ་ལ་ཟབ་པ་དང་། མཚན་མ་དང་མཚན་མེད་ཀྱི་འདུ་ཤེས་ཀྱིས་སྤྱོད་པ་གཉིས་སུ་མེད་པའི་ངོ་བོ་ཉིད་རྟོགས་པས་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་མེད་ཀྱང་ལམ་ཐམས་ཅད་སྒྲུབ་པ་ཞེས་བྱ་བ་གཉིས་མེད་ལ་ཟབ་པ་དང་། ཀུན་རྫོབ་ཏུ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་ལ་དོན་དམ་པར་དེའི་འབྲས་བུ་སངས་རྒྱས་ཉིད་ཐོབ་པ་མེད་པ་ནི་ཐབས་ལ་མཁས་པ་ལ་ཟབ་པ་སྟེ་བརྒྱད་དོ། །དེ་དག་གིས་དོན་ལ་མི་འགལ་ཡང་མངོན་ཞེན་ཅན་གྱི་ངོར་སྐྱེ་བ་སོགས་དེ་དག་ཕན་ཚུན་འགལ་བ་ལྟར་སྣང་བས་ཟབ་པ་ཉིད་དུ་བཞག་སྟེ། བརྒྱད་མཉམ་གཞག་ཏུ་རྟོགས་པ་དང་རྗེས་སུ་མཐུན་པའི་རྗེས་ཀྱི་ཐ་སྙད་ནི་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། སྒོམ་ལམ་པས་དེ་དག་གིས་མི་འགལ་བར་རྟོགས་པ་ཅི་ཞེ་ན། མཐར་འཛིན་ཅན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བ་ཐོབ་པའི་སྒོ་ནས་ཡིན་ནོ། །གསུམ་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་སྒོམ་རིམ་ལ། བརྟེན་པ་སངས་རྒྱས་ཐོབ་པར་བྱེད་པ། རྟེན་ཞིང་དག་པར་བྱེད་པ། སངས་རྒྱས་ཀྱི་ཞིང་དེར་དོན་མཛད་པའི་རྒྱུའོ། །དང་པོ་བརྟེན་པ་སངས་རྒྱས་ཐོབ་པར་བྱེད་པ་ནི། སློབ་པ་ཕྱིར་མི་ལྡོག་གི་ཚོགས་ཀྱི་རྟགས་ཐོབ་པ་ནི། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་མཉམ་ཉིད་སྒོམ་པ་ལ་འབད་དགོས་པས་དེ་སྟོན་པ་ལ་གཉིས། དངོས་ཀྱི་དོན་དང་། དེ་ལ་ཀླན་ཀ་སྤོང་བའོ། །དང་པོ་ནི་ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། སྲིད་དང་ཞི་བར་མི་རྟོག་པ་ཞེས་གསུངས་ཏེ། འཁོར་བ་མི་མཐུན་པ་དང་རྣམ་བྱང་གཉེན་པོ་རྣམས་སྣང་བརྙན་ནམ་གཟུགས་བརྙན་ཙམ་གྱི་ངོ་བོར་བསྒོམས་པས་སྣང་ཡང་རང་བཞིན་མེད་པ་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་པའི་ཕྱིར་འཁོར་འདས་ལ་བླང་དོར་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས་སྲིད་ཞི་མཉམ་པ་ཉིད་དོ། །གཉིས་པ་དེ་ལ་ཀླན་ཀ་སྤོང་བ་ནི། ལས་མེད་ལ་སོགས་ཀླན་ཀ་ཡི། ལན་ནི་ཇི་སྐད་བཤད་པར་ཟད། ཅེས་པ་སྟེ། དེ་ལྟར་ན་སྦྱིན་སོགས་དགེ་བ་དང་། སྲོག་གཅོད་སོགས་མི་དགེ་བའི་ལས་མེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དོན་དམ་པར་སྲིད་ཞིའི་དངོས་པོ་རང་བཞིན་མེད་པས་རྨི་ལམ་དང་འདྲ་ཡང་། རྨི་ལམ་དེ་དང་རང་བཞིན་གྱིས་སྟོང་པར་མཐུན་པའི་བསད་བྱ་དང་སྦྱིན་སོགས་ཀྱི་ཡུལ་དུ་སྣང་བ་ལ་སྣང་བ་ལྟར་མངོན་པར་ཞེན་པའི་དབང་གིས་ཆོས་བདག་མེད་པའི་དོན་ལ་མོས་པ་དམན་པས་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པའི་གང་ཟག་རྣམས་ལ་སྲོག་གཅོད་སོགས་དང་སྦྱིན་སོགས་ཀྱི་དགེ་སྡིག་གི་ལས་འཇོག་གོ །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་དོན་ཡུམ་ནས་བཤད་པ་ཡིན་ནོ། །གཉིས་པ་རྟེན་ཞིང་དག་པར་བྱེད་པ་ནི་སེམས་ཅན་འཇིག་རྟེན་སོགས་ནས། ཞིང་ནི་དག་པ་ཉིད་ཅེས་པ་སྟེ། སེམས་ཅན་བཀྲེས་སྐོམ་ཅན་དང་། མི་དགེ་བ་བཅུ་ལ་སྤྱོད་པ། རྡོ་དབྱུག་དང་མཚོན་གྱིས་འདེབས་པ། ཐེག་གསུམ་རྒྱབ་ཀྱིས་ཕྱོགས་པ། གནོད་སེམས་སོགས་སྒྲིབ་པ་ལྔ་དང་ལྡན་པ། འཇིག་རྟེན་ལས་འདས་མ་འདས་ཀྱི་ཡང་དག་པའི་ལྟ་བ་དང་བྲལ་བ། ངན་སོང་གསུམ་ལ་སོགས་པའི་མ་དག་པའི་བཅུད་མཐོང་བ་ན། དེའི་གཉེན་པོ་བདག་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་རྣམས་ལྷའི་ཉེ་བར་སྤྱད་པ་ལ་ལོངས་སྤྱོད་པ་དང་། དགེ་བ་བཅུ་ལ་གནས་པ། ཕན་ཚུན་བྱམས་པའི་སེམས་དང་ལྡན་པ། བརྩོན་འགྲུས་བརྟན་པོས་ཐེག་གསུམ་ལ་སློབ་པ། བསམ་གཏན་དང་གཟུགས་མེད་ལ་འཇུག་པ། ཕྱིན་ཅི་ལོག་གི་ལྟ་བ་ཐམས་ཅད་སྤང་བ་ལ་གནས་པ་ངན་སོང་གི་མིང་ཙམ་རང་མི་གྲགས་པའི་དག་པ་བསྐྱེད་པའི་སྒོ་ནས་ཕྱིན་དྲུག་ལ་བརྩོན་པས་སེམས་ཅན་གྱི་འཇིག་རྟེན་ཏེ། བཅུད་ཀྱི་ཞིང་དག་པར་བསྒྲུབས་པ་དང་། སྣོད་ཀྱི་ཞིང་འཇིག་རྟེན་རྡོ་བ་དང་ཚེར་མ་དང་གཡང་ས་དང་གཅོང་རོང་ལ་སོགས་པས་མ་དག་པ་གང་ཡིན་པའི་སྣོད་མཐོང་བ་ན། དེའི་གཉེན་པོར་བདག་སངས་རྒྱས་པའི་ཞིང་དེར་གསེར་གྱི་ས་ཕྱོགས་དང་རྒྱུ་བཻཌཱུརྻའི་རང་བཞིན་ལ་གསེར་གྱི་བྱེ་མ་བརྡལ་བ་སོགས་ཀྱིས་དག་པ་བསྐྱེད་པའི་སྒོ་ནས་ཕྱིན་དྲུག་ལ་བརྩོན་པས་དག་པར་བྱེད་པ་ནི་སྣོད་ཀྱི་འཇིག་རྟེན་དག་པར་བསྒྲུབས་པ་ཡིན་ནོ། ། གསུམ་པ་སངས་རྒྱས་ཀྱི་ཞིང་དེར་དོན་མཛད་པའི་རྒྱུ་ཐབས་ལ་མཁས་པ་ནི། ཡུལ་དང་སྦྱོར་བ་ཅན་འདི་ནི་སོགས་ནས། མཁས་པ་རྣམ་པ་བཅུ་ཞེས་གསུངས་ཏེ། དེ་ཡང་རྣམ་ཐར་གསུམ་དང་བྱང་ཕྱོགས་ལ་སོགས་བྱང་ཆུབ་སེམས་དཔའི་སྦྱོར་བའམ་ཡུལ་དེ་དག་སྒྲུབ་ཚུལ་མི་འདྲ་བའི་སྒོ་ནས་ཐབས་ལ་མཁས་པའི་སྦྱོར་བའི་ངོ་བོ་གཅིག་ཉིད་རྣམ་པ་བཅུར་འཆད་དེ། བདུད་བཞི་དང་ས་གཉིས་ཀྱི་དགྲ་རྣམས་ལས་འདས་པ་དང་། སྲིད་ཞི་མཉམ་པ་ཉིད་དུ་བསྒོམས་པས་འཁོར་འདས་ཀྱི་མཐའ་ལ་ཞེན་ནས་མི་གནས་པ་དང་། གདུལ་བྱ་གཞན་གྱི་དོན་སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པའི་ཤུགས་ཀྱིས་འཕང་བ་ལྟར་བྱེད་པ་དང་། གཞན་དོན་དུ་ཡང་དག་མཐའ་ལ་སློབ་ཀྱང་དེ་མངོན་དུ་མི་བྱེད་པས་ཉན་རང་དང་ཐུན་མོང་མ་ཡིན་པ་དང་། བསམ་གཏན་དང་ཕྱོགས་མཐུན་སོགས་རྣམ་པར་དག་ཅིང་རོ་མྱོང་བ་མེད་པས་མ་ཆགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྫོགས་པར་བསྒོམས་པས་བདག་དང་ཆོས་སུ་དམིགས་པ་སྤངས་པ་མི་དམིགས་པ་དང་། རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་བསྒོམས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་མཚན་མར་འཛིན་པ་ཟད་པ་དང་། རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པ་བསྒོམས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྲེད་པའི་དགའ་བ་སྤངས་ནས་སྨོན་ལམ་ཟད་པ་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས་འཆད་པ་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་ཐབས་མཁས་ཀྱི་ཡུལ་ཐམས་ཅད་ཤེས་པ་ནི་ཚད་མེད་པ་སྟེ། ཤེར་ཕྱིན་གྱི་ཡུལ་མངོན་དུ་བྱ་བ་དང་སེམས་ཅན་འདུལ་བའི་དུས་དང་དུས་མིན་ཤེས་པ་ནི་ཐབས་མཁས་ཀྱི་སྦྱོར་བ་བཅུའོ། །སྦྱོར་བ་ཕྱི་མ་འདི་བརྟེན་པ་སངས་རྒྱས་ཐོབ་པར་བྱེད་པ་སོགས་གསུམ་ནི། ཆོས་རྣམས་སྤྲོས་བྲལ་དུ་བསྒོམས་པ་དང་། ཞིང་དག་པར་བྱེད་པ་དང་། སེམས་ཅན་སྨིན་པར་བྱེད་པ་གསུམ་ཡིན་པས། ཚོགས་ལམ་ནས་ཡོད་ཀྱང་གཙོ་བོར་ས་བརྒྱད་པ་ནས་བཞག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་ཏེ་བཞི་པའི་འགྲེལ་པའོ། ། ༈ དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །གཉིས་པ་དབང་དུ་བྱ་བའི་འབྲས་བུ་རྩེ་སྦྱོར་གྱི་ཡན་ལག་རྒྱས་པར་བཤད་པ་ལ་བཞི། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་མོའོ། །དང་པོ་བཞི་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་གི་རྩེ་མོའོ། ། དང་པོ་རྨི་ལམ་ན་ཡང་སོགས་ནས་དག་ཏུ་བཞེད། ཅེས་པ་སྟེ། རྨི་ལམ་གྱི་གནས་སྐབས་སུའང་ཆོས་ཐམས་ཅད་རྨི་ལམ་དང་མིག་ཡོར་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་ལྟར་བལྟ་བ་དང་། ཉན་རང་དང་ཁམས་གསུམ་ལ་དགའ་བའི་སེམས་མི་སྐྱེད་པ་དང་། དེ་བཞིན་གཤེགས་པ་ལས་ཟབ་མོའི་ཐོས་པ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་འཕྲུལ་བ་མཐོང་བ་དང་། རྨི་ལམ་དུ་འཇིགས་གནས་མཐོང་བ་ལ་མི་འཇིགས་ཤིང་སད་ཚེ་ཁམས་གསུམ་རྨི་ལམ་འདྲ་བར་སྟོན་པའི་སེམས་སྐྱེ་བ་དང་། ངན་སོང་མཐོང་བའི་ཚེ་རང་གི་སངས་རྒྱས་ཀྱི་ཞིང་དུ་དེ་སྤོང་བའི་སེམས་སྐྱེ་བ་དང་། བདེན་པའི་བྱིན་རླབས་ཀྱིས་གྲོང་ལ་སོགས་པ་ཚིག་པའི་མེ་ཞི་བར་བྱེད་པ་དང་། མི་མ་ཡིན་པས་བཟུང་བ་ཞི་བར་བྱེད་པ་དང་། རང་ཉིད་ཀྱིས་བདུད་ལས་ཤེས་པས་བདུད་དང་སྡིག་གྲོགས་ཟིལ་གྱིས་གནོན་པ་དང་། གཞན་དོན་དུ་ཤེར་ཕྱིན་ལ་སློབ་པ་དང་། ཀུན་བྱང་གི་ཆོས་ཐམས་ཅད་ལ་བདེན་ཞེན་མེད་པ་དང་། གཟུགས་སོགས་མི་སྤྱོད་པའི་ཚུལ་གྱིས་ཡུམ་ལ་སྤྱོད་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེས་པ་དང་བཅུ་གཉིས་ཏེ། ངོ་བོའི་སྒོ་ནས་འབྲས་རྟགས་བརྒྱད་དང་། རང་བཞིན་གྱི་རྟགས་བཞི། གནས་སྐབས་ཀྱི་སྒོ་ནས་རྨི་ལམ་དང་སད་པའི་རྟགས་དྲུག་རེ་སྟེ་ཐབས་ཤེས་ཀྱི་དབང་དུ་བྱས་ཏེ་རྟགས་ཀྱི་གཙོ་བོ་གཉིས་སྐྱབས་དང་དེའི་མཐུ་ལ་གོམས་པ་བརྟན་པའི་རྟགས་གཉིས། རྨི་ལམ་ཤེས་པའི་རྟགས་གཅིག །ཞིང་དག་པའི་རྟགས་གཅིག །སེམས་ཅན་ཡིན་མིན་གྱི་གནོད་པ་ཞི་བར་བྱེད་པའི་རྟགས་གཉིས། ལམ་ལ་སློབ་པའི་རྒྱུ། བསླབ་པའི་ཡུལ། སློབ་ཚུལ། ཕན་ཡོན་གྱི་དབང་དུ་བྱས་པའི་རྟགས་བཞི་སྟེ། སྦྱོར་ལམ་དྲོད་ཀྱི་རྟོགས་པ་རབ་ཀྱི་རྩེ་མོར་གྱུར་པའི་རྟགས་བཅུ་གཉིས་པོ་ཡིན་པར་བཞེད་དོ། །གཉིས་པ་རྩེ་མོའི་རྩེ་སྦྱོར་ནི་འཛམ་བུའི་གླིང་གི་སོགས་ནས་བདག་ཉིད་དོ། །ཞེས་པ་སྟེ། འཛམ་བུའི་གླིང་གིས་མཚོན་པའི་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པའི་གྲངས་དང་མཉམ་པའི་སངས་རྒྱས་མཆོད་ཅིང་དེའི་དགེ་བ་བསྔོས་པ་ལས་ཀྱང་རྩེ་མོ་བ་རང་ཉིད་ཡུམ་ལ་གནས་ཤིང་གཞན་ལ་སྟོན་པ་བསོད་ནམས་ཆེ་བ་དང་། དེ་ལས་ཀྱང་ཉིན་མཚན་དུ་ཤེར་ཕྱིན་ཡིད་ལ་བྱེད་པ་དང་། མི་སྐྱེ་བའི་ཆོས་སྤྲོས་བྲལ་ལ་མི་སྐྲག་པའི་བཟོད་པ་དང་བྱང་ཆུབ་པར་བྱ་བ་འབྲས་བུ་དང་བྱང་ཆུབ་པར་བྱེད་པ་རྒྱུའི་ཆོས་མི་དམིགས་པ་དང་། དེ་ལས་ཀྱང་འཛམ་གླིང་གི་སེམས་ཅན་ཐམས་ཅད་བསམ་གཟུགས་དང་ཚད་མེད་ཐོབ་པ་ལས་རྩེ་སྦྱོར་བསོད་ནམས་འཕགས་པ་དང་། ལྷ་རྣམས་བསྲུང་བའི་ཕྱིར་ཉེ་བར་འོང་ཞིང་བྱང་ཆུབ་ལ་བསྐུལ་བ་དང་། བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཐེག་ཆེན་ལ་ཞུགས་པའི་བྱང་སེམས་རྣམས་སངས་རྒྱས་དང་མཉམ་པར་བལྟ་བ་དང་། བསམ་གཏན་གྱི་དབང་གིས་གཟུགས་མེད་སོགས་སུ་མི་སྐྱེ་ཞིང་ཐབས་ལ་མཁས་པ་དང་། ཉན་རང་གི་རིགས་འཇིག་པའི་སྒོ་ནས་སངས་རྒྱས་ཀྱི་རིགས་ཁྱད་པར་ཅན་དུ་ངེས་པ་དང་། འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་སེམས་བསྐྱེད་སོགས་ཀྱི་ནུས་པ་ལྷག་པ་དང་། ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཀྱི་སེམས་མི་སྐྱེ་བ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཞེན་པའི་སེམས་མི་སྐྱེ་བ་དང་། ཕར་ཕྱིན་ཀུན་ཡུམ་དུ་བསྡུ་བར་བྱེད་ཤེས་པ་དང་། ཡུམ་ལ་བསླབ་པས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་དང་། ལྟ་བ་ཐམས་ཅད་དང་བྲལ་བས་ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་ཐག་ཉེ་བ་སྟེ། ཕྱི་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད་དང་། ནང་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད་དེ་བཅུ་དྲུག་གོ །གསུམ་པ་བཟོད་པའི་རྩེ་སྦྱོར་ནི། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱིས་སོགས་ནས་མངོན་པར་བརྗོད་ཅེས་པ་སྟེ། ཀུན་མཁྱེན་ཉིད་གསུམ་གྱི་ཆོས་སུམ་ཅུ་རྣམས་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་བླ་ན་མེད་པར་རང་དོན་རྟོགས་པ་བརྟན་པ་དང་། སེམས་ཅན་གྱི་དོན་བསྒྲུབ་པ་བསམ་སྦྱོར་གྱིས་ཡོངས་སུ་མི་གཏོང་བ་གཞན་དོན་སྙིང་རྗེ་བརྟན་པ་སྟེ་གཉིས་སོ། །བཞི་པ་ཆོས་མཆོག་གི་རྩེ་སྦྱོར་ནི། གླིང་བཞི་བ་དང་སོགས་ནས་བསྒྲགས་པ་ཡིན་ཞེས་པ་སྟེ། གླིང་བཞི་པ་དང་། སྟོང་དང་པོ་དང་། གཉིས་པ་དང་། སྟོང་གསུམ་གྱི་ཆུ་སོགས་སྲང་ལ་གཞལ་བས་ཚད་བཟུང་བར་རུང་གི། ཡི་རང་གི་བསོད་ནམས་ཀྱི་ཚད་བཟུང་བར་མི་ནུས། ཞེས་པའི་བསོད་ནམས་མང་པོ་ཉིད་ཀྱིས་མཚོན་ནས་སེམས་གཉིས་མེད་ཀྱི་དོན་ལ་ཀུན་ཏུ་གནས་པའི་ཏིང་ངེ་འཛིན་ཡོངས་སུ་བསྒྲགས་པ་ཡིན་ནོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་ལ། མི་མཐུན་ཕྱོགས་དང་གཉེན་པོ་གཉིས། དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ལ་གཟུང་རྟོག་མདོར་བསྟན་པ་ནི། འཇུག་པ་དང་ནི་ལྡོག་པ་ལས་སོགས་ནས། དག་ཤེས་བྱ་ཞེས་གསུངས་ཏེ། བྱང་སེམས་ཀྱི་འཇུག་ཡུལ་ཐེག་ཆེན་གྱི་ལམ་འབྲས་དང་། ལྡོག་ཡུལ་ཅན་རང་གི་ལམ་འབྲས་ལ་དམིགས་ནས་བླང་བྱ་དང་དོར་བྱར་བདེན་པར་ཞེན་པའི་གཟུང་བའི་རྣམ་རྟོག་གོ ། དེ་ལ་དབྱེ་ན་སོ་སོར་དགུ་རེ་ཡོད་དེ། དེ་དག་ཀྱང་རང་རང་གི་ཡུལ་ཇི་བཞིན་མིན་པར་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་པས་སྤང་བྱ་ཡིན་ནོ། །འཛིན་རྟོག་མདོར་བསྟན་པ་ནི། སོ་སོའི་སྐྱེ་བོ་འཕགས་དབྱེ་སོགས་ནས་མཚན་ཉིད་དོ། །ཞེས་པ་སྟེ། སོ་སྐྱེའི་སྣང་ཚུལ་དང་འཕགས་པས་གཟིགས་ཚུལ་དང་མཐུན་པའི་དབྱེ་བས། སེམས་ཅན་རྫས་སུ་ཡོད་པ་དང་། བཏགས་པར་ཡོད་པར་འཛིན་པའི་རྣམ་རྟོག་གཉིས་ལ་ཡང་སྔར་ལྟར་སོ་སོར་དགུ་རེ་ཡོད་ལ། དེ་དག་ཀྱང་ཡུལ་གཟུང་བའི་དོན་དེ་བཞིན་དུ་མེད་པ་དེ་དག་གང་གིས་འཛིན་པ་ཡིན་པར་འདོད་དོ། །དེ་ལྟར་འཛིན་པ་དེ་དག་འཛིན་པའི་ངོ་བོར་སྟོང་པའི་མཚན་ཉིད་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དང་པོ་གཟུང་རྟོག་རྒྱས་པ་བཤད་པ་ནི། ངོ་བོ་ཉིད་དང་སོགས་ནས་ཡིད་ལས་བྱུང་ཞེས་པ་སྟེ། བྱང་ཆུབ་རྒྱུ་འབྲས་ཀྱིས་དབེན་པའི་ངོ་བོ་ཉིད་དང་། ཐེག་ཆེན་གྱི་རིགས་དང་། འཕགས་པའི་ལམ་ཡང་དག་པར་འགྲུབ་པ་དང་། ཡིན་ལུགས་ཤེས་པ་དང་། སྤང་གཉེན་ལ་འདོར་ལེན་བྱེད་པ་དང་། རང་གི་ཡུལ་ལམ་ཐོབ་བྱ་མངོན་དུ་བྱས་པའི་རྟོགས་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། དེའི་བྱ་བའི་ལས་དང་། བྱ་བའི་འབྲས་བུ་མྱང་འདས་དང་དགུ་སྟེ། དེ་དག་ཀྱང་སྤྱི་དང་ཁྱད་པར་གཉིས་ལས་ཕྱི་མ་ལ། རྒྱུ་ལམ་འབྲས་གསུམ། ལམ་ལ་ངོ་བོ་ཡུལ་མི་མཐུན་ཕྱོགས་སེལ་བའི་ནུས་པ་གསུམ། འབྲས་བུ་ལ་རང་དོན་གཞན་དོན་གཉིས། གཞན་དོན་ལ་བྱེད་པ། བྱ་བ། འབྲས་བུ་གསུམ་རྣམས་གཉིས་པ་ནས་རིམ་པ་ལྟར་རོ། །མཚན་མར་བཟུང་ཞིང་སྙིང་རྗེ་ཆུང་བས་རྟོགས་པ་དམན་པ་ཉིད་དང་། སྲིད་ཞི་ལས་འཛིན་པའི་ཡོངས་འཛིན་མེད་པ་དང་། སྒྲིབ་གཉིས་མཐའ་དག་གི་གཉེན་པོ་མ་ཡིན་པས་ལམ་གྱི་རྣམ་པ་མ་ཚང་བ་དང་། སངས་རྒྱས་དང་བྱང་སེམས་ཀྱིས་ཆོས་བསྟན་པ་ལ་ལྟོས་པའི་སྲིད་མཐའི་ཆེད་ཀྱང་གཞན་རྐྱེན་གྱིས་འགྲོ་བ་དང་། ཆེན་པོ་གསུམ་གྱི་ཆེད་དུ་ལམ་ལ་མི་འཇུག་པས་ཆེད་དུ་བྱ་བ་ལོག་པ་དང་། སྤང་བྱ་ཕྱོགས་རེ་བ་སྤངས་པའི་སྤངས་པ་ཉི་ཚེ་བ་དང་། རྒྱུན་ཞུགས་ནས་དགྲ་བཅོམ་གྱི་བར་རྟོགས་པ་ཐ་དད་པས་སྣ་ཚོགས་པ་དང་། རྣམ་མཁྱེན་ནམ་གཞན་དོན་དུ་འཇུག་གནས་ལ་རྨོངས་པ་དང་། རང་ལམ་གྱི་མྱང་འདས་ཐོབ་པའི་རྗེས་ལ་རྣམ་མཁྱེན་དུ་འགྲོ་བ་དང་དགུ་སྟེ། དེ་དག་ཀྱང་རྟོགས་པ། ཡོངས་འཛིན། ལམ། དབང་པོ། ཐབས་མཁས་དམན་པ་སྟེ་ལམ་དམན་པ་ལྔ་དང་། སྤངས་རྟོགས་གཞན་དོན་མྱང་འདས་ཏེ་འབྲས་བུ་དམན་པ་བཞི་དང་དགུ་ལས། གཟུང་རྟོག་སྔ་མ་དགུ་ནི་ཐེག་ཆེན་གྱི་ལམ་ལ་འཇུག་བྱར་བདེན་པར་ཞེན་པ་དང་། ཕྱི་མ་དགུ་ཐེག་དམན་སྤང་བྱར་བདེན་ཞེན་གྱི་རྣམ་པའོ། །གཉིས་པ་འཛིན་རྟོག་རྒྱས་པར་བཤད་པ་ནི། འཛིན་པ་དང་ནི་སོགས་ནས་རྣམ་རྟོག་གཞན་ཡིན་ནོ། །ཞེས་བསྟན་ཏེ། ཀུན་རྫོབ་སྒྱུ་མ་ལྟ་བུར་ཡོན་ཏན་དང་སྐྱོན་ལ་འཛིན་འདོར་བྱེད་པ་པོ་དང་། ཆོས་རྣམས་སྒྱུ་མ་ལྟར་ཡིད་ལ་བྱེད་པ་པོ་དང་། མཚན་མར་ཡིད་བྱེད་ཀྱིས་ཁམས་གསུམ་དང་འབྲེལ་བར་དམིགས་པ་པོ་དང་། གཟུགས་སོགས་ལ་ཞེན་ནས་གནས་པ་པོ་དང་། ཆོས་ཐམས་ཅད་ཡུལ་དུ་བྱེད་པའི་མངོན་པར་ཞེན་པ་པོ་དང་། ཆོས་ཐམས་ཅད་ཐ་སྙད་དུ་བཏགས་པ་ཙམ་དུ་རྟོགས་པ་པོ་དང་། ལམ་ཕྱིན་དྲུག་ལ་ཆགས་ཤིང་ནན་ཏན་བྱེད་པ་པོ་དང་། སྲིད་ཞི་ལ་བླང་དོར་དུ་བྱེད་པའི་གཉེན་པོ་བྱེད་པ་པོ་དང་། ཤེར་ཕྱིན་དང་བྲལ་བས་སྦྱིན་སོགས་ཇི་ལྟར་འདོད་བཞིན་འགྲོ་བའི་ལས་ཉམས་པར་ཤེས་པ་པོ་སྟེ་ཡུལ་དགུ་ལ་རྫས་ཡོད་ཀྱི་བདག་ཏུ་ཞེན་པ་པོ་སྟེ། དེ་དག་ཀྱང་རྒྱུ་ཞེན་མེད་ཀྱི་ལམ་ལས་ཉམས་པ་དང་། འབྲས་བུ་རྣམ་མཁྱེན་མི་ཐོབ་པ་གཉིས་ལས། དང་པོ་ལ་སྤྱོད་པ་ཤེས་བྱ་སྤང་གཉེན་གསུམ། སྤྱོད་པ་ལ་ཀུན་སློང་ངོ་བོ་ཉེས་དམིགས་གསུམ། ཤེས་བྱ་ལ་དངོས་པོར། རྒྱུན་དུ། ཐ་སྙད་དུ་ཞེན་པ་གསུམ། སྤང་གཉེན་ལ་སྤང་བྱ་དང་། གཉེན་པོ་ལ་ཞེན་པ་གཉིས་སོ། །ཆེད་དུ་བྱ་བ་ཆེན་པོ་གསུམ་ཇི་ལྟ་བ་བཞིན་མི་འབྱུང་བ་དང་། ལམ་ཡང་དག་པ་ཐེག་ཆེན་ལམ་ཡང་དག་མ་ཡིན་པར་ངེས་པར་འཛིན་པ་པོ་དང་། འབྲས་བུ་འགགས་པ་དང་རྒྱུ་སྐྱེ་བ་ཀུན་རྫོབ་ཏུ་བཏགས་པ་ཙམ་གྱིས་ངོ་བོར་བཏགས་པར་རྟོགས་པ་པོ་དང་། དངོས་པོ་མཐའ་དག་དོན་དམ་དུ་དབྱེར་མེད་པར་ལྡན་པ་དང་ཀུན་རྫོབ་ཏུ་དབྱེར་མེད་པར་མི་ལྡན་པར་ཤེས་པ་པོ་དང་། ཆོས་ཐམས་ཅད་ལ་མ་ཞེན་པར་གནས་པ་པོ་དང་། ཉན་རང་གི་རིགས་ཞི་བ་དོན་གཉེར་ཙམ་གྱི་བློ་འཇིག་པ་པོ་དང་། སངས་རྒྱས་འདོད་ཅིང་དོན་དུ་གཉེར་བ་མེད་པར་རྟོགས་པ་པོ་དང་། དོན་དམ་པར་ཆོས་སྟོན་པ་པོ་སོགས་རྒྱུ་མེད་པར་རྟོགས་པ་པོ་དང་། ཕྱིན་དྲུག་གི་མི་མཐུན་ཕྱོགས་གོམས་པས་བདུད་བཞི་དང་ས་གཉིས་ཀྱི་ཕྱིར་རྒོལ་བ་དངོས་པོ་དམིགས་པ་སྟེ་ཡོད་པར་ཤེས་པ་དང་དགུ་སྟེ། མི་མཐུན་གཉེན་པོའི་ཆོས་དེ་རྣམས་དང་ལྡན་པའི་ཤེས་རྒྱུད་ལ་བརྟགས་པའི་བདག་ཏུ་བདེན་པར་ཞེན་པ་སྟེ་དགུ། དེ་དག་ཀྱང་ཉན་རང་གི་ལམ་དང་བྱང་སེམས་ཀྱི་ལམ་དང་། དེ་གཉིས་ཀའི་མི་མཐུན་ཕྱོགས་ཀྱི་དབང་དུ་བྱས་པ་གཉིས་དང་དྲུག་དང་གཅིག་གོ ། གཉིས་པ་གཉེན་པོ་བཤད་པ་ལ་ཞར་བྱུང་དང་དཀྱུས་མ་གཉིས། དང་པོ་ལ་མཐོང་རྩེའི་གྲོགས་དང་། དེའི་འབྲས་བུའོ། །དང་པོ་ནི་བྱང་ཆུབ་ལ་གཞན་སོགས་ནས་མཚན་ཉིད་དོ་ཞེས་པ་སྟེ། དེ་ལ་གཞན་དང་རང་གི་རྒྱུད་སྦྱོང་བ་གཉིས། དང་པོ་ལའང་རྟོགས་པའི་ཆོས་དང་ལུང་གི་ཆོས་ལ་འགོད་པ་གཉིས་ལས། དང་པོ་ནི། གདུལ་བྱ་གཞན་དག་བྱང་ཆུབ་ལ་འགོད་པའི་ཐབས་སུ་མཐོང་ལམ། སྒོམ་ལམ་སོགས་སྟོན་པའམ་རྒྱུད་ལ་བསྐྱེད་པ་དང་། གཉིས་པ་ནི་དེའི་རྒྱུ་གཞུང་ཤེར་ཕྱིན་ཡུམ་གྱི་ཚིག་དོན་ཉན་ཅིང་འཛིན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་དུ་འཇུག་པའི་སྒོ་ནས་གཏོད་པ་དང་། གཉིས་པ་རང་གི་རྒྱུད་སྦྱོང་བ་ནི། བྱང་ཆུབ་ཆེན་པོ་དེ་ཐོབ་པའི་རྒྱུ་མཐོང་ལམ་གྱིས་ཡུམ་མཉམ་བཞག་ཏུ་བསྒོམས་ཤིང་རྗེས་ཐོབ་ཏུ་གཞན་ལ་སྟོན་པ་ནི། སྟོང་གསུམ་གྱི་སེམས་ཅན་དགྲ་བཅོམ་པའི་བར་ལ་བཀོད་པ་ལས་ཀྱང་བསོད་ནམས་ཆེས་མང་པོའི་མཚན་ཉིད་ཅན་ཡིན་ནོ། གཉིས་པ་འབྲས་བུ་བྱང་ཆུབ་ཆེན་པོ་ལ། དོན་ལ་གནས་པའི་བྱང་ཆེན་བསྟན། རྟོག་པས་བཏགས་པའི་བྱང་ཆེན་དགག་པའོ། །དང་པོ་ནི་དྲི་མ་ཟད་དང་སོགས་ནས་ཤེས་པར་བྱ་ཞེས་བསྟན་ཏེ། རྒྱུ་དེ་ལྟ་བུ་གསུམ་དང་ལྡན་པའི་མཐོང་ལམ་དེའི་འབྲས་བུ་ཆེན་པོ་གང་ཞེ་ན། སྒྲིབ་གཉིས་ཀྱི་དྲི་མ་ཟད་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་ལ་བྱང་ཆུབ་ཆེན་པོ་ཞེས་བརྗོད་དེ། དེ་གཉིས་ཀྱང་དོན་དམ་པར་ཆོས་དབྱིངས་སྤྲོས་བྲལ་གྱི་ངོ་བོ་ཡིན་པས་གདོད་མ་ནས་ཟད་པ་དང་། སྐྱེ་བ་མེད་པར་ཤེས་པའི་ཡེ་ཤེས་མཐར་ཕྱིན་པ་དེའོ། །གཉིས་པ་རྟོག་པས་བཏགས་པའི་བྱང་ཆེན་དགག་པ་ལ། དངོས་པོར་སྨྲ་བའི་ལུགས་དགག །སྟོང་པར་སྨྲ་བའི་ལུགས་བཞག་པའོ། །དང་པོ་ལ་ཁྱབ་བྱེད་མ་དམིགས་པ་དང་། ཁས་བླངས་ནང་འགལ་གྱིས་དགག་པ་གཉིས། དང་པོ་འགོག་པ་མེད་པའི་རང་བཞིན་སོགས་ནས། ཅི་ཞིག་འཐོབ་ཅེས་པ་སྟེ། སྐྱེས་ཟིན་གྱི་དྲི་མ་རྣམས་ཟད་པའི་མཚན་ཉིད་དང་། སྐྱེ་འགྱུར་གྱི་དྲི་མ་རྣམས་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱིས་འགོག་པ་དང་བྲལ་བ་དོན་དམ་པར་དེ་བཞིན་ཉིད་སྤྲོས་བྲལ་གྱི་རང་བཞིན་ཡིན་པས་གཉེན་པོ་མཐོང་བ་ཞེས་བྱ་བའི་ལམ་གྱིས་སྤང་བྱ་ཤེས་སྒྲིབ་རྣམ་པར་རྟོག་པའི་རིགས་དང་། ཉོན་མོངས་པའི་སྒྲིབ་པ་སྔར་ཡོད་བདེན་པ་ཅི་ཞིག་ཟད་ཅིང་། ཕྱིས་སྐྱེ་འགྱུར་མི་སྐྱེ་བའི་སྐྱེ་བ་མེད་པའི་རྣམ་པ་ཅི་ཞིག་འཐོབ་སྟེ་ཐོབ་པ་མེད་དོ་ཞེས་པའོ། །གཉིས་པ་ཁས་བླངས་ནང་འགལ་གྱིས་དགག་པ་ནི་གཞན་གྱིས་ཆོས་རྣམས་སོགས་ནས་མཚར་དུ་བརྩིས་ཞེས་པ་བསྟན་ཏེ། དབུ་མ་ལས་གཞན་དངོས་སྨྲ་བ་རྣམས་ཀྱིས་གཟུང་འཛིན་དང་རང་རིག་གི་ཆོས་རྣམས་ཀྱང་དོན་དམ་པར་ཡོད་པར་ཁས་ལེན་ཞིང་སྟོན་པ་སངས་རྒྱས་ལ་ཡང་ཤེས་བྱའི་སྒྲིབ་པ་ཟད་པར་བརྗོད་པ་གང་ཡིན་པ་དེ་ལ་ཁོ་བོ་བྱམས་མགོན་གྱིས་མཚར་དུའམ་བཞད་གད་དུ་བརྩིས་ཏེ་འགལ་བ་ཁས་བླང་བས་སོ། །གཉིས་པ་སྟོང་པར་སྨྲ་བའི་ལུགས་བཞག་པ་ནི། འདི་ལ་བསལ་བྱ་སོགས་ནས་རྣམ་པར་གྲོལ་ཞེས་གསུངས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་གྱི་ཆོས་འདི་ལ་ཐ་སྙད་དུ་སྐུར་པ་འདེབས་པའམ་ངོ་བོས་བསལ་བྱ་ཅི་ཡང་མེད་ལ། དོན་དམ་པར་སྒྲོ་འདོགས་པའི་ངོ་བོས་བཞག་པར་བྱ་བའང་ཅུང་ཟད་མེད་དེ། བསལ་བཞག་དང་བྲལ་བའི་ཆོས་ཉིད་ཡང་དག་པ་དེ་ཉིད་ལ། སྒྲོ་སྐུར་དང་བྲལ་བར་ཡང་དག་པར་བལྟས་པས་ཞེན་མེད་ཀྱི་དེ་ཁོ་ན་ཉིད་ཡང་དག་པར་མཐོང་བའི་ཚེ་ན་རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ན་སྤང་གཉེན་གྱི་རང་བཞིན་ཇི་ལྟ་བུ་ཞེ་ན་དོན་ལ་ཕམ་རྒྱལ་མེད་ཀྱང་འཁྲུལ་ངོར་སྒྱུ་མ་ཙམ་གྱིས་གཉེན་པོས་སྤང་བྱ་འཇོམས་པ་ལྟར་སྣང་བ་ནི་འཐད་པ་ཡིན་ནོ། །གཉིས་པ་དཀྱུས་མའི་དོན་བཤད་པ་ལ། མཐོང་རྩེ་དངོས་དང་། དེ་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། སྦྱིན་པ་ལ་སོགས་མཐོང་བའི་ལམ་ཞེས་པ་སྟེ་སྦྱིན་པ་ལ་སོགས་དྲུག་པོ་རེ་རེ་ནི། དེ་དག་ཕན་ཚུན་བསྡུས་པ་གང་ཡིན་པ་སྐད་ཅིག་གཅིག་པའི་བཟོད་པ་ཡིས་བསྡུས་པ་དེ་རྩེ་སྦྱོར་འདིར་མཐོང་ལམ་ཡིན་ཏེ། འཁོར་གསུམ་རྣམ་པར་མི་རྟོག་པའི་རང་བཞིན་དུ་ཕྱིན་དྲུག་གི་དབྱེ་བ་སུམ་ཅུ་རྩ་དྲུག་ཏུ་སྡུད་པའི་མཐོང་ལམ་མཉམ་གཞག་གི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་སྒོམ་ཚུལ་ནི། དེ་ནས་སེང་གེ་སོགས་ནས་རྟོགས་པར་བྱེད་ཅེས་པ་སྟེ། མཐོང་ལམ་རྩེ་མོའི་རྟོགས་པ་དེ་ཉིད་ལ་དབང་དུ་བྱ་བའི་ཕྱིར་དུ་མཉམ་གཞག་ཏུ་མཐོང་སྤང་ཉོན་ཤེས་ཀྱི་སྒྲིབ་པ་འཇིག་པ་དང་། བག་ཚ་བ་མེད་པ་སེངྒེ་རྣམ་པར་བསྒྱིང་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་འབྱུང་དང་། ལུགས་མི་མཐུན་པ་ལ་རྟོག་པར་བྱེད་དོ། །དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་པ་ལ་སོགས། ཀུན་ཉོན་གྱི་རྟེན་འབྲེལ་ལུགས་མཐུན་དུ་བསྒོམས་པས་ལས་ཉོན་གྱི་གཙོ་བོ་མ་རིག་པ་དང་འདུ་བྱེད་གཉིས་འཁོར་བའི་རྩ་བར་རྟོགས་ཏེ་ཀུན་འབྱུང་གི་བདེན་པའི་རང་བཞིན་རྟོགས་ལ། རྒ་ཤི་གང་ལས་བྱུང་། སྐྱེ་བ་ལས་བྱུང་སོགས་ཀུན་འབྱུང་ལུགས་ལྡོག་བསྒོམས་པས་སྐྱེ་བ་དང་རྒ་ཤི་ལས་ལས་ཉོན་གྱི་འབྲས་བུ་མཐར་ཐུག་ཏུ་རྟོགས་ཏེ་སྡུག་བདེན་གྱི་རང་བཞིན་ཁོང་དུ་ཆུད། མ་རིག་པ་འགགས་པས་འདུ་བྱེད་འགགས་ཞེས་སོགས་རྣམ་བྱང་གི་རྟེན་འབྲེལ་ལུགས་མཐུན་དུ་བསྒོམ་པས་མ་རིག་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པའི་རྩ་བ་གཅོད་པར་ཤེས་ཏེ་ལམ་བདེན་གྱི་རང་བཞིན་རྟོགས། སྐྱེ་བ་འགགས་པས་རྒ་ཤི་འགགས་སོགས་རྣམ་བྱང་ལུགས་བཟློག་ཏུ་བསྒོམས་པས་ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པས་འབྲས་བུ་མཐར་ཐུག་སྐྱེ་ཤི་འགོག་པ་ཡིན་པར་རྟོགས་ཏེ་འགོག་བདེན་གྱི་རང་བཞིན་ཁོང་དུ་ཆུད་པར་འགྱུར་རོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་ལ། རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག །བརྟེན་པ་ཡོན་ཏན་ནོ། །དང་པོ་ནི་འགོག་དང་བཅས་སོགས་ནས་མི་འདྲར་འགྲོ། །ཞེས་གསུངས་ཏེ། འདི་ལ་སྦྱོར་བ་སེངྒེ་རྣམ་བསྒྱིང་དང་། དངོས་གཞི་ཐོད་རྒལ་གྱི་ཏིང་ངེ་འཛིན་གཉིས། དང་པོ་ནི། བསམ་གཟུགས་བརྒྱད་འགོག་པ་དང་བཅས་པའི་སྙོམས་འཇུག་དགུར་ལུགས་མཐུན་དང་ལུགས་མི་མཐུན་གཉིས་སུ་ཡར་སོང་ཞིང་མར་འོང་ནས། གཉིས་པ་དངོས་གཞི་ཕྲུགས་གསུམ་ལས། དང་པོ་སྔ་མ་ལྟར་བསམ་གཏན་དང་པོ་ནས་འགོག་པའི་བར་མཐར་ཆགས་སུ་འགྲོ་བ་གཅིག །གཉིས་པ་སྙོམས་འཇུག་བརྒྱད་དང་འགོག་པ་བརྒྱད་སྤེལ་ནས་ལུགས་མཐུན་དུ་འགྲོ་བ་སྟེ། འདི་ལ་ཁ་ཅིག་གནས་བཅུ་དྲུག་དང་། ཁ་ཅིག་འདོད་སེམས་བསྣན་ཏེ་བཅུ་བདུན། ཁ་ཅིག་འགོག་པ་དང་འདོད་སེམས་བར་དང་སྲིད་རྩེའི་ནུད་ཆུང་བཅས་གནས་བཅོ་བརྒྱད་དུ་བཞེད་དོ། །གསུམ་པ་འདོད་པར་གཏོགས་པའི་སེམས་རྣམ་པར་ཤེས་པ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་མཉམ་གཞག་གི་ངོ་བོ་མ་ཡིན་པས་མཚམས་བཟུང་སྟེ། འགོག་པ་ནས་གཅིག་ནས་གཉིས་གསུམ་སོགས་རྒལ་བའི་སྙོམས་འཇུག་རྣམས་འདོད་སེམས་དང་སྤེལ་བ་སྟེ་འདི་ལ་གནས་བཅོ་བརྒྱད་ཡོད། གཉིས་པ་སྤང་བྱ་རྣམ་རྟོག་བཤད་པ་ལ། གཟུང་རྟོག་དང་། འཛིན་རྟོག་གཉིས་ལས་དང་པོ་ནི། མདོར་བསྡུས་རྒྱས་དང་སོགས་ནས་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་ཞེས་པ་སྟེ། ཚིག་མདོར་བསྡུས་པ་ལ་དགའ་བའི་ངོར་ཆོས་མདོར་བསྡུས་པ་དང་། རྒྱས་པ་ལ་དགའ་བའི་ངོར་རྒྱས་པ་དང་། ཆོས་ཀྱི་དོན་ནན་ཏན་དུ་སྒྲུབ་པར་མི་བྱེད་པ་སངས་རྒྱས་ཀྱིས་གཏང་བས་ཡོངས་སུ་མ་བཟུང་བ་དང་སྦྱོར་མཐོང་སྒོམ་པའི་དུས་གསུམ་གྱིས་མཐོང་ལམ་གཞིར་བྱས་པ་ལ་འདས་མ་འོངས་གཉིས། འགག་པ་དང་མ་སྐྱེས་པ་དང་སྐྱེ་བའི་རྒྱུ་དང་མི་ལྡན་པས་ལྟ་བ་མཐོང་ལམ་གྱི་ཡོན་ཏན་མེད་པ་དང་། ཐེག་ཆེན་གྱི་མྱང་འདས་ལ་སྦྱོར་བའི་ལམ། སྟོང་ཉིད་མངོན་སུམ་མཐོང་བ་མཐོང་ལམ། རང་བཞིན་མེད་མཐོང་གོམས་པར་བྱེད་པ་སྒོམ་ལམ་སྟེ་ལེགས་ལམ་རྣམ་པ་གསུམ་བཅས་ཤེས་བྱ་ཤེས་པ་པོ། །ཤེས་བྱེད་ལམ་གྱི་དབང་དུ་བྱས་པ་གཉིས་དང་གཅིག་དང་དྲུག་སྟེ་དགུ་པོ་རྣམས་ལས། དང་པོ་གཉིས་དང་། ཐ་མ་གསུམ་དངོས་དང་། བར་བ་བཞི་ལྡོག་པའི་སྒོ་ནས་ཐེག་ཆེན་ལམ་གྱི་འཇུག་བྱར་བདེན་པར་ཞེན་པའི་རྟོག་པ་ལྷན་སྐྱེས་དགུ་སྟེ་སྒོམ་ལམ་གྱི་དུས་ཀྱི་སྤང་བར་བྱ་བ་ཡིན་ནོ། །གཉིས་པ་ལྡོག་པ་གཟུང་རྟོག་ནི། གཉིས་པ་སེམས་དང་སོགས་ནས་ཤེས་པར་བྱ་ཞེས་པ་སྟེ། སྒོམ་ལམ་ཟག་མེད་ཀྱི་སེམས་དང་སེམས་ལས་བྱུང་བ་བར་ཆད་མེད་ལམ་འཇུག་པ་མཇུག་གི་གནས་སྐབས་ཡུལ་ཅན་གྱི་སྤང་བྱ་ཡིན་པར་བཞེད་དེ། དེ་ཡང་ཚོགས་ལམ་དུ་བླ་མེད་བྱང་ཆུབ་ཀྱི་སེམས་མི་བསྐྱེད་པ་དང་བྱང་ཆུབ་སྙིང་པོ་ཐོབ་བྱར་ཡིད་ལ་མི་བྱེད་པ་གཉིས་དང་། སྦྱོར་ལམ་དུ་ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་ཐོབ་བྱར་ཡིད་བྱེད་གཉིས་མཐོང་ལམ་དུ་ཤེར་ཕྱིན་གྱི་སྒྲུབ་པ་དང་བྲལ་བས་རྫོགས་བྱང་ཡིད་ལ་མི་བྱེད་པ། སྒོམ་ལམ་དུ་རང་ལམ་གྱི་མྱང་འདས་ཐོབ་དོན་དུ་མི་རྟག་སོགས་སྒོམ་པར་བྱེད་པ་དང་། མི་སློབ་པའི་ལམ་དུ་སྒོམ་པ་ཡོངས་སུ་རྫོགས་པས་བསྒོམ་པ་མེད་པ་དང་། བསྒོམས་མི་བསྒོམ་དེ་དག་ལས་བཟློག་པ་དེ་གཉིས་ཀ་ཚོགས་པ་དང་བཀག་པ་བྱང་ཆུབ་ཐོབ་པར་འདོད་པ་དང་། ཕུང་སོགས་མི་རྟག་སོགས་སུ་བདེན་པར་འཛིན་པའི་སྒོ་ནས་ཕྱིན་ཅི་ལོག་ཏུ་རྟོག་པ་ཇི་བཞིན་དོན་མིན་པའི་རྣམ་པར་རྟོག་པ་སྟེ་དགུའོ། ། གཉིས་པ་འཛིན་རྟོག་ལ་གཉིས་ལས། དང་པོ་ནི། སེམས་ཅན་བརྟགས་པའི་སྤྱོད་ཡུལ་སོགས་ནས་བསྒྲགས་པ་ཡིན་ཞེས་གསུངས་ཏེ། སེམས་ཅན་དང་གང་ཟག་རྫས་སུ་ཡོད་པ་འཁོར་བར་མི་སྐྱེ་བས་ཕུང་བོ་ལ་བཏགས་པ་ཙམ་དང་། སེམས་ལས་གཞན་པའི་དོན་མེད་པས་ཡུལ་དང་ཡུལ་ཅན་གྱི་ཆོས་སུ་ཐ་སྙད་བྱས་པ་བཏགས་པ་ཙམ་དང་། ཐམས་ཅད་དུ་ཁྱབ་པར་འགྲོ་བའི་ཕྱིར་གཟུགས་ནས་རྣམ་མཁྱེན་ལ་སོགས་པའི་ཆོས་ཐ་སྙད་དུ་སྟོང་བ་མིན་པ་དང་། གཟུགས་སོགས་ཀྱི་ཆོས་ལ་ཞེན་པས་ཆགས་པ་དང་། ཆོས་རྣམས་མི་དམིགས་པར་རབ་ཏུ་རྣམ་པར་འབྱེད་པ་དང་། ཕུང་པོ་ལ་དངོས་པོར་དམིགས་པའི་སྒོ་ནས་ཆེད་དུ་བྱ་བ་སྒྲུབ་པར་བྱེད་པ་དང་། ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་མཐར་ཐུག་ཏུ་མི་དམིགས་པའི་ཚུལ་གྱིས་ངེས་པར་འབྱུང་བ་དང་། འཕགས་ལམ་ལ་ཡང་དག་པར་མ་ཞུགས་པས་ཡོན་༼ཡང་༽དག་པ་མ་ཡིན་པ་དང་། ཆོས་ཅན་དང་ཆོས་ཉིད་ཐ་དད་དུ་དམིགས་པས་ཡུམ་ལ་སྤྱོད་པ་རྣམ་པར་འཁྲུགས་པ་སྟེ། ཤེས་བྱའི་དབང་དུ་བྱས་པ་གསུམ། ཐེག་པ་ཆེ་ཆུང་གི་ཤེས་རབ་དང་ཐབས་ཀྱི་དབང་དུ་བྱས་པ་གཉིས་ཏེ། སོ་སྐྱེའི་ལྟ་སྤྱོད་གཉིས་རྣམས་རིམ་བཞིན་ནོ། ། འཛིན་རྟོག་གཉིས་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་སེམས་ཅན་བཏགས་པའི་སོགས་ནས་རྣམ་པ་དགུ་ཞེས་པ་སྟེ། སེམས་ཅན་དུ་ཐ་སྙད་དུ་བཏགས་པ་དེར་འཇོག་པའི་རྒྱུ་མཚན་ཡུལ་དུ་བྱས། ཡུལ་ཅན་གྱི་འཛིན་པ་དགུ་སྒོམ་ལམ་རྩེ་མོ་དང་སྤང་གཉེན་དུ་འབྲེལ་བའི་མི་མཐུན་ཕྱོགས་གཞན་རྣམ་པ་དགུར་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ནི། བདག་ཉིད་ཇི་བཞིན་སོགས་ནས་ཐ་མར་བཞེད་ཅེས་པ་སྟེ། ཀུན་མཁྱེན་གསུམ་དང་རང་གི་བདག་ཉིད་དང་འབྲེལ་བའི་སྒྲིབ་པ་སེལ་བའི་ཐབས་ལ་རྨོངས་པ་གསུམ་དང་། སྒྲིབ་པ་ཐམས་ཅད་ཞི་བར་བྱེད་པའི་ལམ་ཐབས་དང་མ་བྲལ་བའི་ཤེར་ཕྱིན་ལ་རྨོངས་པ་དང་། གཟུགས་སོགས་ཤེས་བྱ་དང་དེའི་དེ་བཞིན་ཉིད་མཚུངས་པར་ལྡན་པ་དང་མི་ལྡན་པ་སྟེ་གཅིག་དང་ཐ་དད་ཀྱི་གནས་ལ་རྨོངས་པ་གསུམ་དང་། བདུད་དང་མུ་སྟེགས་དང་ཉན་རང་གི་ཐེག་པ་རྣམས་ལམ་ཟབ་མོ་ལ་བར་དུ་གཅོད་པ་ཉིད་ཀྱི་ཕྱིར་ལམ་གཞན་དང་ཐུན་མོངས་མ་ཡིན་ཞིང་མི་མཉམ་པ་ལ་རྨོངས་པ་དང་། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་སྤྲོས་བྲལ་དུ་མ་ཤེས་པར་མི་རྟག་སོགས་སྒྲ་ཇི་བཞིན་པའི་འཛིན་པ་ལ་རྨོངས་པ་དང་། ཕྱིན་ཅི་ལོག་གིས་བསླད་པའི་གློ་བུར་བ་ཙམ་དུ་མ་ཤེས་པར་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ལ་རྨོངས་པ་དང་། གཟུངས་འཛིན་གྱི་མཚན་ཉིད་བློས་བཏགས་པ་ཙམ་དུ་མ་ཤེས་པར་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་སྟེ། བྱང་སེམས་ཀྱི་ལམ་སྒྲིབ་པ་དང་། དེའི་ངོ་བོ་དང་། དམིགས་པ་དང་། ཁྱད་པར་དང་། སྤང་བྱ་དང་། ལམ་གྱི་རྣམ་པའི་དབང་དུ་བྱས་ཏེ། དང་པོ་གསུམ་དང་། བཞི་པ་དང་། ལྔ་བདུན་གཉིས་དང་། དྲུག་པ་དང་། བརྒྱད་པ་དང་དགུ་པའོ། ། ༈ རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གསུམ་པ་བརྟེན་པ་ཡོན་ཏན་ནི། ཡམས་ནད་འདི་རྣམས་ཟད་སོགས་ནས་བརྟེན་པར་བྱེད་ཅེས་པ་སྟེ། དེ་ལྟར་སྒོམ་ལམ་རྩེ་མོ་ལ་རིང་དུ་གོམས་པར་བྱས་པས་སྒོམ་སྤང་རྣམ་རྟོག་གི་རིགས་བཞི་པོས་རྒྱུད་ལ་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ནད་དང་འདྲ་བ་འདི་རྣམས་ཟད་པར་སྤངས་ནས། ཡུན་རིང་པོར་ནད་ཀྱིས་གཟིར་བ་དེ་ལས་གྲོལ་བ་ན་དགའ་བའི་དབུགས་ཕྱིན་པ་ལྟར་དུ་གྱུར་ ཅིང་། དུས་ཀྱི་རྣམ་པ་ཀུན་ཏུ་འགྲོ་བའི་བདེ་བ་མངོན་མཐོ་དང་ངེས་ལེགས་སྒྲུབ་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་བསྡུས་པ་ཐམས་ཅད། དཔེར་ན་བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་འཁོར་བཅས་བབ་པ་བཞིན་དུ་བརྟེན་པར་བྱེད་དེ། གང་ལ་བརྟེན་ན་སྒོམ་པའི་ལམ་རབ་ཀྱི་མཐར་ཕྱིན་པ་ཐོབ་པའི་འབྲས་བུ་མཆོག་གིས་མཛེས་པར་གྱུར་པའི་སེམས་དཔའ་ཆེན་པོ་དེ་ལ་འབད་རྩོལ་ལ་མ་ལྟོས་པར་མངོན་དུ་འོང་བའི་རྣམ་པས་བརྟེན་པར་བྱེད་དོ། །ཞེས་པ་སྟེ་སྒོམ་ལམ་གསུམ་པ་འདི་ས་བཅུ་པ་ལ་བཞག་གོ །བཞི་པ་བར་ཆད་མེད་པའི་རྩེ་མོ་ལ། ངོ་བོ། རྒྱུ། སྤང་བྱའོ། །དང་པོ་ངོ་བོ་ནི། སྟོང་གསུམ་སྐྱེ་བོ་སོགས་ནས་ཀུན་མཁྱེན་ཉིད་ཅེས་པ་སྟེ། སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་ཉན་རང་གི་ས་ལ་བཀོད་པའི་དགེ་བ་ལས་ཀྱང་ཚོགས་ལམ་དུ་སེམས་དང་པོ་བསྐྱེད་པ་བསོད་ནམས་མང་ཞིང་། སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་དཀར་པོ་རྣམ་པར་མཐོང་སོགས་དམན་ལམ་ས་བརྒྱད་དང་བྱང་ཆུབ་སེམས་དཔའི་སའི་སྐྱོན་མེད་པ་སྟེ་མཐོང་ལམ་ནས་ས་བདུན་པའི་བར་ལ་བཀོད་པའི་དགེ་བ་དཔེར་མཛད་ནས། དེ་བས་བྱང་ཆུབ་ལ་ཞུགས་པ་སྟེ་ས་བཅུ་པའི་བསོད་ནམས་མང་བར་བསྟན་པ་ཉིད་ཀྱིས་སངས་རྒྱས་ཉིད་ཐོབ་པ་ལ་ཆོས་གཞན་གྱིས་བར་ཆོད་པ་མེད་པའི་ཏིང་ངེ་འཛིན་བསྟན་ཏེ། ཏིང་ངེ་འཛིན་འདི་འབྲས་བུ་གང་གིས་དེ་མ་ཐག་རྐྱེན་དུ་གྱུར་པའི་སངས་རྒྱས་དེ་ནི་རྣམ་པ་ཀུན་མཁྱེན་པ་ཉིད་ཡིན་ནོ། །གཉིས་པ་རྒྱུ་ནི། འདི་ཡི་དམིགས་པ་སོགས་ནས་རྣམ་པ་ཞི་ཉིད། ཅེས་པ་སྟེ། བར་ཆད་མེད་པའི་ཏིང་ངེ་འཛིན་འདི་དང་རྣམ་མཁྱེན་འདིའི་དམིགས་པ་ནི་བདེན་པའི་དངོས་པོ་མེད་པས་མ་ཡིན་དགག་རྟེན་འབྲེལ་སྒྱུ་མ་ལྟ་བུ་དེ་ཡིན་ལ། བདག་པོའི་རྐྱེན་ནི་ས་དགུ་པ་ཕྱིན་ཆད་སྤྲོས་བྲལ་གྱི་སྟོང་ཉིད་གཞན་དོན་དུ་རྣམ་མཁྱེན་ཡིད་བྱེད་ཀྱི་དམིགས་རྣམ་མི་བརྗེད་པར་འཛིན་པའི་དྲན་པའི་རྒྱུན་དང་། གདོད་མ་ནས་སྤྲོས་པ་ཉེ་བར་ཞི་བ་ཉིད་ཀྱི་རྣམ་པ་སྟེ། དེ་ལྟར་ན་བར་ཆད་མེད་རྩེ་དང་། རྣམ་མཁྱེན་གཉིས་དམིགས་རྣམ་རྗེས་སུ་མཐུན་ཞིང་བར་རྩེ་ལ་རྣམ་མཁྱེན་སྐྱེད་པའི་མཐུན་རྐྱེན་ཐམས་ཅད་ཚང་བ་ཡིན་ནོ། །གསུམ་པ་སྤང་བྱ་ལོག་རྟོག་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། །དང་པོ་ནི། འདི་ལ་ནི། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ་ཞེས་གསུངས་ཏེ། དེ་ལྟར་བཤད་པའི་དམིགས་རྣམ་འདི་ལ་ཀླན་ཀ་རབ་ཏུ་སྨྲ་བ་རྣམས་ཀྱིས་གཅིག་ནས་གཅིག་ཏུ་བརྒྱུད་མར་ངག་གིས་བརྗོད་པའི་ལམ་མཐར་ཐུག་པ་མེད་པར་རྒོལ་ཏེ། དེ་ཡང་བར་རྩེའི་དམིགས་རྣམ་འདི་རྣམས་ཟབ་པ་ཉིད་ཀྱིས་རྟོགས་དཀའ་བའི་རྒྱུ་མཚན་གྱིས་སོ། ། གཉིས་པ་རྒྱས་བཤད་ནི་དམིགས་པ་འཐད་དང་སོགས་ནས་བཅུ་དྲུག་དག་ཏུ་བཞེད། ཅེས་གསུངས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དངོས་པོ་མེད་པར་བཤད་པ་ཉིད་ཀྱིས་དམིགས་པ་འཐད་པ་མི་རུང་སྟེ། འཐད་ན་ཡུལ་དུ་རུང་ངོ་ཞེས་པ་དང་། ཆོས་ཐམས་ཅད་ལ་རང་བཞིན་མེད་པར་བཤད་པས་ངོ་བོ་ཉིད་ངེས་པར་བཟུང་བ་སྟེ། དེ་རྟོགས་པའི་ཚུལ་མི་འཐད་དེ་རྟོགས་ཚུལ་ཡོད་ན་རྟོགས་བྱ་ཡོད་དགོས་སོ་ཞེས་པ་དང་། དངོས་དང་དངོས་མེད་གཉིས་ཀར་མི་དམིགས་པར་བཤད་པས་རྣམ་མཁྱེན་གྱིས་ཡེ་ཤེས་མི་འཐད་དེ། ཀུན་མཁྱེན་ཡོད་ན་ཡུལ་གཉིས་ཡོད་དགོས་པའི་ཕྱིར་དང་། དེ་བཞིན་ཉིད་དང་སྤྲོས་བྲལ་གྱི་ངོ་བོར་དབྱེར་མེད་པར་བསྟན་པས་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་མི་འཐད་དེ་གཉིས་སུ་ཡོད་ན་དབྱེར་ཡོད་དགོས་པའི་ཕྱིར་དང་། སྦྱིན་པ་དང་སྦྱིན་པོ་ལེན་པོ་གསུམ་དུ་མི་དམིགས་པར་བཤད་པས་སྦྱིན་སོགས་ཉམས་སུ་ལེན་པའི་སྦྱོར་བ་མི་འཐད་དེ། ཡུལ་དེ་ཡོད་ན་དེ་གསུམ་ཡོད་དགོས་པའི་ཕྱིར་ཞེས་པ་དང་། རྟོགས་བྱའི་ཡུལ་མེད་པར་བཤད་པས་རྟོགས་པ་པོ་སངས་རྒྱས་དཀོན་མཆོག་མི་འཐད་པ་དང་། འགོག་ལམ་བརྟགས་པ་ཙམ་དུ་བཤད་པས་ཆོས་དཀོན་མཆོག་མི་འཐད་པ་དང་། ཆོས་ཐམས་ཅད་འཕེལ་འགྲིབ་དང་བྲལ་བར་བཤད་པས་དགེ་འདུན་དཀོན་མཆོག་མི་འཐད་པ་དང་། འཁོར་གསུམ་དུ་མི་དམིགས་པར་གསུངས་པས་སྦྱིན་པ་ལ་སོགས་པའི་ཐབས་དང་བཅས་པའི་ཡུལ་ཅན་མི་འཐད་པ་དང་། དངོས་པོ་དང་དངོས་མེད་གཉིས་དང་གཉིས་མིན་གྱི་མཐའ་བཞིར་རྟོགས་པ་བཀག་པས་ཐུབ་པའི་རྟོགས་པ་མི་འཐད་པ་དང་། རྟག་དང་མི་རྟག་ལ་སོགས་བློས་སྤྲོས་པ་ཙམ་དུ་འདྲ་བར་བསྟན་པས་ཕུང་སོགས་རྟག་སོགས་སུ་འཛིན་པ་ཕྱིན་ཅི་ལོག་ཡིན་པ་མི་འཐད་པ་དང་། འབྲས་བུ་ཉན་རང་གི་མྱང་འདས་མངོན་དུ་མི་བྱེད་པར་བཤད་པས་བྱང་སེམས་ཀྱིས་ལམ་གསུམ་པ་སྒོམ་པར་བཤད་པ་མི་འཐད་པ་དང་། བླང་བྱ་མེད་པར་བཤད་པས་གཉེན་པོ་མི་འཐད་པ་དང་། དོར་བྱ་མེད་པར་བཤད་པས་མི་མཐུན་ཕྱོགས་མི་འཐད་པ་དང་། ཆོས་ཐམས་ཅད་མཚན་ཉིད་དང་མཚན་གཞི་མེད་པར་བཤད་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་མི་འཐད་པ་དང་། བསྒོམ་བྱ་རང་སྤྱིའི་མཚན་ཉིད་མེད་པས་རྣམ་མཁྱེན་ཐོབ་པའི་ཆེད་དུ་ལམ་མ་བསྒོམ་པ་མི་འཐད་པ་སྟེ། ཟབ་མོའི་དོན་ལ་རྩོད་པ་རབ་ཏུ་སྨྲ་བ་རྣམས་ཀྱིས་བདེན་གཉིས་འགལ་བར་འཛིན་པའི་ལོག་རྟོག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འབྲེལ་བའི་རྟེན་ཅན་རྣམ་པ་བཅུ་དྲུག་དག་ཏུ་བཞེད་པ་ཡིན་ནོ། །རྒོལ་བ་དེ་དག་ཀྱང་ཕལ་ཆེར་དོན་དམ་ལ་བརྟེན་ནས་ཀུན་རྫོབ་དང་། ཀུན་རྫོབ་ལ་བརྟེན་ནས་དོན་དམ་གྱི་ཁས་བླངས་འགོག་པ་ཤ་སྟག་ཡིན་པས་བདེན་གཉིས་འགལ་བ་མེད་པའི་ཚུལ་གྱིས་སེལ་བར་བྱེད་པ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་རྩེ་མོའི་མངོན་པར་རྟོགས་པའི་སྐབས་ཏེ་ལྔ་པའི་འགྲེལ་པའོ། ། གཉིས་པ་བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། བརྟན་པའི་རྒྱུ་མཐར་གྱིས་པ། བརྟན་པའི་འབྲས་བུ་སྐད་ཅིག་མའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་བརྟན་པའི་རྒྱུ་མཐར་གྱིས་པ་ནི་སྦྱིན་པ་ཤེས་རབ་སོགས་ནས་བྱ་བར་བཞེད་ཅེས་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རང་ཉིད་གནས་ནས་གཞན་དེ་ལ་འགོད་པ་ལམ་མཐར་གྱིས་པ་དང་། ལམ་གྱི་རྟེན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཏེ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང་། ལམ་གྱི་གཞི་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལམ་གྱི་ཡན་ལག་གཏོང་བ་རྗེས་སུ་དྲན་པ་དང་། ལམ་ཉམས་སུ་ལེན་པའི་དཔང་པོ་ལྷར་སྐྱེ་བའི་འཕགས་པ་རྣམས་རྗེས་སུ་དྲན་པ་དང་། ལམ་ཁྱད་པར་དུ་བྱེད་པའི་མཐར་གྱིས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྒོ་ནས་ཤེས་པར་བྱེད་པའི་ལམ་དག་བྱེད་ཀྱི་མཐར་གྱིས་པ་སྟེ་བཅུ་གསུམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་ཏེ་དྲུག་པའི་འགྲེལ་པའོ། ། གཉིས་པ་བརྟན་པའི་འབྲས་བུ་སྐད་ཅིག་མའི་སྦྱོར་བ་ལ་ཡོན་ཏན་མངོན་དུ་བྱེད་པ་དང་། ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་དབང་དུ་བྱས་པའི་སྐད་ཅིག་མ་གཉིས། དང་པོ་ལའང་རྣམ་སྨིན་མ་ཡིན་པ་དང་། རྣམ་སྨིན་གྱི་སྐད་ཅིག་མ་གཉིས་ལས། དང་པོ་རྣམ་པར་སྨིན་པ་མ་ཡིན་པ་ལ་དངོས་ཀྱི་དོན་དང་། དེ་མཚོན་པའི་དཔེ་གཉིས་ལས། དང་པོ་ནི་སྦྱིན་པ་ལ་སོགས་རེ་རེས་སོགས་ནས་ཤེས་པར་བྱ་ཞེས་པ་སྟེ། དངོས་པོ་རྣམས་སོ་སོར་ངེས་པར་འཛིན་པའི་ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར། སྦྱིན་པ་ལ་སོགས་པའི་ཡེ་ཤེས་དམིགས་པར་བྱ་བའི་སྐད་ཅིག་མ་རེ་རེའི་ཡུལ་དུ་བྱས་པས་ཀྱང་སྦྱིན་སོགས་ནས་དཔེ་བྱད་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཟག་མེད་ཀྱི་ཆོས་རྣམས་སྐད་ཅིག་མ་གཅིག་ལ་ཡུལ་དུ་བསྡུས་པའི་སྦྱོར་བ་འདི་ནི་སྒོ་གསུམ་མཉམ་པར་བཞག་པའི་ཐུབ་པ་བྱང་སེམས་རྒྱུན་མཐའ་བའི་རྟོགས་པ་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་གཅིག་པའི་རྟོགས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་དེ་མཚོན་པའི་དཔེ་ནི། ཇི་ལྟར་སྐྱེས་བུ་སོགས་ནས་དེ་བཞིན་ནོ། །ཞེས་གསུངས་ཏེ། དཔེར་ན་སྐྱེས་བུའི་རྡོག་ཐབས་གཅིག་གིས་ཟོ་ཆུན་གྱི་རྒྱུན་གཅིག་བསྐྱོད་པ་ན་བཟོ་བོ་མཁས་པས་སྔོན་བཟོ་ལེགས་པར་བྱས་པའི་མཐུས་ཟོ་ཆུན་གྱི་རྒྱུ་ཐམས་ཅད་གཅིག་ཆར་དུ་འགུལ་བ་ལྟར། སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཐུས་ཟག་མེད་ཀྱི་ཡེ་ཤེས་གཅིག་དམིགས་པ་ན་ཐམས་ཅད་ཡུལ་དུ་བསྡུས་པའི་སྐད་ཅིག་གཅིག་པས་ཤེས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་རྣམ་སྨིན་གྱི་སྐད་ཅིག་མ་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི་སོགས་ནས་གཅིག་དང་ཡེ་ཤེས་ཞེས་བསྟན་ཏེ། སྒྲིབ་གཉིས་ཡོངས་སུ་སྤོང་བྱེད་ཀྱི་གཉེན་པོ་སྒོམ་པ་མཐར་ཕྱིན་པ་གང་གི་ཚེ་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟག་མེད་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་སྐྱེས་པ་དེའི་ཚེ་རྒྱུན་མཐའི་ཡེ་ཤེས་དེ་ཉིད་རྣམ་པར་སྨིན་པའི་སྐད་ཅིག་མ་ཡིན་ནོ། །གཉིས་པ་ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་སྐད་ཅིག་མ་ལ། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའི་སྐད་ཅིག་མ་གཉིས་ལས། དང་པོ་ནི་སྦྱིན་པ་ལ་སོགས་ནས་གཅིག་གིས་རྟོགས་ཞེས་པ་སྟེ། རྒྱུན་མཐའི་ཡེ་ཤེས་དེ་ནི། སྦྱིན་པ་ལ་སོགས་སྤྱོད་པའི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཞེན་མེད་དུ་སྤྱོད་པ་ཉིད་ཀྱི་ཕྱིར། ཀུན་ཉོན་དང་རྣམ་བྱང་གི་ཆོས་ཐམས་ཅད་དོན་དམ་པར་མཚན་ཉིད་མེད་པར་སྐད་ཅིག་མ་གཅིག་གིས་རྟོགས་པ་ཡིན་ནོ། །གཉིས་པ་གཉིས་སུ་མེད་པའི་སྐད་ཅིག་མ་ནི། རྨི་ལམ་དང་ནི་སོགས་ནས་གཅིག་གིས་མཐོང་། ཞེས་པ་སྟེ། དཔེར་ན་རྨི་ལམ་དང་དེ་མཐོང་བ་ཉིད། གཉིད་སད་པ་ན་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར། ཆོས་རྣམས་གཟུང་འཛིན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མཐོང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་ཏེ་བདུན་པའི་འགྲེལ་པའོ།། །། གསུམ་པ་ཞུགས་འབྲས་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་ལ་སྐུ་དང་མཛད་པ་གཉིས། དང་པོ་ལ་ངོ་བོ་ཉིད་དང་། ཡེ་ཤེས་དང་། ལོངས་སྐུ་དང་། སྤྲུལ་སྐུའོ། །དང་པོ་ནི། ཐུབ་པའི་ངོ་བོ་ཉིད་སོགས་ནས་མཚན་ཉིད་ཅན་ཞེས་པ་སྟེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་སྐུ་དེ་གང་ཞེ་ན་ཟག་པ་མེད་པའི་ཆོས་འཆད་པར་འགྱུར་བ་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་གང་དག་ཐོབ་པར་གྱུར་བ། སྒྲིབ་གཉིས་ཀྱི་དྲི་མ་གློ་བུར་བ་རྣམས་ཀྱིས་རྣམ་པར་དག་པ་དེ་དག་གི་རང་བཞིན་ནམ་མཚན་ཉིད་དུ་གྱུར་པ་སྐྱེ་བ་མེད་པ་སྤྲོས་བྲལ་གྱི་ངོ་བོ་ཉིད་དེ་ནི་རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་མ་ཡིན་པ་ངོ་བོ་ཉིད་སྐུ་ཞེས་བྱ་ལ་ཆོས་ཅན་གྱི་སྐུ་གསུམ་དང་ཐ་མི་དད་ཀྱང་ཐ་སྙད་དུ་ཐ་དད་པར་རྣམ་པར་བཞག་པ་ཡིན་ནོ། ། གཉིས་པ་ཡེ་ཤེས་ཆོས་སྐུ་ལ་དངོས་ཀྱི་དོན། དེའི་ཁྱད་པར་བཤད། དེ་ལ་རྩོད་སྤོང་ངོ་། ། དང་པོ་ནི་བྱང་ཆུབ་ཕྱོགས་མཐུན་སོགས་ནས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་པ་སྟེ། འདི་ལ་སྡེ་ཚན་ཉེར་གཅིག་ནང་གསེས་ཀྱི་དབྱེ་བས་བརྒྱ་ཞེ་བཞི། མཐའི་དང་གིས་བསྡུས་པའི་མཁྱེན་པ་གཉིས་དང་བརྒྱ་ཞེ་དྲུག་ལས། སྡེ་ཚན་དང་པོ་ནི། དྲན་ཉེ་ཡང་དག་སྤོང་བ་རྫུ་འཕྲུལ་རྐང་། །བཞི་རེ་དབང་སྟོབས་ལྔ་ལྔ་བྱང་ཡན་བདུན། །འཕགས་ལམ་བརྒྱད་ཅེས་བྱང་ཕྱོགས་སོ་བདུན་ནོ། །སྡེ་ཚན་གཉིས་པ། བྱམས་དང་སྙིང་རྗེ་དགའ་སྙོམས་ཚད་མེད་བཞི། ། གསུམ་པ། གཟུགས་ཅན་ཡིན་མིན་གཟུགས་ལ་བལྟ་བ་གཉིས། །གཟུགས་དང་གཟུགས་མེད་འགོག་པ་རྣམ་ཐར་བརྒྱད། །བཞི་པ། བསམ་གཟུགས་འགོག་པ་སྙོམས་འཇུག་རྣམ་པ་དགུ། ལྔ་པ། འབྱུང་བཞི་སྔོ་སེར་དཀར་དམར་མཁའ་ཤེས་ཟད། །དྲུག་པ། གཟུགས་ཅན་གཟུགས་མེད་ཆེ་ཆུང་དབྱིབས་ཟིལ་གནོན། །གཟུགས་མེད་སྔོ་སེར་དཀར་དམར་མདོག་ཟིལ་གནོན། །བདུན་པ་དང་བརྒྱད་པ་ཁྱད་པར་དུ་འཆད། །དགུ་པ། ལྷ་མིག་རྣ་བ་རྫུ་འཕྲུལ་གཞན་སེམས་ཤེས། །སྔོན་གནས་རྗེས་དྲན་ཟག་ཟད་མངོན་ཤེས་དྲུག །བཅུ་པ། ཆོས་དོན་ཚིག་སྤོབས་སོ་སོ་ཡང་དག་རིག །བཅུ་གཅིག་པ། རྟེན་དམིགས་ཐུགས་དང་ཡེ་ཤེས་ཡོངས་དག་བཞི། །བཅུ་གཉིས་པ། ཚེ་སེམས་ཡོ་བྱད་ལས་སྐྱེ་མོས་སྨོན་ལམ། །རྫུ་འཕྲུལ་ཡེ་ཤེས་ཆོས་དབང་ཕྱིན་དྲུག་འབྲས། །གསུམ་གཉིས་གཅིག་གཅིག་གཅིག་གཉིས་རིམ་བཞིན་ནོ། ། བཅུ་གསུམ་པ། གནས་དང་གནས་མིན་རྣམ་སྨིན་དབང་ཁམས་མོས། །ལམ་དང་བསམ་གཏན་འཆི་འཕོ་སྐྱེ་བ་མཁྱེན། །སྔོན་གནས་རྗེས་དྲན་ཟག་ཟད་སྟོབས་བཅུའོ། །བཅུ་བཞི་པ། སྤངས་རྟོགས་ལམ་དང་ལམ་མིན་མི་འཇིགས་བཞི། །བཅོ་ལྔ་པ། སྐུ་གསུང་ཐུགས་ཀྱི་བསྲུང་བ་མེད་པ་གསུམ། །བཅུ་དྲུག་པ། གུས་དང་མི་གུས་གཉིས་འདྲེས་ཆགས་སྡང་བློ། །མེད་པའི་འདྲེན་པ་ཉེར་བཞག་རྣམ་པ་གསུམ། །བཅུ་བདུན་པ། གཞན་དོན་དུས་ལས་མི་འདའ་བསྙེལ་བ་མེད། །བཅོ་བརྒྱད་པ། སྒྲིབ་པའི་བག་ལ་ཉལ་སྤངས་བག་ཆགས་བཅོམ། །བཅུ་དགུ་པ། དུས་དྲུག་སེམས་ཅན་ལ་དགོངས་ཐུགས་རྗེ་ཆེ། །ཉི་ཤུ་པ། སྤྱོད་རྟོགས་ཕྲིན་ལས་ཡེ་ཤེས་མ་འདྲེས་པ། །དྲུག་དྲུག་གསུམ་གསུམ་རིམ་པ་བཞིན་དུའོ། །ཉེར་གཅིག་པ། རྣམ་པ་ལམ་གསུམ་བཞི་ཡི་མཁྱེན་པ་གསུམ། །དེ་ལྟར་བྱང་ཕྱོགས་ལ་སོགས་སློབ་ལམ་གྱི་སེམས་སེམས་བྱུང་གནས་ཡོངས་སུ་གྱུར་པས་མཐར་ཕྱིན་པའི་ལམ་དུ་གྱུར་པ། གཟུང་འཛིན་གྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཐམས་ཅད་ཀྱང་སྐུ་ཐ་མི་དད་པ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་མངོན་པར་བརྗོད་པར་བྱ་བ་ཡིན་ནོ། །གཉིས་པ་དེའི་ཁྱད་པར་བཤད་པ་ལ། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པའི་ཁྱད་པར་གཉིས། དང་པོ་ནི། ཉན་ཐོས་ཉོན་མོངས་མེད་པའི་སོགས་ནས་ཉོན་མོངས་མེད་ཅེས་པ་སྟེ། གཞན་རྒྱུ་ལ་ཉོན་མོངས་མི་སྐྱེད་པས་ཉོན་མོངས་མེད་པ་སྟེ། དེ་ཡང་ཉན་རང་གི་ཉོན་མོངས་མེད་པའི་ལྟ་བ་སྟེ། ཏིང་ངེ་འཛིན་གྱིས་གྲོང་སོགས་སུ་སེམས་ཅན་འདི་དག་བདག་མཐོང་བ་ན་དེའི་ཉོན་མོངས་སྐྱེ་བར་ཤེས་པའི་ཚེ་དེ་ལ་བལྟ་བར་མི་འདོད་པ་དང་། རྒྱལ་བས་སེམས་ཅན་འདི་དག་བདག་ལ་དམིགས་ནས་ཉོན་མོངས་རྒྱུན་དུ་གནས་པར་མ་གྱུར་ཅིག་ཅེས། དེ་ལ་ལྷག་པར་གཟིགས་པར་བཞེད་ཅིང་དེའི་ཉོན་མོངས་རྣམས་རྒྱུན་གཅོད་པའོ། །གཉིས་པ་སྨོན་ནས་ཤེས་པའི་ཁྱད་པར་ནི། སངས་རྒྱས་སྨོན་ནས་སོགས་ནས་འདེབས་པར་བཞེད། ཅེས་གསུངས་ཏེ། དེ་ཡང་སྤྱིར་སྨོན་ནས་ཤེས་པ་ནི། བསམ་གཏན་ལ་བརྟེན་ནས་འདི་ཤེས་པར་གྱུར་ཅིག་སྙམ་པའི་སྨོན་ལམ་གྲུབ་པ་ན་གང་མཁྱེན་པར་འདོད་པ་དེ་ལ་འདི་ཤེས་པར་བྱའོ་སྙམ་དུ་ཡིད་ལ་སྨོན་ཏེ་བསམ་གཏན་ལ་ཞུགས་ནས་དེ་ལས་ལངས་པ་ན་ཤེས་བྱ་དེ་དག་རིག་པར་འགྱུར་བ་སྟེ། དེ་ལ་སངས་རྒྱས་ཀྱི་སྨོན་ནས་ཤེས་པ་ནི། ཉན་རང་ལས་ཁྱད་པར་ལྔས་འཕགས་ཏེ། རང་གི་ངང་གིས་འཇུག་པས་ལྷུན་གྲུབ་དང་། རྒྱུན་མི་ཆད་པས་ཆགས་སྤོང་དང་། ཤེས་བྱ་ཐམས་ཅད་ལ་ཞུགས་པས་ཐོགས་པ་མེད་པ་དང་། རྟག་ཏུ་མཉམ་པར་གཞག་པས་རྟག་གནས་དང་། ཞུས་ལེན་ཐམས་ཅད་འདེབས་པར་མཛད་པས་འདྲི་བ་ཀུན་ལེན་འདེབས་པར་བཞེད་དོ། །དེ་ལ་ཉན་ཐོས་ལ་སོགས་ནི་ཁྱད་པར་ལྔ་ལྡན་དེ་ལས་ལྡོག་པའོ། །གསུམ་པ་རྩོད་སྤོང་ལ། ཆོས་སྐུ་རྟག་པ་དང་། ཁྱབ་རྟག་གཉིས་ཀའི་རྩོད་སྤོང་ངོ་། །དང་པོ་ལ་དངོས་དང་། དེ་དཔེས་སྒྲུབ་པའོ། །དང་པོ་ནི་རྒྱུ་ནི་ཡོངས་སུ་སོགས་ནས་དེར་སྣང་ངོ་། །ཞེས་པ་སྟེ། སངས་རྒྱས་ཏེ་རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་སྐུ་ལ་བཞུགས་ན། རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་འགལ་ལ་དོན་མི་མཛད་ན་ཐུགས་རྗེ་ཆེན་པོ་ལ་ཞུགས་པ་འགལ་ཞེ་ན་གདུལ་བྱ་འཚང་རྒྱ་བའི་རྒྱུ་ཡོངས་སུ་སྨིན་པར་གྱུར་པ་གང་དང་གང་ལ་གདུལ་བའི་ཐབས་གང་དང་། དུས་ནམ་གྱི་ཚེ་ཆོས་སྟོན་པ་ལ་སོགས་པའི་བྱ་བས་ཕན་པར་གྱུར་པའི་ཚེ། གདུལ་བྱའི་སྣང་བ་དེ་དང་དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་སྣང་བས་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སངས་རྒྱས་དུས་ཐམས་ཅད་དུ་དགོས་པའི་དོན་སྒྲུབ་པ་ལ་ཐག་ཉེ་བར་གནས་ཀྱང་ཉེས་པ་བསྐྱེད་པའི་སེམས་ཅན་ལ་ཕྲིན་ལས་དངོས་སུ་འཇུག་པའི་རྒྱུ་མ་ཚང་བས་དངོས་སུ་སྨིན་པར་མཛད་པ་མི་སྣང་ངོ་། ། གཉིས་པ་དེ་དཔེས་སྒྲུབ་པ་ནི། ལྷ་ཡི་སོགས་ནས་བཟང་མི་མྱོང་། ཞེས་གསུངས་ཏེ། ལྷ་ཡི་རྒྱལ་པོ་རྣམས་ཀྱིས་ཐམས་ཅད་དུ་སྙོམས་པར་ཆར་ཕབས་ཀྱང་ས་བོན་ཚིག་པ་ལྟ་བུ་མི་རུང་བ་ལ་ལོ་ཏོག་མི་འཁྲུངས་པ་ལྟར། སངས་རྒྱས་གདུལ་བྱའི་སེམས་ཅན་ལ་སྙོམས་པར་བྱོན་ཀྱང་སྐལ་བ་མེད་པས་དངོས་སུ་འཇལ་བ་ལ་སོགས་པ་མི་མྱོང་བ་ཡིན་ནོ། །གཉིས་པ་ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤོང་བ་ནི། དེ་ལྟར་མཛད་པ་སོགས་ནས་བརྗོད་པ་ཡིན་ཞེས་པ་སྟེ། ཡེ་ཤེས་ཀྱི་བདག་ཉིད་ཆོས་སྐུ་དེ་རྣལ་འབྱོར་པ་སོ་སོར་ངེས་པའི་རྟེན་ཅན་གྱི་རྒྱུད་ལ་ཡོད་པའི་ཕྱིར་ཁྱབ་པར་མི་རུང་ལ། སྐད་ཅིག་རེ་རེར་སྐྱེ་ཞིང་འབྱུང་བའི་ཕྱིར་རྟག་པར་མི་རུང་ངོ་ཞེ་ན། དེ་ལྟར་ཡིན་ཀྱང་སྐལ་ལྡན་ཐམས་ཅད་ལ་མཛད་པར་འཇུག་པ་བརྒྱ་ཆེ་བའི་ཕྱིར་དང་། རྒྱུན་ཟད་པའམ་ཆད་པ་མེད་པའི་ཕྱིར། སངས་རྒྱས་དེ་ཉིད་ཁྱབ་པ་དང་རྟག་པ་ཞེས་བརྗོད་པ་ཡིན་ནོ། ། ༈ མགོན་པོ་མ་ཕམ་པ་ལ་ཕྱག་འཚལ་ལོ། །གསུམ་པ་ལོངས་སྐུ་ལ་རང་བཞིན་མདོར་བསྟན། ཡོན་ཏན་རྒྱས་པར་བཤད་པ་གཉིས། དང་པོ་མཚན་ནི་སོགས་ནས་རྫོགས་སྐུར་བཞེད། ཅེས་གསུངས་ཏེ། གཟུགས་ཀྱི་སྐུའི་ངོ་བོ་ཉིད་མཚན་དང་དཔེ་བྱད་ཀྱི་བདག་ཉིད་བྱང་སེམས་རྣམས་ལ་ཐེག་པ་མཆོག་གི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་བདེ་བར་སྟོན་པར་མཛད་པ་ནི་ཐུབ་པའི་ལོངས་སྤྱོད་རྫོགས་སྐུ་ཡིན་ནོ། །མཚན་དཔེ་འདི་དག་སྤྲུལ་སྐུ་དང་འཁོར་ལོས་བསྒྱུར་བ་ལའང་ཡོད་ན་ཅིའི་ཕྱིར་ལོངས་སྐུ་ཉིད་ལ་བཤད་ཅེ་ན། རྣམ་སྨིན་གྱི་འབྲས་བུ་དངོས་ནི་ལོངས་སྐུའི་ཡིན་ལ་སྤྲུལ་སྐུའི་དེ་ནི་བདག་འབྲས་ཙམ་སྟེ་འདི་ནི་ལོངས་སྐུའི་ཡང་གཟུགས་བརྙན་དུ་གསུངས་པའི་ཕྱིར་དང་། དག་དང་མཛེས་དང་གསལ་བའི་སྒོ་ནས་འཁོར་བསྒྱུར་ལས་ཁྱད་པར་དུ་འཕགས་པའི་ཕྱིར་བཞག་པ་ཡིན་ནོ། །གཉིས་པ་ཡོན་ཏན་རྒྱས་པར་བཤད་པ་ལ་མཚན་དང་དཔེ་བྱད་གཉིས། དང་པོ་ལ་དངོས་དང་དེ་སྐྱེད་པའི་རྒྱུ་གཉིས་ལས། དང་པོ་ནི་ཕྱག་ཞབས་འཁོར་ལོས་མཚན་དང་སོགས་ནས་སུམ་ཅུ་རྩ་གཉིས་མཚན་ཞེས་པ་སྟེ། བླ་མ་སྐྱེལ་བ་དང་བསུ་བ་ལ་གོམས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། སྡོམ་པ་ཡང་དག་པར་བླངས་པས་ཞབས་རུས་སྦལ་བཞིན་མཉམ་པ་དང་། བསྡུ་བའི་དངོས་པོ་བཞི་བསྟན་པས་ཕྱག་ཞབས་ཀྱི་སོར་མོའི་བར་ལ་སེང་སེང་པོ་མེད་པར་འབྲེལ་བ་དང་། བཟའ་བ་དང་བཅའ་བ་གྱ་ནོམ་པ་བྱིན་པས་ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བཏུང་དང་ལྡག་པ་སོགས་སྔ་མ་ལྟར་བྱིན་པས་ཕྱག་ཞབས་ཀྱི་རྒྱབ་བཞི་དང་ཕྲག་གོང་གཉིས་ལྟག་པ་སྟེ་བདུན་མཐོ་བ་དང་། གསད་བྱ་བཅིངས་པ་ལས་ཐར་བར་བྱས་པས་སོར་མོ་རྣམས་རིང་བ་དང་། གཞན་གྱི་སྲོག་བསྲུངས་པས་རྟིང་པ་ཡངས་པ་དང་། སྲོག་གཅོད་སྤངས་པས་སྐུ་ཆེ་ཞིང་དྲང་བ་དང་། དགེ་ཆོས་རང་གིས་བླངས་པས་པུས་མོའི་ལྷ་ང་དང་ཞབས་ལོང་བུ་མི་མངོན་པ་དང་། དེ་གཞན་ལ་སྤེལ་བས་སྤུ་རེ་རེ་ནས་གྱེན་དུ་ཕྱོགས་པ་དང་བཟོ་དང་གསོ་རིག་ལ་སོགས་གུས་པར་བྱིན་པས་བྱིན་པ་ཨེ་ན་ཡ་འདྲ་བ་དང་། རང་ལ་བདོག་པའི་ནོར་བསླང་བ་ན་སློང་བའི་སྐྱེ་བོ་མ་སྤངས་པས་ཕྱག་རིང་ཞིང་མཛེས་པ་དང་། ཕྱེ་བ་བསྡུམ་པ་དང་གསང་ཚིག་བསྲུངས་པས་སྤ་བ་སྦུབས་སུ་ནུབ་པ་དང་། གདིང་བ་གྱ་ནོམས་པ་བྱིན་པས་པགས་པ་གསེར་གྱི་མདོག་འདྲ་བར་དག་ཅིང་གསལ་བ་དང་། ཁང་བཟང་སོགས་དམ་པ་བྱིན་པས་པགས་པ་འཇམ་པ་དང་། འདུ་འཛི་དང་རྣམ་གཡེང་སྤངས་པས་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་དང་། བསྙེན་བཀུར་གྱི་གནས་ཇི་བཞིན་དུ་རིམ་གྲོ་བསྒྲུབས་པས་ཞལ་མཛོད་སྤུས་བརྒྱན་པ་དང་། ཁ་དྲག་གི་ཚིག་གིས་གཞན་ཁྱད་དུ་མ་བསད་པས་རོ་སྟོད་སེངྒེ་འདྲ་བ་དང་། སྙན་པ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་དཔུང་མགོ་ཟླུམ་པ་དང་། སྨན་སོགས་ཕན་པའི་ཟས་བྱིན་པས་ཐལ་གོང་རྒྱས་པ་དང་། ནད་གཡོག་དང་རིམ་གྲོ་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་དང་། ཀུན་དགའ་ར་བ་དང་སྐྱེད་ཚལ་སོགས་བྱེད་པ་གཞན་ཡང་དག་པར་ལེན་དུ་གཞུག་པས་ཤིང་ནྱ་གྲོ་ངྷ་ལྟར་ཆུ་ཞིང་གབ་པ་དང་། གཙུག་ལག་ཁང་དང་ཁང་བཟང་སོགས་བྱིན་པས་དབུ་གཙུག་ཏོར་དང་ལྡན་པ་དང་། འཇམ་པ་དང་སྙན་པ་དང་མཉེན་པར་གསུངས་པས་ལྗགས་རིང་ཞིང་མཛེས་པ་དང་། སེམས་ཅན་རང་རང་གི་སྐད་དང་མཐུན་པར་ཆོས་བསྟན་པས་ཚངས་པའི་དབྱངས་དང་ལྡན་པ་དང་། ངག་འཁྱལ་སྤངས་པས་འགྲམ་པ་སེང་གེའི་འགྲམ་པ་འདྲ་བ་ཟླུམ་ཞིང་རྒྱས་པ་དང་། སྐྱེ་བོ་ཐམས་ཅད་ལ་བཀུར་བ་དང་བསྟོད་ཅིང་བསྔགས་པས་ཚེམས་དཀར་བ་དང་། ལོག་འཚོ་སྤངས་པས་ཚེམས་མཉམ་པ་དང་། རྫུན་སྤངས་པས་ཚེམས་ཐག་བཟང་བ་དང་། ཕྲ་མ་སྤངས་པས་ཚེམས་བཞི་བཅུ་ཚང་བ་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བལྟས་པས་སྤྱན་འབྲས་ནོར་བུ་མཐོན་མཐིང་ལྟ་བུ་དང་། ཆགས་སྡང་སྤངས་པས་སྤྱན་རྫི་བ་མཆོག་གི་རྫི་མ་ལྟར་ལེགས་པར་གཞོལ་ཞིང་མ་འདྲེས་པ་སྟེ་གང་གིས་སྐྱེས་བུ་ཆེན་པོ་མཚོན་པར་བྱེད་པས་ན་མཚན་སུམ་ཅི་རྩ་གཉིས་སོ། །གཉིས་པ་དེ་སྐྱེད་པའི་རྒྱུ་ནི། འདི་ལ་མཚན་ནི་སོགས་ནས་མདོ་ལས་ཇི་སྐད་བཤད་པ་བཞིན་ཞེས་པར་སྟེ་བཤད་མ་ཐག་པ་ལྟར་རོ། ། གཉིས་པ་དཔེ་བྱད་ནི། ཐུབ་པའི་སེན་མོ་སོགས་ནས་བཟང་པོར་བཞེད་ཅེས་པ་སྟེ། འདི་དག་ནང་གི་ཡོན་ཏན་གཞན་ལ་གོ་བར་བྱེད་པས་ན་དཔེ་བྱད་དེ། འདི་ལ་བཅུ་ཚན་བརྒྱད་ལས། དང་པོ་ནི། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བས་སེན་མོ་ཟངས་མདོག་དང་། ཕུགས་སུ་ཕན་པའི་ལྷག་བསམ་མངའ་བས་སེན་མོའི་མདོག་སྣུམ་པ་དང་། རིགས་མཆོག་ལས་སྐྱེས་པས་སེན་མོ་མཐོ་བ་དང་། སྤྱོད་ཚུལ་ཁ་ན་མ་ཐོ་བ་མེད་པས་སོར་མོ་ཟླུམ་པ་དང་། དགེ་རྩ་རྫོགས་པས་སོར་མོ་རྒྱས་པ། ཐེག་པ་གསུམ་ལ་མཐར་གྱིས་ཞུགས་པས་སོར་མོ་རྣམས་བྱིན་གྱིས་ཕྲ་བ། མི་དགེ་དང་ལོག་འཚོ་སྤངས་བས་སྐུའི་རྩ་མི་མངོན་པ་དང་། ཉོན་མོངས་པ་ལས་གྲོལ་བས་རྩ་མདུད་མེད་པ། གསང་པ་བསྲུངས་པས་ལོང་བུ་ཆུང་ངུ་མི་མངོན་པ་དང་། བགྲོད་དཀའི་གནས་ལས་སྒྲོལ་བར་མཛད་པས་ཞབས་རིང་ཐུང་མེད་པར་མཉམ་པ་དང་བཅུ། གཉིས་པ་མི་ཟིལ་ཀྱིས་གནོན་པས་སེངྒེ་། ཀླུ་ཟིལ་གྱིས་གནོན་པ་གླང་ཆེན། ནམ་མཁའ་ལ་གཤེགས་པས་བྱ་ངང་བ། འདོད་པའི་གནས་སུ་གདུལ་བྱའི་སྣ་འདྲེན་པས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་བཞི། བསྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པས་གཡས་ཕྱོགས་སུ་གཤེགས་པ་དང་། བལྟ་ན་སྡུག་ཅིང་མཛེས་པར་གཤེགས་པ་ལ་མཁས་པས་མཛེས་གཤེགས། དམན་ལམ་ཡིད་བྱེད་ཀྱི་གྱ་གྱུ་མེད་པས་དྲང་གཤེགས། གཞན་གྱི་ཡོན་ཏན་བརྗོད་པས་སྐུ་འགྱིང་ལེགས་ཤིང་སྐུ་ཤ་རྒྱས་པའམ་འཁྲིལ་བག་ཆགས་པ། སྒོ་གསུམ་སྡིག་པས་མ་གོས་པས་སྐུ་བྱི་དོར་བྱས་པ་ལྟར་དག་ཅིང་གཙང་བ། གདུལ་བྱའི་བློ་དང་འཚམས་བར་ཆོས་སྟོན་པས་རིང་ཐུང་ཕྲ་སྦོམ་རིམ་པར་འཚམས་པ་དང་བཅུའོ། །གསུམ་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་དག་པས་སྐུ་གཙང་བ་དང་། ཐུགས་ཐུགས་རྗེ་ཆེན་པོ་དང་ལྡན་པས་འཇམ་པ་དང་། ཐུགས་དྲི་མ་མེད་པས་སྐུ་དག་པ་དང་། སྒྲིབ་གཉིས་འཇོམས་པའི་ཆོས་ཡོངས་སུ་རྫོགས་པའི་ཆ་ཤས་རྫོགས་པས་མཚན་ཡོངས་སུ་རྫོགས་པ་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་རྫོགས་པས་སྐུ་ཁོ་ལག་ཡངས་ཤིང་བཟང་བ་དང་། འགྲོ་ལ་ཐུགས་སྙོམས་པས་གོམ་པ་ཆེ་ཆུང་སྙོམས་པ་དང་། ཉེས་ཀུན་དག་བྱེད་ཀྱི་ཆོས་སྟོན་པས་སྤྱན་གཉིས་རྣམ་པར་དག་པ་དང་། དཔེ་དང་བཅས་ནས་ཆོས་གོ་སླ་བར་སྟོན་པས་སྐུ་གཞོན་ཤ་ཅན་དང་། བྱ་དཀའ་བའི་གནས་ལ་རྟག་ཏུ་མ་ཞུམ་པས་སྐུ་ཤ་ཞུམ་པ་མེད་པ་དང་། དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་འདས་པས་སྐུ་ཤ་རྒྱས་པ་དང་བཅུའོ། །བཞི་པ། ཡང་སྲིད་མི་ལེན་པའི་ཕྱིར་སྐུ་ཤ་མི་ལྷོད་པས་གྲིབ་མ། རྟེན་འབྲེལ་ལུགས་མཐུན་དང་ལུགས་མི་མཐུན་ལེགས་པར་སྟོན་པས་ཡན་ལག་དང་ཉིང་ལག་རིང་ཐུང་སོགས་ཆ་ཕྱེད་པས་འབྱེས་པ་དང་། མངོན་མཐོ་ངེས་ལེགས་ལས་བརྩམ་པའི་ཆོས་ཀྱི་ཚིག་དོན་སྟོན་པས་གཟིགས་པ་གློ་བུར་གྱི་རབ་རིབ་མེད་པས་ཤིན་ཏུ་དག་པ་དང་། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་དཀུ་ཟླུམ་པ་དང་། འཁོར་བའི་ཉེས་སྐྱོན་གྱིས་ཅུང་ཟད་ཀྱང་མ་སྦག་པས་སྐེད་སྐབས་མཚམས་པ་དང་། ང་རྒྱལ་གྱི་འགྱིང་བག་བཅོམ་པའི་ཕྱིར་དཀུ་མ་རྙོངས་པ་དང་། ཆོས་ཟད་མི་ཤེས་པར་སྟོན་པས་ཕྱལ་ཕྱང་ངེ་བ་སྟེ་ལྟེ་བའི་ཕྱོགས་མཐོ་དམན་མེད་པ་དང་། ཆོས་ཟབ་མོ་རྟོགས་པས་ལྟེ་བ་ཟབ་པ་དང་། སློབ་མ་རང་དང་མཐུན་པར་གདམས་ངག་འཛིན་པས་ལྟེ་བ་གཡས་སུ་འཁྱིལ་བ་དང་། འཁོར་ཐམས་ཅད་སྒོ་གསུམ་གྱི་སྤྱོད་པ་ཀུན་ནས་མཛེས་པར་གྱུར་པའི་ཕྱིར་སྦྱོར་ལམ་ཀུན་ནས་མཛེས་པ་དང་བཅུའོ། །ལྔ་པ། ཐུགས་དྲི་མ་མེད་པ་གཙང་བས་སྒོ་གསུམ་གྱི་ཀུན་སྤྱོད་གཙང་བ་དང་། དུས་མ་ཡིན་པའི་ཆོས་མི་སྟོན་པས་སྐུ་ལ་སྨེ་བ་གནག་བག་མེད་པ་དང་། སྒོ་གསུམ་ཟོ་མདོག་བདེ་བའི་རྒྱུའི་ཆོས་སྟོན་པས་ཕྱག་ཤིང་བལ་ལྟར་འཇམ་པ་དང་། རང་གཞན་གྱི་སྐྱེ་བོ་ལ་སེམས་སྙོམས་པས་ཕྱག་གི་རི་མོ་མདངས་ཡོད་པ་དང་། ཟབ་མོའི་རྟོགས་པ་མཐར་ཕྱིན་པར་གནས་པས་ཕྱག་གི་རི་མོ་ཟབ་པ་དང་། ཆོས་ཡང་ཡང་སྟོན་པར་མཛད་པས་ཕྱག་རིས་རིང་བ་དང་། ཇི་ལྟར་འཚམས་པའི་བསླབ་པ་མང་པོ་སྟོན་པས་ཞལ་ཧ་ཅང་མི་རིང་བ་དང་། སྣོད་བཅུད་ཀྱི་འཇིག་རྟེན་གཟུགས་བརྙན་དང་འདྲ་བར་རྟོགས་པས་མཆུ་བིམ་པ་ལྟར་དམར་བ་དང་། གདུལ་བྱ་རྣམས་ཚིག་འཇམ་པོས་འདུལ་བས་ལྗགས་མཉེན་པ་དང་། རིགས་པས་འཐད་པ་མང་པོའི་ཡོན་ཏན་སྟོན་པས་ལྗགས་སྲབ་པ་དང་བཅུའོ། །དྲུག་པ་ནི། བྱིས་པའི་སྐྱེ་པོས་གཏིང་དཔག་དཀར་བའི་ཆོས་སྟོན་པས་ལྗགས་དམར་བ་ཉིད་དང་། ཉེས་པ་བཅས་པར་དོགས་པ་དང་འཇིགས་པ་མི་མངའ་བས་གསུང་འབྲུག་གི་སྒྲ་ལྟ་བུ་དང་། རྣ་བར་འཇེབས་པ་གསུངས་པས་གསུང་མཉེན་ལ་འཇམ་པ་དང་། ཆགས་པ་ཁོང་ཁྲོ་ང་རྒྱལ་མ་རིག་ལྟ་བ་ཐེ་ཚོམ་མཆོག་འཛིན་ཕྲག་དོག་སེར་སྣ་སྟེ་ཀུན་སྦྱོར་དགུའི་འཆིང་བ་བཅད་པས་མཆེ་བ་ཟླུམ་པ་དང་། ཉོན་མོངས་ཤས་ཆེ་བའི་སྐྱེ་བོ་གདུལ་དཀའ་བ་རྣམས་འདུལ་བས་མཆེ་བ་རྣོ་བ་དང་། ཉོན་མོངས་འཇོམས་པའི་ཆོས་དཀར་པོས་འདུལ་བས་མཆེ་བ་དཀར་བ་དང་། སེམས་ཅན་རྣམས་ལ་ཉེ་རིང་འཛིན་པ་ཟད་པས་མཆེ་བ་མཉམ་པ་དང་། ཐེག་གསུམ་གྱི་མངོན་རྟོགས་མཐར་གྱི་སྟོན་པས་མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤེས་རབ་མཆོག་ལ་གནས་པས་ཤངས་གཟེངས་མཐོ་བ་དང་། གདུལ་བྱ་སྐྱེ་བོ་ཡིད་ཆེས་པའི་ཕུན་ཚོགས་དང་ལྡན་པས་ཤངས་མཆོག་ཏུ་དག་པ་དང་བཅུའོ། །བདུན་པ་ལ། ཐེག་ཆེན་གྱི་ཆོས་རྒྱ་ཆེ་བ་སྟོན་པས་སྤྱན་ཡངས་པ་དང་། སེམས་ཅན་གྱི་ཚོགས་མང་པོ་འཁོར་བ་ལས་དྲངས་པས་རྫི་མ་སྟུག་པ་དང་། མགུ་བར་དཀའ་བའི་ལྷ་དང་མི་དང་ལྷ་མ་ཡིན་གྱི་འགྲོ་བ་གཞོན་ནུ་མ་ཐམས་ཅད་ཀྱིས་བསྟོད་པར་འོས་པས་མངོན་པར་མགུ་བར་མཛད་པས་སྤྱན་དཀར་ནག་འབྱེས་པས་པདྨའི་འདབ་མ་འདྲ་བ་དང་། འགྲོ་ལ་རྟག་ཏུ་མ་འོངས་པ་ན་ཅི་འགྱུར་གཟིགས་པས་སྨིན་ཚུགས་རིང་བ་དང་། འཇམ་པོའི་ཆོས་ཀྱིས་འདུལ་བ་ལ་མཁས་པས་སྨིན་མ་འཇམ་པ་དང་། ཐུགས་རྒྱུད་དགེ་བས་བརླན་པས་སྨིན་མ་སྣུམ་པ་དང་། དུས་ཀུན་ཏུ་ཉོན་མོངས་ཀྱི་རྐྱེན་གཟིགས་པས་སྨིན་མའི་སྤུ་མཉམ་པ་དང་། མཆོག་ཏུ་གནོད་པ་ཉོན་མོངས་རྣམས་བཟློག་པར་མཛད་པས་ཕྱག་རིང་ཞིང་རྒྱས་པ་དང་། རྒྱལ་བར་དཀའ་བ་ཆགས་སོགས་ལས་རྒྱལ་བས་སྙན་མཉམ་པ་དང་། གདུལ་བྱའི་རྒྱུད་མ་ཉམས་པར་བདེ་བ་ལ་བཀོད་པས་སྙན་ཉམས་པ་སྤངས་བ་དང་བཅུའོ། །བརྒྱད་པ་ལ། ལྟ་བ་ངན་པས་ཐུགས་མི་འགྱུར་བས་དཔྲལ་བའི་སྐྲ་མཚམས་ལེགས་པར་འབྱེས་པ་དང་། ལོག་སྨྲ་ཐམས་ཅད་འཇོམས་པར་མཛད་པས་དཔྲལ་བ་དབྱེས་ཆེ་བ་དང་། གཞན་དོན་དུ་སངས་རྒྱས་ཐོབ་པར་སྨོན་པའི་སྨོན་ལམ་ཡོངས་སུ་རྫོགས་པས་དབུ་གདུགས་ལྟར་རྒྱས་པ་དང་། ཡུལ་ལ་དགའ་བའི་སྲེད་པ་བཟློག་པས་དབུ་སྐྲ་བུང་བ་ལྟར་གནག་པ་དང་། མཐོང་སྒོམ་གྱི་སྤང་བྱ་ཟད་པས་དབུ་སྐྲ་སྟུག་པ་དང་། བློ་འཇམ་པོ་རྟོག་མེད་ཀྱིས་བསྟན་པའི་སྙིང་པོ་ཤེས་པས་དབུ་སྐྲ་འཇམ་པ་དང་། ཐུགས་ཉོན་མོངས་ཀྱིས་མ་འཁྲུག་པས་དབུ་སྐྲ་མ་འཛིངས་པ་དང་། རྟག་ཏུ་ཚིག་རྩུབ་སྤངས་པས་དབུ་སྐྲ་མི་གཤོར་བ་སྟེ་གྱེན་དུ་མ་བརྫིས་པ་དང་། དཀོན་མཆོག་གི་མདུན་དུ་དྲི་ཞིམ་པོའི་མེ་ཏོག་བཀྲམ་པས་དབུ་སྐྲ་དྲི་ཞིམ་པ་དང་། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པའི་ཕྱིར་ཕྱག་ཞབས་ཀྱིས་མཐེ་བོང་ལ་དཔལ་བེའུ་དང་། མཐིལ་ལ་བཀྲ་ཤིས་དང་། སྲིན་ལག་ལ་སོགས་པའི་ཞབས་ན་གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ་དཔེ་བྱད་བརྒྱད་ཅུའོ། ། བཞི་པ་སྤྲུལ་སྐུ་བསྟན་པ་ནི། གང་གིས་སྲིད་པ་ཇི་སྲིད་སོགས་ནས་རྒྱུན་མི་ཆད་ཅེས་པ་སྟེ། གཟུགས་སྐུ་གང་གིས་སྲིད་པ་དང་ནམ་མཁའ་ཇི་སྲིད་བར་གདུལ་བྱའི་འགྲོ་བ་དག་མ་དག་རྣམས་ལ་ཕྲལ་དང་ཡུན་དུ་ཕན་པ་སྣ་ཚོགས་མཉམ་དུ་མཛད་པའི་སྐུ་དེ་ནི་ཐུབ་པའི་སྤྲུལ་སྐུ་སྟེ་དེ་ཡང་རྒྱུན་མི་ཆད་པའོ། །གཉིས་པ་ཕྲིན་ལས་ལ་གསུམ། དུས་ཀྱི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་སོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ། ལམ་གྱི་རྟེན། ལམ་དང་། འབྲས་བུ་ལ་འགོད་པའོ། །དང་པོ་ནི། འགྲོ་རྣམས་ཞི་བའི་ལས་དང་ནི། ཞེས་པ་སྟེ། ངན་འགྲོ་ལ་རྫུ་འཕྲུལ་བསྟན་ནས་མོས་པའི་ཚེ་ཆོས་བསྟན་པས་སྐྱེ་གནས་དེ་དག་ལས་ཐར་བར་བྱས་ནས་ལྷ་མིའི་རྟེན་ལ་འགོད་པ་དང་། འདོད་ལྷ་ཡུལ་ལ་སྲེད་པ་ལ་གཞལ་ཡས་ཁང་མེ་འབར་བར་སྣང་བར་བྱས་ནས་འདུ་བྱེད་མི་རྟག་སོགས་སུ་སྟོན་པ་དང་། ཁམས་གོང་མ་ཚངས་པའི་ལྟ་བས་བཅིངས་པ་ལས་ཆོས་རྣམས་སྟོང་པར་བསྟན་པས་ལྟ་ངན་དང་བྲལ་བར་བྱེད་པ་དང་། མི་རྣམས་སྐྱབས་འགྲོ་དང་བསླབ་གཞི་བཟུང་བ་ལ་སྦྱར་ནས་རྒྱུད་སྣོད་རུང་དུ་བྱེད་པའི་སྒོ་ནས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་རབ་ཏུ་ཞི་བ་སྒྲུབ་པའི་ལས་མཛད་དོ། །གཉིས་པ་ལམ་ལ་འགོད་པ་ནི། བསྡུ་རྣམ་བཞི་ལ་སོགས་ནས་ཡོངས་སུ་མི་ཤེས་དང་། ཞེས་པ་སྟེ། དང་པོ་ཚོགས་ལམ་ལ་འགོད་པ་ལ་ལྔ་ལས། དང་པོ་བསྡུ་བའི་དངོས་པོ་བཞི་ལ་འགོད་པ་དང་། གཉིས་པ་ཀུན་ཉོན་དང་བཅས་པའི་རྣམ་བྱང་ཐོས་བསམ་གྱིས་བླང་དོར་དུ་རྟོགས་པ་དང་། གསུམ་པ་སེམས་ཅན་གྱི་དོན་ཚད་མེད་པའི་རང་བཞིན་སྒྲུབ་པ་དང་། བཞི་པ་ཕར་ཕྱིན་དྲུག་ལ་གནས་ནས་གཞན་དེ་ལ་བསྐུལ་བ་དང་། ལྔ་པ་གཉིས་ཀའི་དོན་སངས་རྒྱས་སུ་བགྲོད་པའི་ལམ་དགེ་བཅུ་ཡང་དག་པར་འཛིན་ཞིང་གནས་ཡང་བསྐུལ་བ་དང་ལྔ། གཉིས་པ་སྦྱོར་ལམ་ལ་འགོད་པ་ནི། འཇིག་རྟེན་པའི་བསྒོམས་བྱུང་གཙོ་བོར་གྱུར་པས་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་ཉིད་རྟོགས་ཤིང་གོམས་པ་དང་། གསུམ་པ་མཐོང་ལམ་ལ་འགོད་པ་ནི་གཟུང་འཛིན་གཉིས་ཟད་པའི་ཆོས་ཉིད་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་དང་། བཞི་པ་སྒོམ་ལམ་ལ་འགོད་པ་ལ་དྲུག་ལས། ཆོས་ཐམས་ཅད་བརྡའ་ཙམ་དུ་རྟོགས་པས་གཉིས་པ་ནས་ལྔ་པའི་བར་དང་། གཟུང་འཛིན་གཉིས་ཀྱི་རྣམ་པར་ཆོས་ཐམས་ཅད་དམིགས་སུ་མེད་པས་དྲུག་པ་དང་། ལུས་ཅན་རྣམས་ཀྱི་རྒྱུད་ཀྱི་སྒྲིབ་པ་སྤང་རུང་དང་གཉེན་པོ་སྐྱེ་རུང་ཡོངས་སུ་སྨིན་པར་བྱེད་པ་ས་བདུན་པ་དང་། ཉན་རང་དུ་མི་ལྟུང་བར་ངེས་པའི་བྱང་སེམས་ཀྱི་ལམ་ས་བརྒྱད་པའི་རྟོགས་པ་དང་། ཆོས་རྣམས་ལ་གཟུང་འཛིན་དུ་མངོན་པར་བཞེན་པ་བཟློག་པ་ས་བརྒྱད་པའི་སྤང་བ་དང་། བྱང་ཆུབ་མ་ཐོབ་ཀྱང་དེ་ཐོབ་པ་དང་འདྲ་བའི་སྤྲུལ་སྐུའི་མཛད་པ་ནུས་པའི་བྱང་ཆུབ་ཐོབ་པ་ས་དགུ་པ་དང་། ས་བཅུ་པ་ལ་འགོད་པ་ལ། བཅུ་པ་ཐོབ་མ་ཐག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པ་ལ་འགོད་པའོ། །དང་པོ་ནི་རང་ཉིད་སངས་རྒྱས་པའི་སྣོད་བཅུད་ཀྱི་ཞིང་དག་པ་སྟེ་འདིའི་དུས་སུ་དབང་བསྐུར་བ་བརྙེས་པ་སྟེ་འདི་ལ་སྣང་བའི་ཕྲིན་ལས་སྒྲུབ་པ་དང་། མཆོད་པས་དབང་བསྐུར་བ་གཉིས། དང་པོ་ས་བཅུ་པ་ཐོབ་མ་ཐག་གི་ཚེ་ཏིང་ངེ་འཛིན་གྲངས་མེད་འབུམ་ཕྲག་བཅུའི་རྗེས་ལ་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པ་དང་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་ཐོབ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་དང་མཉམ་པའི་པདྨ་རིན་པོ་ཆེས་སྤྲས་པའི་གདན་སྟོང་གསུམ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་པདྨའི་འཁོར་དང་བཅས་པ་སྣོད་དག་པར་སྣང་བ་དང་། རང་ཉིད་གདན་དེ་ལ་འཚམས་པར་འདུག་ལ། འཁོར་གྱི་པདྨ་ལ་ས་དགུ་པའི་སེམས་དཔའ་འབའ་ཞིག་བཞུགས་པ་བཅུད་དག་པར་སྣང་བ་དང་། རང་གི་ཞབས་མཐིལ་པུས་མོ་ལྟེ་བ་རྩིབས་ལོག་ཕྱག་མཐིལ་རྣམས་ལས་འོད་ཟེར་གྲངས་མེད་འབུམ་ཕྲག་བཅུ་བཅུ་སྤྲོས་པས་རིམ་བཞིན་ཡི་དྭགས་དམྱལ་བ་དུད་འགྲོ་མི་ལྷ་དང་ལྷ་མིན་གྱི་གནས་ཐམས་ཅད་སྣང་བར་བྱས་ནས་སྡུག་བསྔལ་ཞི་བར་བྱེད་པ་དང་། ཕྲག་པ་རྒྱབ་མགུལ་དང་གསུམ་ལས་འོད་ཟེར་དེ་ཉིད་དེ་སྙེད་རེ་སྤྲོས་པས་རིམ་བཞིན་ཉན་རང་བྱང་སེམས་ཀྱི་གནས་གསུམ་སྣང་བར་བྱས་པས་རིམ་བཞིན་ཆོས་སྣང་བ་དང་། ཞི་བའི་ཏིང་ངེ་འཛིན་དང་། ཐབས་ཤེས་ཀྱི་སྒོ་ལ་མཁས་པ་ཉེ་བར་སྒྲུབ་པ་དང་། གཉིས་པ་མཆོད་པས་དབང་བསྐུར་བ་ནི་མཛོད་སྤུའི་འོད་ཟེར་དེ་སྙེད་ཀྱིས་བདུད་ཐམས་ཅད་ཟིལ་གྱིས་མནན་ཏེ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱས་ནས་དེ་དག་གི་ལུས་ལ་ནུབ་པ་དང་། སྤྱི་གཙུག་གི་འོད་ཟེར་གྲངས་མེད་པ་སྟོང་ཆེན་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་འཇིག་རྟེན་ལན་བཅུ་བསྐོར་ནས་སྟེང་གི་ནམ་མཁར་འོད་ཟེར་གྱི་དྲ་བར་བྱས་ཏེ་སངས་རྒྱས་མཆོད་སེམས་ཅན་གྱི་དོན་བྱས་ནས་བདེ་གཤེགས་རྣམས་ཀྱི་ཞབས་མཐིལ་དུ་ནུབ་པས་མཆོད་པ་དང་། རྒྱལ་བ་སྲས་བཅས་དེ་དག་གིས་བྱང་སེམས་དེ་དབང་བསྐུར་བའི་དུས་ལ་བབ་པར་གཟིགས་ནས་ཕྱོགས་བཅུའི་ས་དགུ་པ་མན་ཆད་ཀྱི་བྱང་སེམས་འདུས་ནས། དེ་ལ་མཆོད་དེ་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་ཞུགས་སོ། ། བྱང་སེམས་དབང་བསྐུར་ཐོབ་པ་རྣམས་ཀྱི་དཔལ་བེའུ་དང་། རྡོ་རྗེ་དང་། བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་འཁོར་གྲངས་མེད་འབུམ་ཕྲག་བཅུ་དང་བཅས་པས་ཕྱོགས་བཅུར་སྣང་བར་བྱས་ཏེ་ཆོ་འཕྲུལ་མུ་མེད་པ་བསྟན་ནས་བྱང་སེམས་དེའི་དཔལ་བེའུར་ནུབ་པས་མཐུ་སྟོབས་ལྷག་པར་འཕེལ་བ་དང་། སངས་རྒྱས་རྣམས་ཀྱི་མཛོད་སྤུ་ལས་ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་འཁོར་གྲངས་མེད་འབུམ་ཕྲག་བཅུའི་འོད་ཟེར་བྱུང་ནས་ཕྱོགས་བཅུ་སྣང་བར་བྱས་འཇིག་རྟེན་ལན་བཅུར་བསྐོར། ངན་སོང་ཞི་ཞིང་བདུད་ཟིལ་གྱིས་མནན་ཏེ། བྱང་སེམས་དེའི་སྤྱི་བོར་ནུབ་ལ་འོད་ཟེར་གྱི་འཁོར་རྣམས་འཁོར་རྣམས་ཀྱི་སྤྱི་བོར་ནུབ་པས་བྱང་སེམས་དེས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ཐོབ་ཅིང་། འོད་ཟེར་དེ་དག་ཀྱང་བྱང་སེམས་དེའི་མགོ་ལ་དུས་གཅིག་ཏུ་འབབས་པར་འགྱུར་བ་ནི་དབང་བསྐུར་བའོ། །གཉིས་པ་སྐྱེ་བ་གཅིག་གིས་ཐོགས་པ་ལ་གསུམ། སྐྱེ་བ་ཕྱི་མ་དེ་ཉིད་ལ་ཞིང་འདིར་དུས་འདིའི་ཚེ་སངས་རྒྱས་འདི་ཞེས་བྱ་བར་འགྱུར་བར་ངེས་པ་དང་། ཕྱོགས་བཅུ་ཀུན་གྱི་སེམས་ཅན་གྱི་དོན་ཚད་མེད་པ་སྒྲུབ་པ་དང་། འཇིག་རྟེན་ཐམས་ཅད་དུ་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་འགྲོ་ཞིང་། སངས་རྒྱས་བསྟན་པ་དང་། ཆོས་ཉན། བསྙེན་བཀུར་བའི་ཡོན་ཏན་ལ་འགོད་པ་དང་གསུམ། གསུམ་པ་སྲིད་པ་ཐ་མ་པ་ལ་བཞི་ལས། བྱང་ཆེན་གྱི་ཚོགས་མཐའ་དག་བསྐྱེད་པའི་བྱང་ཆུབ་ཀྱི་ཡན་ལག་དང་། རྒྱུ་ཚོགས་གཉིས་ཀྱི་འབྲས་བུ་རྫོགས་བྱང་དངོས་སུ་འབྱིན་པའི་ལས་འབྲས་ཀྱི་འབྲེལ་པ་ཆུད་མི་ཟ་བ་སྟེ་ནུས་པ་གཉིས། བདེན་བཞི་མཐོང་བས་ཇི་སྙེད་པ་རྟོགས་པ་དང་། འདུས་བྱས་འཁོར་བ། འདུས་མ་བྱས་མྱང་འདས་ལ། བླང་དོར་ཐ་དད་ཡོངས་སུ་མི་འཛིན་པར་མཉམ་ཉིད་དུ་རྟོགས་པས་ཇི་ལྟ་བ་རྟོགས་པ་སྟེ་རྟོགས་པ་གཉིས། གཙང་བདེ་རྟག་བདག་ཏུ་ཞེན་པའི་ཕྱིན་ཅི་ལོག་སྤངས་པ་དང་། ཕྱིན་ཅི་ལོག་དེའི་གཞི་བཏགས་པ་ཙམ་དུ་རྟོགས་པ་སྟེ་སྤངས་པ་གཉིས། སྲིད་མཐའི་སྐབས་ཀྱི་སངས་རྒྱས་ཀྱི་རྒྱུ་ཚོགས་དྲི་མས་རྣམ་པར་བྱང་བ་དང་། རྣམ་པར་བྱང་བའི་ཡོན་ཏན་དེ་དག་སངས་རྒྱས་ཀྱི་རྒྱུ་ཚོགས་སུ་གནས་པ་སྟེ་དག་པའི་རྒྱུ་ཚོགས་གཉིས་རྣམས་སོ། །གསུམ་པ་ལམ་གྱི་འབྲས་བུ་ལ་འགོད་པ་ནི། མྱ་ངན་འདས་ལ་དགོད་པ་སྟེ། ཞེས་པ་སྟེ། མི་གནས་པའི་མྱང་འདས་དེ་བཞིན་གཤེགས་པའི་ས་ལ་འགོད་པའོ། །གསུམ་པ་གྲངས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། རྣམ་པ་ཉི་ཤུ་བདུན་དུ་བཞེད། ཅེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པའི་འགྲེལ་པའོ། ། གཉིས་པ་བར་མ་ལ་དད་པ་ལ་དྲུག་ཏུ་དབྱེ་བ་ནི། མཚན་ཉིད་དེ་ཡི་སོགས་ནས་རྣམ་པ་དྲུག་ཅེས་པ་སྟེ། དང་པོ་རྣམ་མཁྱེན་ལ་སོགས་པ་མཁྱེན་པ་གསུམ་གཏན་ལ་དབབ་བྱའི་མཚན་ཉིད། རྣམ་ཀུན་མངོན་རྫོགས་ནི་མཁྱེན་པ་གསུམ་གྱི་སྦྱོར་བ། རྩེ་མོ་ནི་མཁྱེན་གསུམ་སྒོམ་པའི་རྟོགས་པ་རབ་ཀྱི་གནས་སྐབས། མཐར་གྱིས་པ་ནི་མཁྱེན་གསུམ་སྒོམ་པའི་གོ་རིམ། སྐད་ཅིག་མ་ནི་མཁྱེན་གསུམ་གྱི་སྦྱོར་བ་མཐར་ཐུག་པའི་གནས་སྐབས། ཆོས་སྐུ་མཛད་པ་དང་བཅས་པ་ནི་མཁྱེན་གསུམ་གྱི་རྣམ་པར་སྨིན་པའི་གནས་སྐབས་ཡིན་ནོ། ། གསུམ་པ་བསྡུས་པ་ལ་དད་པ་ལ་མངོན་རྟོགས་གསུམ་དུ་བསྡུ་བ་ནི། ཡུལ་ནི་རྣམ་པ་སོགས་ནས་རྣམ་པ་གསུམ་ཞེས་པ་སྟེ། དང་པོ་མཁྱེན་པ་གསུམ་ནི་ཐོས་བསམ་གྱིས་གཏན་ལ་དབབ་བྱའི་ཡུལ་ཡིན་པས་འཇུག་པའི་ཡུལ་གྱི་རྒྱུ། དེའི་འོག་ཏུ་རྣམ་ཀུན་སོགས་བཞི་ནི་མཁྱེན་གསུམ་རྣམ་པས་སྒོམ་པའི་རྣལ་འབྱོར་ཡིན་པས་སྦྱོར་བ། ཆོས་སྐུ་ཕྲིན་ལས་དང་བཅས་པ་ནི་སྦྱོར་བ་བསྒོམས་པའི་ཐོབ་བྱ་མཐར་ཐུག་ཡིན་པས་འབྲས་བུ་སྟེ་གསུམ་མོ། །དེ་དག་ཀྱང་མངོན་རྟོགས་བརྒྱད་དུ་བཤད་པ་མངོན་རྟོགས་རང་རང་གི་མཚན་ཉིད་དང་། དྲུག་ཏུ་བཞག་པ་དེ་དག་གི་གོ་རིམ་ངེས་པ་དང་། གསུམ་དུ་གཞག་པ་གྲངས་ངེས་དང་ཟློས་པའི་སྐྱོན་སྤངས་གཙོ་བོར་བྱས་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ། རྗེ་བཙུན་བྱམས་པ་མགོན་པོས་མཛད་པ་རྫོགས་སོ། ། ༈ ཨོཾ་བདེ་ལེགས་སུ་གྱུར་ཅིག །ཐུབ་དབང་བསྟན་པ་ལྷ་ལམ་རབ་ཡངས་པར། ། བྱམས་མགོན་མཁྱེན་བརྩེའི་ཉི་ཟླ་འབུམ་བརྡལ་བས། །འགྲོ་བློའི་རྨོངས་མུན་མཐའ་དག་དྲུང་ཕྱུངས་ཏེ། །ཕན་བདེའི་སྣང་བས་ས་གསུམ་ཁྱབ་པར་མཛད། །མ་ཕམ་ཉི་མས་བློ་གྲོས་པདྨའི་འདབ། །ཕྱོགས་བརྒྱར་རྒྱས་པར་སྐལ་བཟང་རྐང་དྲུག་གིས། །བཏུང་བས་འཕགས་བོད་ལྗོངས་ཀུན་བཤད་སྒྲུབ་སྒྲས། །ཡོངས་ཁྱབ་ཐོགས་མེད་དབྱིག་གཉེན་བཀའ་དྲིན་རྨད། ། བྱམས་ཆོས་ལྔ་ལས་ཤེར་ཕྱིན་དགོངས་པའི་རྒྱན། །ཚིག་འགྲེལ་འདི་ཉིད་སྤར་དུ་བསྒྲུབས་པའི་དགེས། །བཟང་ངན་འབྲེལ་བའི་འགྲོ་ཀུན་སྒྲིབ་དག་ནས། །རྣམ་མཁྱེན་རྒྱལ་བའི་གོ་འཕང་འགྲུབ་གྱུར་ཅིག །དེ་སྲིད་དུ་ཡང་དལ་འབྱོར་རིན་ཆེན་ཐོབ། །མཚན་ལྡན་དགེ་བའི་བཤེས་གཉེན་མཉེས་པས་བསྟེན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལམ་བཟང་འདིར། ། ཐོས་བསམ་སྒོམ་པའི་སྒོ་ནས་འཇུག་པར་ཤོག །ཅེས་དཔལ་སྤྲུལ་རིན་པོ་ཆེས་མངོན་རྟོགས་རྒྱན་གྱི་བསྡུས་འགྲེལ་ཀུན་ལས་བཏུས་པ་ས་སྐྱོང་སྡེ་དགེ་ཆོས་རྒྱལ་རིན་པོ་ཆེའི་མཛོད་མིང་འཛིན་པ་ཤཱཀྱའི་རྗེས་འཇུག་ཀརྨ་ཚེ་དབང་རིན་ཆེན་མཆོག་གྲུབ་ཀྱིས་སྤར་དུ་བསྒྲུབས་པ་དགེའོ། །དགེའོ། །དགེའོ། །