PJCW-KABUM-02-KHA-041

From Khyentse Lineage - A Tsadra Foundation Project
Revision as of 08:52, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །བྱང་ཆུབ་སེམས་དཔའི་བསླབ་བྱ་བསྡུས་པ་བཞུགས་སོ། །


བྱང་ཆུབ་སེམས་དཔའི་བསླབ་བྱ་མདོར་བསྡུས་བཞུགས། ཨོཾ། ཡང་དག་པའི་བཤེས་གཉེན་ཐམས་ཅད་དང་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འདིར་རྒྱལ་བའི་སྲས་པོ་རྣམས་ཀྱི་བསླབ་བྱའི་ལག་ལེན་ལ་སྤྱིར། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། ། དངོས་དེ་གང་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་པ་ལྟར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཛད་སྤྱོད་ལ་མུ་དང་མཐའ་དང་། ཚད་གཟུང་དུ་མེད་ཅིང་། རྣམ་པར་ཐར་བ་མཐའ་ཡས་པའི་བདག་ཉིད་ཅན་ལགས་ན་ཡང་། འདིར་བརྒྱུད་པའི་མན་ངག་དང་བླ་མ་རྣམས་ཀྱི་ཞལ་ནས་ཐོས་པ་བཞིན་སོ་སྐྱེས་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང་། འཇུག་པའི་སྤྱོད་པ་ལ་སློབ་པར་འདོད་ པ་རྣམས་ཀྱི་ཉམས་ལེན་གྱི་འགགས་མདོར་བསྡུས་པ་ནི་རྣམ་པ་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ ཚུལ་ཁྲིམས་སོ། །དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། རྩ་བ་དང་ཡན་ལག་གི་ལྟུང་ བ་རྣམས་སྤང་བར་བྱ་བ་འདི་ལ་རྒྱལ་སྲས་ཞི་བ་ལྷའི་རྗེས་སུ་འབྲང་བ་རྩ་བའི་ལྟུང་བ་བཅོ་བརྒྱད་སྤོང་དགོས་ཏེ། སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པའི་ཡོ་བྱད་དང་མཆོད་རྫས་ནི་སངས་རྒྱས་ཀྱི་དཀོར། གླེགས་བམ་དང་ཡི་གེའི་ཡོ་བྱད་མཆོད་རྫས་སོགས་དང་ཆོས་འཆད་པ་པོའི་ཡོ་བྱད་སོགས་ཆོས་ཀྱི་དཀོར། དགེ་སློང་། དགེ་ཚུལ། དགེ་བསྙེན་སོགས་བཞི་ཡན་ཆད་དུ་ཐུན་མོང་ལ་དབང་བའི་ཡོ་བྱད་དང་འབུལ་བ་སོགས་དགེ་འདུན་གྱི་དཀོར་ཡིན། དཀོན་མཆོག་གསུམ་གྱི་དཀོར་ལས་དངོས་པོ་ཕྲ་མོ་ཁབ་ཙམ་ཡན་ཆད་མ་བྱིན་པར་བླང་ན་དཀོན་མཆོག་གི་དཀོར་འཕྲོག་པ་ཞེས་བྱ་བ་རྩ་ལྟུང་དང་པོ་ཡིན། རྒྱལ་བའི་བཀའ་ཡང་དག་པའི་མདོ་སོགས་ལ་འདི་རྒྱལ་བའི་བཀའ་མ་ཡིན་ཞེས་སྐུར་བ་བཏབ་ན་ཆོས་སྤོང་བའི་ལས་ཞེས་བྱ་བ་རྩ་ལྟུང་གཉིས་པའོ། །རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ཡང་འདྲ་སྟེ། དེ་ལ་ཆད་པས་གཅོད་པ་དང་བརྩོན་རར་འཇུག་པ་དང་། ངུར་སྨིག་ གི་ན་བཟའ་འཕྲོག་པ་དང་། ཁྱིམ་སར་འབེབས་པ་སོགས་བྱེད་ན་རྩ་ལྟུང་གསུམ་པའོ། ། མཚམས་མེད་ལྔའི་ལས་གང་བྱས་ཀྱང་རྩ་ལྟུང་བཞི་པ། ལས་རྒྱུ་འབྲས་མི་བདེན་སྙམ་པའི་ལོག་ལྟ་སྐྱེས་ན་རྩ་ལྟུང་ལྔ་པའོ། །གྲོང་ལ་སོགས་པའི་གནས་བཤིག་པར་བྱེད་པ་རྩ་ལྟུང་དྲུག་པ་དང་། དང་པོ་ལས་རྒྱུ་འབྲས་དང་སེམས་བསྐྱེད་སོགས་ཀྱིས་བློ་སྦྱང་མ་བྱས་པ་ལ་སྟོང་པ་ཉིད་ཀྱི་དོན་སྟོན་ན་རྩ་ལྟུང་བདུན་པ། རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྤང་ཏུ་བཅུག་ནས་ཐེག་དམན་ཉན་རང་གི་ལམ་ལ་སློབ་ཏུ་བཅུག་ན་རྩ་ལྟུང་བརྒྱད་པ། སོ་ཐར་ལ་དགའ་པའི་རིགས་ཅན་ལ་སོ་ཐར་སྤང་དུ་བཅུག་ན་རྩ་ལྟུང་དགུ་པ་ཡིན། ཉན་རང་གི་ཐེག་པ་ལ་འདོད་ཆགས་སོགས་ཉོན་མོངས་པ་རྣམས་རྩ་བ་ནས་སྤོང་བའི་ནུས་པ་མེད་པར་རང་གིས་འཛིན་ཞིང་། གཞན་ལའང་དེ་ལྟར་སྟོན་ན་རྩ་ལྟུང་བཅུ་པའོ། །ཕྲག་དོག་གི་དབང་གིས་བདག་ལ་བསྟོད་པའམ་གཞན་ལ་སྨོད་ན་རྩ་ལྟུང་བཅུ་གཅིག་པའོ། །རྙེད་པ་དང་བཀུར་སྟིའི་ཕྱིར་དུ་རང་གི་སྟོང་ཉིད་ཀྱི་དོན་མ་རྟོགས་ཀྱང་། ངས་སྟོང་ཉིད་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་སྨྲ་ན་རྩ་ལྟུང་བཅུ་གཉིས་པའོ། །དགེ་སློང་གཞན་ལ་ཆད་པ་གཅོད་དུ་འཇུག་པ་དང་། དེ་བསྡིག་ནས་དེ་ལས་ལྐོག་ཟན་སོགས་ལེན་ན་རྩ་ལྟུང་བཅུ་གསུམ་པའོ། །དགེ་སློང་བསམ་གཏན་སྒོམ་པ་ལ་བསམ་གཏན་ལ་གནོད་པའི་ལས་བྱེད་པ་དང་། དེའི་རྙེད་པ་སོགས་ཕྱོགས་གཞན་དུ་སྒྱུར་ན་རྩ་ལྟུང་བཅུ་བཞི་པའོ། །གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་དེ་སྨོན་སེམས་ཡིན་པས་དེ་བཏང་ན་རྩ་ལྟུང་བཅོ་ལྔ་པའོ། །འདོད་ཆགས་དང་སེར་སྣའི་ཀུན་སློང་གིས་ཆོས་དང་ནོར་སློང་བ་ལ་མི་སྦྱིན་ན་རྩ་ལྟུང་བཅུ་དྲུག་པའོ། །རང་དང་འཁོན་ཡོད་པའི་གང་ཟག་གཞན་གྱིས་ཚུར་ཚིག་གིས་བཅོས་ནས་བཤགས་པ་བྱེད་ཀྱང་ད་དུང་དེ་ལ་ཁྲོ་བ་མི་འདོར་བ་དང་གཞན་ལ་ཁྲོས་པས་བརྡུང་བརྡེག་བྱེད་ན་རྩ་ལྟུང་བཅུ་བདུན་པའོ། །གཏི་མུག་གི་ཀུན་སློང་གིས་ཆོས་མ་ཡིན་པ་ཆོས་ལྟར་དུ་བཅོས་ནས་སྟོན་ན་རྩ་ལྟུང་བཅོ་བརྒྱད་པ་ཡིན་ནོ། །ཡན་ལག་གི་ཉེས་བྱས་བརྒྱད་ཅུ་ཡོད་ཀྱང་མདོར་བསྡུ་ན་རང་བཞིན་གྱི་ཕན་པ་དེ་སྒྲུབ་པའི་ཐབས་གང་ཡིན་ཐམས་ཅད་ལྷུར་ལེན་པ་ལ་མ་འདུས་པ་མེད་དོ། །དོན་གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་སྨོན་པ་བྱང་ཆུབ་སེམས་ཀྱི་བསླབ་ བྱ་དང་། འཇུག་པ་བྱང་ཆུབ་སེམས་ཀྱི་བསླབ་བྱ་གཉིས། དང་པོ་ལ་ལྔ་ལས། དང་པོ་སྨོན་སེམས་མི་འཆོར་བའི་ཐབས་སུ་སེམས་ཅན་བློས་མི་གཏོང་བ་ནི་སེམས་ཅན་སུ་ཡང་རུང་བས་རང་གི་སེམས་སུན་ཕྱུང་བ་ལ་བརྟེན་ནས་ད་ཕྱིན་ཆད་ངས་འདི་ལ་གནོད་པ་སེལ་ནུས་པའི་དུས་བྱུང་ཀྱང་མི་སེལ། ཕན་ཐོག་པའི་དུས་བྱུང་ཀྱང་ཕན་མི་འདོགས་སྙམ་དུ་སེམས་ཅན་གཅིག་བློས་བཏང་ན་སེམས་ཅན་ཐམས་ཅད་བློས་བཏང་པ་དང་འདྲ་བས་དེ་སྤང་ནས་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོའི་བློས་བཟུང་སྟེ་དངོས་སུ་ཕན་ཅི་ཐོགས་སུ་གདག །ནམ་ཡང་ཕན་འདོགས་པའི་སྨོན་ལམ་འདེབས་པ་སོགས་བྱའོ། །གཉིས་པ་སྨོན་སེམས་མི་ཉམས་པའི་ཐབས་སུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པ་ནི། བྱང་ཆུབ་ཀྱི་སེམས་ནི་རྒྱལ་བ་སྲས་བཅས་ཀྱི་གཤེགས་ཤུལ། ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཚད་མེད་པའི་ཚུལ་ལ་སངས་རྒྱས་ཕལ་པོ་ཆེར། བྱང་ཆུབ་སེམས་དཔའ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྟེན་པའི་ལེའུ་ལས་བྱང་ཆུབ་སེམས་དཔའ་བྱམས་པས་དཔེ་ཉིས་བརྒྱ་དང་སུམ་ཅུས་བསྟན་པ་དང་། སྤྱོད་འཇུག་ལེའུ་དང་པོ་དང་། གཞན་ཡང་བཀའ་དང་བསྟན་བཅོས་དུ་མ་ནས་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པ་རྣམས་ལ་བལྟ་ཞིང་བློ་ལ་ངེས་པར་བྱས་ནས་རྒྱུན་དུ་དྲན་པ་དང་། བསྡུ་ན། ངན་འགྲོ་རྣམས་ནི་བཟློག་བགྱིད་ ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་ནམ་དྲན་དྲན་དུ་འདོན་ཞིང་དེའི་དོན་བསམ་མོ། ། གསུམ་པ་བྱང་ཆུབ་སེམས་ཀྱི་སྟོབས་བསྐྱེད་པའི་ཆེད་དུ་ཚོགས་བསགས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྒོ་ནས་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་དང་། འཁོར་གསུམ་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཚོགས་སྟེ་ཚོགས་གཉིས་ཟུང་འབྲེལ་དུ་བསླབ་པ་ལ་འབད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པས་ཟིན་ན་ཚོགས་ཆེན་པོ་བསག་པ་ལ་དངོས་པོ་རྒྱ་ཆེན་པོ་དང་བརྩོན་འགྲུས་ཡུན་རིང་བ་མི་དགོས་པར། སྐད་ཅིག་རེ་རེས་ཀྱང་བསྐལ་པ་མང་པོའི་ཚོགས་རྫོགས་པའི་ཚུལ་རྣམས་ཀྱང་ཤེས་པར་བྱའོ། །བཞི་པ་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་སེམས་སྦྱང་བར་བརྩོན་པ་ལ་གསུམ། བྱང་ཆུབ་སེམས་ཀྱི་རྒྱུ་ལ་སྦྱང་བ་བྱམས་སྙིང་རྗེ་སྒོམ་པ་ནི། དང་པོ་སེམས་ཅན་བདེ་བ་དང་མི་ལྡན་པ་ཞིག་དངོས་སུ་མཐོང་བའམ་བློ་ཡུལ་དུ་བླངས་ཏེ། དེ་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པའི་བློ་དྭངས་དྭངས་པ་ཡང་དང་ཡང་དུ་བསྐྱེད་ཅིང་དེ་ལ་སེམས་རྩེ་གཅིག་ ཏུ་འཛིན་པ་ནི་བྱམས་པ། སེམས་ཅན་སྡུག་བསྔལ་གྱིས་ཉམས་ཐག་པ་ཞིག་དངོས་སུ་མཐོང་བའམ་བློ་ཡུལ་དུ་བླངས་ནས་དེ་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་དུ་སྔར་ལྟར་སྒོམ་པ་སྙིང་རྗེ་ཡིན་ལ། འདི་གཉིས་ཀ་ཡང་དང་པོ་རང་གི་མ་ལྟ་བུ་གང་ལ་སྒོམ་སླ་བ་ལ་བསྒོམས་ནས། རིམ་གྱིས་རང་གི་དགྲའི་བར་དུ་བསྒོམ། མཐར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བསྒོམ་ཞིང་མཇུག་བསྔོ་བ་བྱ་བ་ནི་ཕན་ཡོན་ཚད་མེད་ཅིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་རྒྱུ་ཡིན་ནོ། །གཉིས་པ་སེམས་དངོས་ལ་སྦྱང་བ་ནི། ཉིན་ལན་གསུམ། མཚན་ལན་གསུམ། དུ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་སོགས་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་སོགས་བྱང་སྡོམ་ ལེན་ཆོག་གིས་སྡོམ་པ་ཡང་དང་ཡང་དུ་བླང་ཞིང་རང་གཞན་དགའ་བ་སྒོམ་པ་སོགས་བྱའོ། ། གསུམ་པ་བྱང་ཆུབ་སེམས་ཀྱི་བསླབ་བྱ་ལ་སྦྱང་བ་ནི་བདག་གཞན་མཉམ་པ། བརྗེ་བ། བདག་པས་གཞན་གཅེས་པ་བསྒོམ་པ་རྣམས་ལ་བློ་སྦྱོང་། ལྔ་པ་ཚེ་རབས་ཐམས་ཅད་དུ་ བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཐབས་སུ་དཀར་ནག་གི་ཆོས་བརྒྱད་ལ་བླང་དོར་བྱ་བ་ནི་དཀར་པོའི་ཆོས་བཞི་ཉམས་སུ་བླང་ཞིང་ནག་པོའི་ཆོས་བཞི་སྤང་བར་བྱ་བ་ལས་སྤང་བྱ་ནག་པོའི་ཆོས་བཞི་ནི། བླ་མ་སོགས་མཆོད་པར་འོས་ལ་རྫུན་གྱིས་བསླུ་བ་དང་། འགྱོད་པའི་གནས་མ་ཡིན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་འགྱོད་པ་བསྐྱེད་པ་དང་། དམ་པ་བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་འདེབས་པ་དང་། འགྲོ་བ་གཞན་ལ་གཡོ་དང་སྒྱུས་སྤྱོད་པའོ། ། བླང་བྱ་དཀར་པོའི་ཆོས་བཞི་ནི། སྲོག་ལ་བབས་ཀྱང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། དུས་རྟག་ཏུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་བསྔགས་པ་བརྗོད་ཅིང་སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་འགོད་པ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་རྫོགས་པའི་སངས་རྒྱས་དངོས་དང་འདྲ་བར་གུས་ཤིང་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པའོ། །འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། ནོར་དང་ཆོས་དང་མི་འཇིགས་པའི་སྦྱིན་པ་གསུམ་གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཚུལ་ཁྲིམས་རྣམ་པ་གསུམ་བསྲུང་བ་ནི་ཚུལ་ཁྲིམས་ཀྱི་ཕར་ཕྱིན། སྡུག་བསྔལ་ཁོང་ཁྲོ་ཟབ་མོ་གསུམ་བཟོད་པ་ནི་བཟོད་པའི་ཕར་ཕྱིན། གོ་ཆ་སྦྱོར་བ་ཆོག་པར་མི་འཛིན་པའི་བརྩོན་འགྲུས་གསུམ་རྩོམ་པ་ནི་བརྩོན་འགྲུས་ཀྱི་ཕར་ཕྱིན། བྱིས་པ་ཉེར་སྤྱོད། དོན་རབ་འབྱེད་པ། དེ་བཞིན་གཤེགས་དགའི་བསམ་གཏན་གསུམ་སྒོམ་པ་ནི་བསམ་གཏན་གྱི་ཕར་ཕྱིན། ཐོས་བསམ་བསྒོམ་པའི་ཤེས་རབ་གསུམ་ལ་བསླབ་པ་ནི་ཤེས་རབ་ཀྱི་ཕར་ཕྱིན་ཏེ། དེ་དག་ཀྱང་རྩ་བ་སེམས་གཙོ་ཆེ་བས། སེམས་ཐོག་ནས་སྦྱོང་པ་ལ་འབད་དགོས། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་ཡོ་བྱད་ཐམས་ཅད་སེམས་ཅན་ལ་སྦྱིན་འདོད་ཀྱི་གཏོང་སེམས་ལ་འདུས་ཏེ་དེ་ལྟ་བུའི་གཏོང་སེམས་ཡོད་ན་སྦྱིན་པའི་ཕར་ཕྱིན་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དབུལ་བ་བོར་བ་མི་དགོས་ཏེ། སྤྱོད་འཇུག་ལས། གལ་ཏེ་འགྲོ་བ་དབུལ་བོར་བས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་གཏོང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་སོ། །ཚུལ་ཁྲིམས་ཀྱང་རང་གི་སྤོང་བའི་སེམས་ཐོབ་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དཔེར་ན། རང་གི་ངོས་ནས་སེམས་ཅན་གྱི་སྲོག་མི་གཅོད་སྙམ་པའི་སྤོང་སེམས་དེ་ཚུལ་ཁྲིམས་ཡིན་གྱིས། གསད་བྱའི་སེམས་ཅན་དེ་དག་ངེས་པར་སུས་ཀྱང་གསོད་པར་མི་འགྱུར་བའི་གནས་སྐབས་ཐོབ་པ་ནི་མི་དགོས་ཏེ། སྔ་མ་ལས། ཉ་ལ་སོགས་པ་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། །སྤང་བའི་སེམས་ཉིད་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །བཟོད་པ་ཡང་། རང་གི་སེམས་ཀྱི་ཁྲོ་བ་ཐུལ་ན་དེ་ལས་ལྷག་པ་མེད་དོ། །ཕྱི་རོལ་གྱི་སེམས་ཅན་མི་བསྲུན་པ་ནི། ནམ་མཁའ་ལྟར་ཚད་མེད་པས་དེ་དག་ཐམས་ཅད་གཞོམ་པར་ག་ལ་ལང་སྟེ། རང་གི་སེམས་ཁོ་ན་བཏུལ་བས་དགྲ་དེ་དག་ཐམས་ཅད་ཐུལ་བ། དཔེར་ན་རྐང་པ་ལ་ཚེར་མ་བསྲུང་བའི་དོན་དུ་ས་སྟེང་ཐམས་ཅད་ཀོ་བས་གཡོག་དགོས་ན་ཤིན་ཏུ་དཀའ་ཡང་། རང་གི་རྐང་མཐིལ་ཀོ་བས་གཡོག་པས་ས་སྟེང་ཐམས་ཅད་གཡོག་པ་དང་ཁྱད་མེད་ལྟ་བུ་སྟེ། སྤྱོད་འཇུག་ལས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོངས་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། ། དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །དེ་བཞིན་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མི་ལང་གིས། །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་སོ། །བརྩོན་འགྲུས་ཀྱི་ཕར་ཕྱིན་ཡང་སེམས་དགེ་བའི་བརྩོན་འགྲུས་ཁོ་ན་གལ་ཆེ་སྟེ། ལུས་ངག་གི་བརྩོན་འགྲུས་ཡུན་རིང་དུ་འབད་ཀྱང་ཐོབ་མི་ནུས་པའི་ཚངས་པའི་གོ་འཕང་ལྟ་བུ་ཡང་བྱམས་པའི་སེམས་སྐད་ཅིག་མ་ཞིག་སྐྱེས་པས་འཐོབ་པ་ཡིན། དེ་ལས། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ལུས་ངག་བཅས་པའི་འབྲས་བུ་ཡང་། །སྤྱོད་པ་ཞན་པས་དེ་ལྟ་མིན། །ཞེས་སོ། །བསམ་གཏན་གྱི་ཕར་ཕྱིན་ནི་ངེས་པར་སེམས་ཁོ་ན་ལ་བརྟེན་པར་ཡིན་པའི་ཕྱིར་སེམས་གཞན་དུ་མི་གཡེང་བ་ནི་བསམ་གཏན་གྱི་ངོ་བོ་ཡིན་ཏེ། སྔ་མ་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུང་། །ཞེས་སོ། །ཤེས་རབ་ཀྱང་སེམས་ཀྱི་གསང་བ་སེམས་རང་བཞིན་གྱི་འོད་གསལ་བའི་གནད་མ་ཤེས་ན། ཆོས་མང་པོ་ཤེས་ཀྱང་མི་གྲོལ་ཏེ། དེ་ལས། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། ། ཞེས་སོ། །དེས་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་དེ་ལྟར་སྦྱང་བ་ནི་འཇུག་པའི་བསླབ་བྱ་ཡིན་ནོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་བསྡུ་བའི་དངོས་པོ་བཞི་སྟེ། དང་པོ་སྦྱིན་པ་ནི་ཕར་ཕྱིན་དྲུག་གི་ནང་ཚན་གྱི་སྦྱིན་པ་དང་མཚུངས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་གཞན་ལ་སྟོན་པ་ནི་སྙན་སྨྲ། ཕྱིན་དྲུག་ཉམས་སུ་ལེན་དུ་འཇུག་པ་ནི་དོན་སྤྱོད། རང་ཉིད་ཀྱང་དེ་དང་རྗེས་སུ་མཐུན་པར་སྤྱོད་ཅིང་། དེ་ལ་ཕྱིན་དྲུག་སྒྲུབ་པའི་གྲོགས་བྱེད་པ་ནི་དོན་མཐུན་ཡིན་ཏེ། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། ། ཞེས་སོ། །དེ་ལྟར་ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་ཡང་ཚོགས་ལམ་པས་ཉེས་སྤྱོད་སྡོམ་པ། སྦྱོར་ལམ་པས་དགེ་བ་ཆོས་སྡུད། མཐོང་ལམ་ཡན་ཆད་དུ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་གཙོ་བོར་བསླབ་དགོས་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་ཉིད་སྲུང་བྱེད་ཀྱི་ཐབས་ནི། དྲན་པ་དང་། ཤེས་བཞིན་དང་། བག་ཡོད་པ་གསུམ་གྱིས་བསྲུང་དགོས་པ་ལས། དང་པོ་ནི་ཚུལ་ཁྲིམས་རྣམ་པ་གསུམ་དང་འབྲེལ་བའི་བྱང་ཆུབ་སེམས་དཔའི་ བསླབ་བྱའི་གནས་ཐམས་ཅད་དགེ་བའི་བཤེས་གཉེན་ལས་ཉན་པ་དང་མདོ་སྡེ་དག་ལ་བལྟ་བས་རང་གིས་ངོ་ཤེས་པར་བྱས་ནས་དེ་ཉིད་མི་བརྗེད་པར་བློ་ལ་དམ་དུ་འཛིན་ཅིང་། བསླབ་བྱའི་གནས་འདི་དང་འདི་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བ་ཡིན་པས་བདག་གིས་ཀྱང་ཉམས་སུ་བླང་དགོས་སོ་སྙམ་དུ་མི་བརྗེད་པར་བྱ་བ་ནི་དྲན་པ་ཡིན། གཉིས་པ་ནི། དུས་དང་གནས་སྐབས་ཐམས་ཅད་དུ་རང་གིས་རང་ལ་བརྟགས་ཤིང་། ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་ལ་ཤེས་བཞིན་སྔོན་དུ་བཏང་སྟེ། ད་ལྟ་ནི་ང་འདི་ལྟ་བུ་བསམ་མོ། །འདི་ལྟ་བུ་སྨྲའོ། །འདི་ལྟ་བུ་བྱེད་དོ་སྙམ་དུ་ཡང་ནས་ཡང་དུ་བརྟགས་ནས་རྒྱལ་བའི་སྲས་ཀྱི་བསླབ་བྱ་དང་འགལ་བའི་སྒོ་གསུམ་གྱི་བྱེད་སྤྱོད་ཐམས་ཅད་སྤང་ཤིང་། བསྒྲུབ་བྱ་ཐམས་ཅད་ཉམས་སུ་ལེན་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་སྲུང་བའི་མཚན་ཉིད་དོ། །ཞེས་སོ། །གསུམ་པ་ནི་དེ་ལྟར་དྲན་ཤེས་དང་ལྡན་པས་དུས་རྟག་ཏུ་ཉེས་སྤྱོད་མི་དགེ་བའི་ཕྱོགས་ཐམས་ཅད་ལ་འཛེམས་པ་ལྷུར་ལེན་ཞིང་། རང་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོ་བརྟེན་ཏེ་སེམས་ཀྱི་རྣམ་རྟོག་སྐད་ཅིག་མ་ཡན་ཆད་དགེ་བའི་ལམ་དུ་བསྒྱུར་བ་ལ་འབད་དགོས་སོ། །དེས་ན་དྲན་ཤེས་བག་ཡོད་གསུམ་ནི་བསླབ་པ་ཐམས་ཅད་ཀྱི་མདོ་འགག་གལ་པོ་ཆེ་ཡིན་ཏེ། སྤྱོད་འཇུག་ལས། བདག་གི་རྙེད་དང་བཀུར་སྟི་དང་། ། ལུས་དང་འཚོ་བ་མེད་སླ་ཞིང་། །དགེ་བ་གཞན་ཡང་ཉམས་བླ་ཡིས། །སེམས་ནི་ནམ་ཡང་ཉམས་མི་བྱ། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དང་། །ཐམས་ ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་དང་། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་སོ། །དེ་ལྟར་དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་བསླབ་དགོས་ཀྱི། གཞན་དུ། རང་གིས་བླ་མ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔང་དུ་བཞག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བླངས་ཏེ་བསླབ་བྱ་ལ་མི་སློབ་ན་ནི། རྒྱལ་བ་སྲས་བཅས་དེ་དག་ཀྱང་བསླུས་པར་གྱུར་ལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་བསླུས་པར་གྱུར་པའི་ཉེས་པ་ཚད་མེད་པ་ཡོད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྒྱིད་ལུག་དང་ཞུམ་པ་སྤངས་ནས་ཅི་ནུས་པ་ཐམས་ཅད་ཉམས་སུ་བླང་ཤིང་། མི་ནུས་པ་རྣམས་སྨོན་པའི་ཡུལ་ཏུ་བྱ་དགོས་པ་ཡིན་ནོ། །དེ་ལྟར་འབད་པ་དང་བརྩོན་པས་ཉམས་སུ་བླང་ཀྱང་། མི་ཤེས་པ་དང་། མ་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་སྟེ། ལྟུང་བ་འབྱུང་བའི་རྒྱུ་བཞིའི་དབང་གིས་ཉེས་པ་བྱུང་ན་ཡང་དེ་མ་ཐག་བཤགས་པས་རྩིས་ཟིན་བྱ་དགོས་པ་ལས། དབང་པོ་རབ་རྣམས་ནི་ཀུན་རྫོབ་ཙམ་དུ་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར། མཐོལ་བཤགས་ཀྱི་འདུན་པ་བྱེད་ཅིང་། ཉེས་ལྟུང་རང་བཞིན་མེད་པའི་དོན་ལ་མཉམ་པར་བཞག ། འབྲིང་རྣམས་ནི་རིགས་སྔགས་དང་གསང་སྔགས་ཀྱི་ལྷ་འཕགས་པ་ནམ་མཁའི་སྙིང་པོ་སོགས་ ལ་གསོལ་བ་བཏབ་སྟེ་ལྟུང་བ་ལས་ལྡང་། ཐ་མ་རྣམས་ནི་ཉེས་པ་གང་བྱུང་བྱང་ཆུབ་སེམས་དཔའི་ཚོགས་སུ་ཞུ་ཞིང་གཉེན་པོ་སྟོབས་བཞི་ཚངས་པའི་བཤགས་སྡོམ་ལ་འབད་པས་སོར་ཆུད་པར་གྱུར་རོ། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་གཤེགས་པའི་ཤུལ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་བྱུང་བ། །སོ་སྐྱེས་དག་གིས་འདོམ་པར་སླ་མིན་ཡང་། །བླ་མས་གསུང་བཞིན་སྙིང་པོར་དྲིལ་ནས་བཀོད། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །རྣམ་ཐར་རྒྱ་མཚོ་ཕ་མཐའ་མེད་གྱུར་པའི། །རྒྱལ་སྲས་སྤྱོད་པའི་འཇུག་ངོགས་ཡིད་འོང་འདི། །ཤེས་ནས་ཉམས་ལེན་སྟོན་པ་ཉིད་གྱུར་ཅིག །ཅེས་བྱང་ཆུབ་དམ་པའི་ལམ་བཟང་དོན་དུ་གཉེར་བ་འཆི་མེད་རྡོ་རྗེ་ནས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་བཀྲ་ཤིས་དོན་འགྲུབ་ཀྱི་དྲུང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་འདིར་བསླབ་བྱའི་གནས་དྲི་བ་ལ་ཆེད་དུ་འོང་བའི་ངོར་ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ། ཟབ་ཅིང་རྒྱ་ཆེའི་རྒྱུད་པ་གསུམ་འདུས་ཀྱི་མན་ངག་གི་སྙིང་པོ་དྲིལ་ནས་བྱང་ཆུབ་ཏུ་སྨོན་ལམ་ཙམ་བཏབ་ཀྱང་འཇུག་སྤྱོད་རླབས་པོ་ཆེ་ལེ་ལོས་བཅོམ་པ་ཨ་བུ་ཧྲལ་པོས་བྲིས་པ་དགེའོ། །