PJCW-KABUM-02-KHA-026
PJCW-KABUM-02-KHA-026
༄༅། །རྒྱལ་དབང་ལྔ་བ་ཆེན་པོས་གསུངས་པའི་སྡོམ་གསུམ་སྨོན་ལམ་གྱི་ཚིག་འགྲེལ།
དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་དབང་པོ་ཕྱག་ན་པད་མ་ལྔ་པ་ཆེན་པོའི་ཞལ་ནས་སྡོམ་པ་གསུམ་གྱི་གནད་འགག་བསྡུས་པའི་སྨོན་ཚིག་ཤོ་ལོ་ཀ་ཞིག་གསུངས་པ་འདིའི་དོན་ཅུང་ཟད་འཆད་ན། སོ་ཐར་བྱང་སེམས་སྔགས་དང་གསུམ་ལས། དང་པོ་ནི། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །ཞེས་གསུངས་ཏེ། དེ་ཡང་། ངོ་མཚར་རྨད་དུ་བྱུང་ཞིང་འཇིག་རྟེན་ན་རྙེད་པར་དཀའ་བའི་ཡོན་ཏན་གཞལ་དུ་མེད་པའི་བདག་ཉིད་སྟོན་པ་བཅོམ་ལྡན་འདས་དང་། དེའི་རྗེས་འཇུག་འཕགས་པ་དགྲ་བཅོམ་པ་རྣམས་ཡིན་ལ། དེ་དག་གི་རྣམ་པར་ཐར་པ་ནི་སྐུ་གསུང་ཐུགས་ཉེས་པའི་ཀུན་སྤྱོད་ཀྱིས་ཅུང་ཟད་ཀྱང་གོས་པ་མེད་པ་འཁོར་བའི་སྐྱོན་ཐམས་ཅད་ལས་རྣམ་པར་གྲོལ་བས་ཤིན་ཏུ་གཙང་བ་ཡིན་ལ་དེ་དག་གི་རྗེས་སུ་སློབ་པ་ནི་སོ་ཐར་གྱི་འདུལ་ཁྲིམས་ཉིད་ཡིན་ཏེ། སྡོམ་ཆོག་ལས་ཀྱང་། ཤཱཀྱ་སེང་གེ་ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་འགྱིད་དོ། །ཞེས་དང་། ཇི་ལྟར་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱིས་སྲོག་གཅོད་པ་སྤངས་ཏེ་ཞེས་སོགས་སྨོས་པ་ལྟར་ཡིན་ལ། དེ་ལྟ་བུའི་འདུལ་ཁྲིམས་དེ་ལ་སྤངས་བླང་གི་གནས་དུ་མ་ཞིག་གསུངས་ཀྱང་། དོན་བསྡུ་ན་ལུས་ངག་ལས་སྐྱེས་པའི་མི་དགེ་བ་བདུན་སྤོངས་བ་ལ་དོན་གྱིས་འདུ་ཞིང་། དེ་ཡང་ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་མ་ཟིན་ན། འཇིགས་སྐྱོབས་དང་ལེགས་སྨོན་ཙམ་ནི་སོ་ཐར་གྱི་གཟུགས་བརྙན་ཡིན་པས་སྡོམ་པའི་ངོ་བོ་ངེས་འབྱུང་གི་བློ་འདི་གནད་ཆེའོ། །གཉིས་པ་ནི། རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །ཞེས་གསུངས་ཏེ། ཉན་ཐོས་དང་རང་རྒྱལ་འཕགས་པའི་སར་བཞུགས་པ་རྣམས་ཀྱང་། གནས་སྐབས་རང་དོན་ཙམ་དོན་གཉེར་གྱི་བློ་གཙོ་བོར་མཛད་པས་མཛད་པ་རླབས་ཆུང་བ་ཡིན་ལ། དེ་ལས་ལྡོག་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་དོན་ཁོ་ན་ལྷུར་ལེན་ཞིང་། དེ་ཡང་འཁོར་བ་ཇི་སྲིད་དུ་འགྲོ་དོན་རྒྱུན་མི་འཆད་པས་ཡུན་རིང་བ་དང་། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ལ་དམིགས་པས་རྒྱ་ཆེ་བ་དང་། དེ་དག་ཀུན་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་དོན་ཆེ་བ་དང་། སློབ་པ་ལམ་གྱི་གནས་སྐབས་སུ་ཡང་དབུ་གཏོང་བ་ལ་སོགས་བྱ་དཀའ་བའི་གནས་ལ་སྙིང་སྟོབས་ཀྱི་གོ་ཆ་བཞེས་ནས་གཞན་ལ་ཕན་པ་ཁོ་ན་ལྷུར་ལེན་པས་ན་མཛད་པ་རླབས་ཆེ་བ་ཡིན་ཏེ། དེ་ལྟ་བུའི་གནས་ལ་སློབ་པ་ནི་བྱང་ཆུབ་སེམས་དཔའམ་རྒྱལ་བའི་སྲས་པོ་ཞེས་བྱ་སྟེ། དེ་ཡང་ཉན་ཐོས་རང་རྒྱལ་རྣམས་ཀྱང་སངས་རྒྱས་ཀྱི་གསུང་ལས་སྐྱེས་པའི་རྒྱལ་བའི་སྲས་ཙམ་ཡིན་མོད་ཀྱང་། རྒྱལ་བའི་སྲས་དངོས་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ་འདིས་ནི་སངས་རྒྱས་ཀྱི་གདུང་མི་གཅོད་ཅིང་དམ་པའི་ཆོས་ཀྱི་མཛོད་འཛིན་པ་དང་། འཁོར་བའི་སེམས་ཅན་ལ་ཕན་འདོགས་པ་ཉིད་ཀྱི་ཕྱིར་ན་རྒྱལ་བའི་མཛད་པ་ཁུར་བསྣམ་པ་ཡིན་ལ། བྱང་སྡོམ་གྱི་ངོ་བོ་ནི་གཞན་ཕན་ཡིན་ཏེ། དེ་ཡང་སྙིང་རྗེའི་གཞན་དོན་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་ཀ་མེད་ན་བྱང་སེམས་མཚན་ཉིད་པར་མི་འགྱུར། གནས་སྐབས་ཀྱི་སྙིང་རྗེ་དང་། རང་དོན་དུ་རྫོགས་བྱང་ལ་དམིགས་པ་ནི་ཐེག་དམན་གྱི་གཞུང་ནའང་ཡོད་པས། དེས་ན་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློ་དེ་སྨོན་སེམས་དང་། དེའི་ཕྱིར་དགེ་བའི་ཚོགས་རླབས་པོ་ཆེ་སྒྲུབ་པའི་དམ་བཅའ་ནི་འཇུག་སེམས་ཡིན་པའི་དབྱེ་བ་མང་པོ་དག་ཀྱང་གཉིས་པོ་འདིར་འདུས་སོ། །གསུམ་པ་ནི། བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །
ཅེས་གསུངས་ཏེ། དེ་ཡང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་ནི་ཟུང་འཇུག་ཨེ་ཝཾ་གྱི་སྡོམ་པ་ཞེས་བྱ་སྟེ། ཇི་སྐད་དུ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་པ་ལྟར། ཨེ་དབྱིངས་སྟོང་པ་ཉིད་དང་། ཝཾ་ཡིག་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མི་བྱེད་པ་ནི་སྔགས་སྡོམ་གྱི་ངོ་བོ་ཡང་ཡིན་ལ་ལྟ་བའང་ཡིན་པས་ལྟ་བ་དེ་ངོ་སྤྲད་ནས། སྒོམ་པས་ཉམས་སུ་ལེན་པའི་སྐབས་སུ། བསྐྱེད་རིམ་ལ་བརྟེན་ནས་ཐ་མལ་སྣང་ཞེན་གྱི་མཚན་རྟོག་སྡོམ་པ་དང་། རྫོགས་རིམ་ལ་བརྟེན་ནས་གྱ་ནོམ་ལྷར་ཞེན་གྱི་མཚན་རྟོག་སྡོམ་པ་ནི་སྔགས་སྡོམ་གྱི་དངོས་གཞི་ཡིན་ཏེ། མདོར་ན་ཡིད་མཚན་རྟོག་སྡོམ་པ་འདིར་སྔགས་སྡོམ་གྱི་གནད་འདུས་ཤིང་། གནད་འདི་དང་ལྡན་ན་ལུས་ངག་གི་སྤྱོད་པ་ལ་བླང་དོར་དུ་བྱ་བ་ཅི་ཡང་མེད་དེ་གང་ལྟར་བྱས་ཀྱང་སྡོམ་པ་གསུམ་དང་འགལ་མི་སྲིད་དོ། །དེས་ན། སོ་ཐར་གྱི་ངོ་བོ་ངེས་འབྱུང་། བྱང་སྡོམ་གྱི་ངོ་བོ་གཞན་ཕན། སྔགས་སྡོམ་གྱི་ངོ་བོ་དག་སྣང་སྟེ་གནད་འདི་གསུམ་དང་ལྡན་པའི། བློ་བཟང་རྒྱལ་བའི་བསྟན་ལ་མཇལ་བར་ཤོག་ཅེས་སྨོན་པ་ཡིན་ནོ། །སྡོམ་གསུམ་མིག་ལྟར་བསྲུང་བའི་དམ་པ་དེས། །སྡོམ་གསུམ་བསྡུས་དོན་བྲིས་ཞེས་བཀའ་སྩལ་བཞིན། །སྡོམ་གསུམ་ཚིག་ཏུ་ལུས་པའི་ཁ་བཤད་མཁན། །སྡོམ་གསུམ་རྒྱུད་ལ་མི་གནས་ཨ་བུས་བྲིས། །དགེའོ། །