DKYD-KABUM-08-NYA-014

From Khyentse Lineage - A Tsadra Foundation Project
Revision as of 08:48, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 8, Text 14, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །ཡང་གསང་པདྨའི་ཐུགས་ཐིག་ལསཿ ཉམས་ལེན་གསང་བ་གཅིག་བརྒྱུད་བཞུགསཿ ྅྅྅ དྲི་མ་མེད་ལ་གུས་པས་འདུདཿ རྫོགས་རིམ་ཡེ་ཤེས་གསང་བ་ཡིཿ བཅུད་བསྡུས་རྡོ་རྗེ་ཕུང་པོའི་གྲོངཿ རྩ་རླུང་ཐིག་ལེ་སྦྱོང་ཆུན་སྤེལཿ ཟག་བཅས་འོད་སྐུར་དེངས་པའི་ལམཿ གནད་ཀྱི་གདམས་པ་ཟབ་མོ་བསྟནཿ བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅསཿ ལུས་དྲང་མགྲིན་པ་ཅུང་ཟད་དགྱེཿ ལག་པ་གཡས་གཡོན་པུས་མོར་བཀབཿ དཔུང་པ་གཟེང་བཏོད་སྒལ་ཚིགས་བསྲངསཿ མིག་གཉིས་མདུན་གྱི་མཁའ་ལ་བལྟཿ རང་ཉིད་ལྷ་ལྕམ་དཀར་མོར་བསྒོམཿ སྤྱི་བོར་བླ་མ་ཨ་ཙརྱཿ དཀར་གསལ་འཛུམ་མདངས་ལྡན་པར་གསལཿ རླུང་རོ་འབུད་ཅིང་སྙིགས་མ་སྦྱངསཿ ལུས་དབུས་དབུ་རྐྱང་རོ་གསུམ་དངཿ འཁོར་ལོ་བཞི་པོ་གསལ་བཏབ་ལཿ མར་སྣེ་སུམ་མདོར་ཐིག་དམར་དབུསཿ མེ་ཡི་སྙིང་པོ་རཾ་ཡིག་ནིཿ ཉི་མ་བྱེ་བའི་ཚ་དབལ་ལྡནཿ སྙིང་གར་དྭངས་མ་ལྔ་འདུས་དབུསཿ ཨ་མཐིང་ཡུངས་འབྲུ་ཙམ་ཞིག་གནསཿ སྤྱི་བོར་ཧཾ་ཡིག་ཟླ་བའི་མདོགཿ བཀྲག་མདངས་གཟི་བརྗིད་ལྡན་པར་གསལཿ ཕྱི་སྣོད་འབྱུང་ལྔ་འོད་དུ་ཞུཿ རོ་རྐྱང་ལམ་«སྟེང་རླུང་མནན་ཞིང་འོག་རླུང་དྲག་ཏུ་འཐེན་རྒྱུ་ཞབས་ཆུན་བཙལ་མན་ངག་གོཿ མཆནཿ »བརྒྱུད་སུམ་མདོར་ཕོགཿ དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་ཀྱིསཿ ཐིག་དམར་རྃ་ཡིག་སྦར་བ་ལསཿ ཡེ་ཤེས་མེ་ལྕེ་དབལ་ཚ་བཿ རྣོ་འཁྱུགས་ཤུགས་དྲག་དབུ་མའི་ལམཿ བརྒྱུད་དེ་སྤྱི་བོའི་ཧཾ་ལ་རེགཿ འོད་ཀྱིས་བླ་མའི་ཐུགས་རྒྱུད་བསྐུལཿ དགྱེས་བརྩེ་བདེ་བས་བདུད་རྩི་བབཿ ཧཾ་ཡིག་ལ་ཕོག་ཞུ་བདེ་རྒྱསཿ བདེ་ཆེན་ཟག་མེད་བདུད་རྩིའི་རྒྱུནཿ བབ་ཅིང་རྩ་ཁམས་ཡོངས་ཁྱབ་པསཿ སུམ་མདོར་ཐིག་ལེ་སྦྱོར་བ་ཡིཿ མེ་དང་བདུད་རྩི་གཉིས་མེད་འདྲེསཿ འཕེལ་ཞིང་འབར་བའི་དབུ་རྐྱང་རོའིཿ འཁོར་ལོ་བཞི་དང་རྩ་ཕྲན་ཀུནཿ དཀར་དམར་བདུད་རྩིས་མེར་གྱིས་བལྟམསཿ བདེ་དྲོད་ཉི་མ་འབུམ་གྱི་དབལཿ འབར་ཞིང་བསྲེགས་པས་མ་དག་སྐྱོནཿ ཕུང་ཁམས་གཟུང་འཛིན་ལས་ཉོན་གྲིབཿ ནད་གདོན་སྡིག་སྒྲིབ་བག་ཆགས་བཅསཿ ལྷག་མེད་བསྲེགས་སྦྱངས་དཀར་དམར་གྱིསཿ ཐིག་ལེ་འོད་ཀྱི་གོང་བུ་ནིཿ དངས་མ་ལྔ་ལྡན་སྲོག་ཡིག་ཅནཿ ཉི་མ་བྱེ་བའི་ཚ་དབལ་ལྡནཿ ཡེ་ཤེས་མེ་ཡིས་བརྟན་གཡོའི་ཁམསཿ བསྲེགས་སྦྱངས་གཟུང་འཛིན་རྒྱུ་སྟོང་ཞིངཿ རིག་སྟོང་དགའ་བཞིའི་ཡེ་ཤེས་དངཿ སྤྲོས་བྲལ་ཆེན་པོར་མྱ་ངན་འདའཿ ལྷ་དང་འདྲེར་འཛིན་རྣམ་རྟོག་དང་ཿ ན་ཚ་དགའ་སྡུག་ཆགས་སྡང་རྐྱེནཿ འཁྲུལ་སྣང་བདེ་སྡུག་གང་ཤར་ཀུནཿ རིག་སྟོང་ངང་དུ་ལ་བཟླས་ཚེཿ དྲི་མ་མེད་པའི་དགོངས་པ་རྟོགསཿ སྐབས་སུ་གཏུམ་མོ་འབར་བ་དངཿ ཧཾ་ཡིག་ཞུ་བ་སྙིང་གར་འདྲེསཿ དྭངས་མའི་དབུས་ཀྱི་སྲོག་ཡིག་ལཿ ཐིམ་པས་བདེ་སྟོང་ཉམས་འབར་ཞིང་ཿ གཉུག་མའི་རང་མདངས་ཆོས་སྐུ་སྐྱོངསཿ རྟགས་བཅུ་ཡོན་ཏན་བརྒྱད་འཆར་ཞིངཿ ས་ལམ་ཉི་ཟླའི་བགྲོད་པར་མཚུངསཿ མཚན་མོ་སྙིང་གའི་ཐིག་ཡིག་ལཿ སེམས་བཟུང་འཛིན་མེད་ངང་ཉིད་དུཿ མནལ་བའི་འོད་གསལ་ངོས་འཛིན་ཅིངཿ འཁྲུལ་སྣང་དབྱིངས་སུ་དག་པར་ངེསཿ འབྱུང་བ་ལྔ་ཡི་བཅུད་ལེན་པཿ བརྟན་གཡོ་འོད་ཞུ་བྱིན་བཅུད་བསྡུསཿ ནམ་མཁའི་དྭངས་མ་མཐིང་གསལ་མདོགཿ ས་བཅུད་སེར་ལ་ཆུ་བཅུད་དཀརཿ མེ་བཅུད་དམར་ལ་རླུང་བཅུད་ལྗངཿ བསྡུས་ཤིང་སྲོག་ཡིག་ཧུབ་ཀྱིས་དྲངསཿ ལན་བདུན་ཟ་དང་བུམ་ཆེན་བསྐྱིལཿ ཐུན་ཐད་བཟུང་ཞིང་རླུང་དུག་བསལཿ མེ་ཁམས་སྨད་དང་ཆུ་ཁམས་སྟོདཿ ས་རླུང་ཀུན་ལ་ཁྱབ་པར་བྱཿ ནམ་མཁའ་ཁྱབ་མཉམ་སྲོག་ཡིག་གཙོཿ ཡེ་ཤེས་དྭངས་མ་འོད་བཅུད་ཀྱིསཿ སྙིགས་མ་ཟག་བཅས་ཕུང་ཁམས་སྦྱོངཿ འདུ་བའི་ནད་གདོན་ཟུག་རྔུ་ཡལཿ འོད་ལུས་རྡོ་རྗེའི་སྐུ་འགྲུབ་ཅིངཿ བཀྲག་མདངས་གཟི་བརྗིད་སྟོབས་རྩལ་རྒྱསཿ རྒས་མེད་ཚེ་ཡི་དངོས་གྲུབ་ཐོབཿ ཉམས་རྟོགས་རྩལ་འབར་རྫུ་འཕྲུལ་ཐོབཿ འབྱུང་བ་ལྔ་ལ་རང་དབང་བརྙེསཿ དག་སྣང་མངོན་ཤེས་སྣ་ཚོགས་འཆརཿ དྲི་མ་མེད་པའི་ཁྱད་ཆོས་སོཿ ྅྅྅ གནད་ལས་གནད་བསྡུས་མན་ངག་ཆོསཿ དགའ་རབ་དཔའ་བོའི་ཐུགས་ཀྱི་བཅུདཿ ཨ་ཙར་དམར་པོའི་རྒྱུད་ལ་འདྲེསཿ ལྷ་ལྕམ་ཡུམ་གྱི་ཉམས་ལེན་ཏེཿ མ་འོངས་ལྔ་ཕྲག་ཐ་མའི་དུསཿ མཁའ་དབྱིངས་ཀློང་སྒྲོམ་སྨུག་པོ་ལསཿ བདེ་བའི་རྡོ་རྗེས་རྙེད་པར་ཤོགཿ ས་མ་ཡཱཿ སྐུ་གསུང་ཐུགས་ཀྱི་རྒྱཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཀློང་ལས་བརྒྱུདཿ བདེ་ཆེན་གསང་བའི་བརྡ་རིས་ཆེན་མོ་ལསཿ ཤར་བཞིན་ཁྲག་འཐུང་དཔའ་བོས་དག་པར་ཕབཿ ཆོས་བདག་རིག་པའི་ཡེ་ཤེས་ཀྱིས་བྲིས་པཿ དབང་རབ་སྐལ་བ་ལྡན་པའི་སྤྱོད་ཡུལ་ཏེཿ བདེ་སྟོང་ཌཱཀྐི་ཆགས་པའི་དཔའ་མོ་ཡིཿ འཕོ་ཆེན་འཇའ་ལུས་འགྲུབ་པའི་ས་ལམ་གྲོགསཿ ཆོས་འདི་ཤིན་ཏུ་གསང་བའི་སྡེ་ཚན་ནོཿ གུ་ཧྱཿ ཁ་ཐཾཿ བཀའ་འདི་གཟའ་མཆོག་སྲོག་གི་སྤུ་གྲི་དངཿ སྔགས་ཀྱི་སྲུང་མ་འབར་མ་གསུམ་གྱིས་སྲུངསཿ འབྲེལ་ཚད་འཇའ་ལུས་མཁའ་སྤྱོད་འགྲུབ་པར་ཤོགཿ ཨེ་ནམ་མཁའ་ལཾ་ས་བཾ་ཆུ་རཾ་མེ་ཡཾ་རླུང༌། །