DKYD-KABUM-07-JA-046

From Khyentse Lineage - A Tsadra Foundation Project
Revision as of 09:48, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 7, Text 46, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
྅྅྅ རྒྱུད་གྱི་རྒྱལ་པོ་དགོངས་པ་ཀུན་འདུས་ལསཿ འགྱོད་ཚངས་བཤགས་པ་དྲང་སྲོང་བདེན་ཚིག་བཞུགསཿ

«྅྅྅྅྅ཿ ཀུན་ཏུ་བཟང་པོ་གདོད་མའི་དབྱིངས་ལ་འདུདཿ གསང་བདག་ཐུགས་ཀྱི་དགོངས་པའི་མཁའ་ཀློང་ལསཿ སྨོན་ལམ་རྒྱལ་པོར་བཤགས་པའི་མཆོག་གྱུར་ཐབསཿ དྲང་སྲོང་བདེན་ཚིགས་གྲུབ་པའི་གདམས་ངག་བསྟནཿ དང་པོ་མདུན་མཁར་ཚོགས་ཞིང་གསལ་གདབ་པཿ »ཨེ་མ་ཧོཿ རང་སྣང་རྣམས་དག་མདུན་གྱི་ནམ་མཁའ་ལཿ ངོ་མཚར་ཞིང་ཁམས་བཀོད་ལེགས་ཕུན་ཚོགས་དབུསཿ རིན་ཆེན་ཁྲི་སྟེང་པདྨ་ཉི་ཟླའི་དབུསཿ སངས་རྒྱས་ཀུན་འདུས་དྲང་སྲོང་ཆོས་ཀྱི་རྒྱལཿ བདེ་བའི་ཡེ་ཤེས་རིགས་ཀུན་བདག་ཉིད་མཆོགཿ དཀར་གསལ་དུང་མདོག་དུང་གི་རི་བོ་ལཿ ཉི་མ་འབུམ་གྱིས་འཁྱུད་པས་གཟི་མདངས་ཅནཿ རས་དཀར་ཤམ་ཐབས་བླ་གོས་སྟོད་གཡོགས་ཅནཿ རྡོར་སེམས་ཀུན་བཟང་སུམ་བརྩེགས་ཚུལ་དུ་བཞུགསཿ འཁོར་དུ་རྩ་གསུམ་རིག་འཛིན་རྒྱ་མཚོ་དངཿ བདེན་ཚིག་གྲུབ་པའི་དྲང་སྲོང་འབུམ་གྱིས་བསྐོརཿ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོས་ཚོགསཿ མ་འདྲེས་ཡོངས་རྫོགས་ཇི་བཞིན་གསལ་བར་སྒོམཿ «གཉིས་པ་ཚོགས་བསགས་ཡན་ལག་བརྒྱད་པ་ནིཿ »དུས་གསུམ་གཤེགས་བཞུགས་རྒྱལ་བ་སྲས་བཅས་དངཿ སྐུ་གསུམ་དྲང་སྲོང་རྩ་གསུམ་ལྷ་ཚོགས་གཤེགསཿ བདག་གཞན་སྒོ་གསུམ་གུས་པས་ཕྱག་འཚལ་ལོཿ བྱང་ཆུབ་སྙིང་པོས་བར་དུ་སྐྱབས་སུ་མཆིཿ མཆོད་པ་རྒྱ་མཚོ་བླ་ན་མེད་པར་འབུལཿ སྒོ་གསུམ་ཉམ་པར་གྱུར་བའི་སྡིག་ལྟུང་བཤགསཿ གསང་གསུམ་དཔལ་ཡོན་དག་ལ་རྗེས་ཡི་རངཿ འགྲོ་ལ་དམིགས་པས་སེམས་མཆོག་རབ་ཏུ་བསྐྱེདཿ མཁའ་ཁྱབ་སེམས་ཅན་བྱང་ཆུབ་མྱུར་ཐོག་ཤོགཿ «གསུམ་པ་ལོ་རྒྱུས་ཅི་བཞིན་བརྗོད་བྱས་ནསཿ དངོས་གཞི་བཤགས་པའི་རྒྱལ་པོ་འདི་ལྟ་སྟེཿ »ཀྱེ་མཿ སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལཿ བསྐལ་བ་ཀུན་འདུས་བཀོད་པ་ཞེས་བྱ་བརཿ སྟོན་པ་མེ་ཏོག་ལྡན་མཛེས་ཞིང་ཁམས་སུཿ སྔགས་ལས་སྐྱེས་ཀྱི་དྲང་སྲོང་བདེན་ཚིག་ཅནཿ རིགས་པའི་དཔའ་བོ་ཞེས་བྱའི་ཆོས་སྟོན་ཚེཿ ཐུགས་ཀྱི་སྲས་མཆོག་དྲང་སྲོང་རྣམ་པ་བདུནཿ དྲང་སྲོང་འབུམ་ཕྲག་བདུན་གྱི་དབུས་བཞུགས་པཿ ཀུན་ཀྱི་མཆོག་གྱུར་ཐུབ་དཀའ་གཞོན་ནུ་ཞེསཿ ས་བཅུ་པ་ལ་གནས་པའི་དྲང་སྲོང་དེཿ དྲང་སྲོང་དྲུག་གི་ཞེས་སྡང་མཚམས་སྦྱར་བསཿ གཡེན་སྦྱོར་རྐྱེན་གྱིས་བླ་སློབ་ཐུགས་དཀྲུགས་ཤིངཿ ཉེས་མེད་དམ་ཉམས་བཀའ་ཡིས་ཆད་པས་གཟིརཿ ཡུམ་གྱི་ཐུགས་འཁྲུགས་སྲོག་ལ་ཧུར་ཐུམ་ཚེཿ ཐུབ་དཀའ་གཞོན་ནུ་སྡུག་བསྔལ་དྲག་པོའི་རྐྱེནཿ ཞེ་སྡང་མཚམས་སྦྱར་ལོག་པའི་སྨོན་ལམ་བཏབཿ བདག་ནི་ཉེས་མེད་སྡུག་བསྔལ་འདི་ལྟར་བྱུངཿ ཚེ་འཕོས་སྐྱེ་བ་འདི་ཡི་འོག་རོལ་ཏུཿ ལུས་གཅིག་མགོ་དགུ་ཁམས་གསུམ་སྲོག་ལ་འཚེཿ མ་རུང་གཏུམ་ཆེན་གདུག་པ་ཅན་གྱུར་ནསཿ གཡེན་སྦྱོར་རྩོམས་པའི་དྲང་སྲོང་མཆེད་བདུན་པོཿ སྲོག་ལ་ཧུར་ཐུམ་ཤ་ཟོས་ཁྲག་འཐུང་ཞིངཿ མནར་མེད་དམྱལ་བའི་གནས་སུ་འཁྲིད་པར་ཤོགཿ དེ་སྐད་བརྗོད་འཕྲལ་ཚེ་ཡི་འདུ་བྱེད་ལྟུངཿ བླ་མ་མཆེད་ལ་དམ་ཉམས་ལོག་སྨོན་མཐུསཿ མཛེ་བོ་ཕོལ་མིག་ཅན་གྱི་ལུས་སུ་སྐྱེསཿ ལས་དབང་རྐྱེན་གྱིས་བླ་མ་ཡབ་ཡུམ་དངཿ དྲང་སྲོང་འབུམ་ཕྲག་བདུན་པོ་ནད་ཀྱིས་བཏབཿ ཐམས་ཅད་ཚེ་ཡི་འདུ་བྱས་ལྟུང་བའི་མཐརཿ གཡེན་སྦྱོར་རྩོམ་པའི་དྲང་སྲོང་དྲུག་པོ་དངཿ ཕོལ་མིག་ཅན་བདུན་ནགས་ཀྱི་གསེབ་ཏུ་སོངཿ ནད་དང་བཀྲེས་པའི་སྡུག་བསྔལ་གྱིས་མནར་བསཿ ཐ་མ་རང་ཤ་ཟོས་ཤིང་ཉང་མཚམས་སྦྱརཿ བདུན་པོ་རྡོ་རྗེ་དམྱལ་བའི་གནས་སུ་ལྟུངཿ བསྐལ་ཆེན་འབུམ་ཕྲག་བཅུ་གཉིས་སྡུག་བསྔལ་མྱོངཿ སློབ་དཔོན་གཙོར་གྱུར་དྲང་སྲོང་འབུམ་ཕྲག་བདུནཿ ཡི་དྭགས་སྒོས་ཁུར་སྒྲིབ་པ་ཅན་དུ་སྐྱེསཿ གཙོ་བོ་མགོ་དགུ་མེ་འབར་ཞེས་བྱའོཿ དེ་ཚེ་སྡུག་བསྔལ་དཔག་མེད་ས་གསུམ་ཁྱབཿ མི་ཡུལ་བསྐལ་ཆེན་བདུན་དུ་གསང་སྔགས་ཉམསཿ འབྲེལ་ཚད་སྡུག་བསྔལ་ལམ་ལ་སྦྱོར་བའི་ཚེཿ གསང་བདག་ཐུགས་སྤྲུལ་དྲང་སྲོང་དྲི་མ་མེདཿ རིག་པའི་ཡེ་ཤེས་དམྱལ་བའི་གནས་སུ་བྱོནཿ འགྱོད་ཚངས་བཤགས་པ་བྱེད་པར་བཀའ་བསྒོས་ཀྱངཿ སྨོན་ལམ་ངན་པས་ལས་དབང་སྟོབས་བཙན་པསཿ ཞེ་སྡང་དྲག་པོ་མཚམས་སྦྱར་ཚིག་རྩུབ་སྨྲསཿ སླར་ཡང་སྔོན་གྱི་སྡུག་བསྔལ་དགུ་འགྱུར་གྱུརཿ སློབ་དཔོན་ཉིད་ཀྱང་དམ་སྒྲིབ་ངན་པའི་མཐུསཿ ཞག་བདུན་བར་དུ་སྡུག་བསྔལ་གཟིར་ཚུལ་བསྟནཿ དེ་ཚེ་སླར་ཡང་རྡོ་རྗེའི་ཏིང་ངེ་འཛིནཿ མི་འཇིགས་བཟོད་པའི་གོ་ཆ་བརྟན་པོ་ཡིསཿ དམྱལ་བའི་གནས་ནས་སྨོན་ལམ་འདི་བཞིན་བཏབཿ རྒྱལ་དང་དེ་སྲས་ཉན་རང་ཚོགས་རྣམས་དགོངསཿ བདག་ནི་གདོད་མ་ཉིད་ནས་མངོན་སངས་རྒྱསཿ ཞིང་ལ་དབང་བསྒྱུར་མཁའ་འགྲོའི་ཚོགས་ཀྱི་རྗེཿ གསང་བའི་ཡུམ་ནི་རྡོ་རྗེ་རྣལ་འབྱོར་མཿ རིགས་ཀྱི་སྲས་ནི་བཛྲ་དཔའ་བོ་རྒྱལཿ སྤྲུལ་པའི་ལྷ་མོ་འཆི་མེད་དཔལ་སྟེར་ལཿ སྤྲུལ་པ་དྲུང་ཕྱུར་དུང་ཕྱུར་འབུམ་ཕྲག་གིསཿ སེམས་ཅན་དོན་དུ་སྙིང་སྟོབས་དྲག་པོ་བསྐྱེདཿ དེ་དག་ཟག་བཅས་ཟག་མེད་དགེ་བའི་མཐུསཿ གཅིག་ཏུ་བསྡུས་པས་བདེན་པའི་སྟོབས་རྩལ་གྱིཿ སྡུག་བསྔལ་དྲག་པོས་གཟིར་བའི་སེམས་ཅན་བདུནཿ སྡུག་བསྔལ་རྒྱུར་བཅས་བདག་ལ་སྨིན་ནས་ཀྱངཿ བདག་གི་དགེ་རྩ་དེ་དག་རྒྱུད་ལ་སྨིནཿ བདག་ནི་རྡོ་རྗེ་དམྱལ་བའི་གནས་འདི་ནསཿ ནམ་མཁའ་མ་འཇིག་པར་དུ་གནས་ཀྱང་རུངཿ སེམས་ཅན་བདུན་པོ་སྡུག་བསྔལ་ལས་ཐར་ནསཿ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོགཿ དེ་སྐད་གསུངས་ཚེ་ཡེ་ཤེས་བདུད་རྩིའི་ཆརཿ དམྱལ་བའི་གནས་སུ་ལན་བདུན་བབ་གྱུར་ནསཿ སེམས་ཅན་བདུན་གཙོ་ལས་ངན་བྱེ་མའི་གྲངསཿ སྡུག་བསྔལ་ལས་ཐར་རྡོ་རྗེ་དམྱལ་བ་སྟོངསཿ དྲང་སྲོང་ཆེན་པོ་འོག་མིན་གནས་སུ་གཤེགསཿ སླར་ཡང་སྔོན་གྱི་སྨོན་ལམ་མཐུ་བཙན་པསཿ སེམས་ཅན་བདུན་པོ་སྨེ་ཤ་ཅན་གྱི་ལུསཿ ངག་ཡིད་ལྐུགས་པར་སྐྱེས་པའི་ལུས་བརྒྱ་བླངཿ དྲང་སྲོང་འབུམ་བདུན་དུད་འགྲོའི་ལུས་མང་བླངསཿ དེ་མཐར་ལོག་སྨོན་ཐོག་ཏུ་ཁེལ་བའི་ཚེཿ ཐུབ་དཀའ་གཞོན་ནུ་དགེ་སློང་ཞིག་ཏུ་སྐྱེསཿ དྲང་སྲོང་དྲུག་པོ་སྨད་འཚོང་མ་དྲུག་སྐྱེསཿ སློབ་དཔོན་སྟོན་འཁོར་རྒྱལ་བློན་འཁོར་གྱུར་པཿ དགེ་སློང་སྨད་འཚོང་མ་དྲུག་དབང་གྱུར་ནསཿ སྔོན་དུས་རང་གི་བསྟེན་པའི་ལྷ་རྣམས་ཀུནཿ སྨད་འཚོང་མ་དྲུག་བུ་དང་བུ་མོར་གྱུརཿ རྒྱལ་པོ་ཁྲོས་ནས་ཕ་མ་བུ་ཚ་ཀུནཿ དྲག་པོའི་ཆད་པས་སྲོག་ལ་ཧུར་ཐུམ་བྱེདཿ དགེ་སློང་ལུས་ལ་ལྕགས་གཟེར་སྟོང་གིས་བཏབཿ སྨོན་ལམ་མཐུ་ཡིས་སྐད་ཅིག་དེ་ཉིད་ལཿ ཀླུ་དང་སྲིན་པོ་འཁྲིགས་པའི་བུ་རུ་སྐྱེསཿ མགོ་དགུ་ལག་བཞི་སྦྲུལ་གྱི་མཇུག་མ་ཅནཿ ལུས་ལ་དུག་སྣ་བཅོ་བརྒྱད་ནད་རླངས་འཁྲུགསཿ སྲིད་གསུམ་ཟ་བའི་མཐུ་དང་ལྡན་པར་གྱུརཿ སྨད་འཚོང་མ་དྲུག་ཐེའུ་རང་བུ་དྲུག་སྐྱེསཿ བུ་མོ་བཞི་པོ་གདོང་མོ་བཞི་རུ་སྐྱེཿ བུ་གཉིས་ཁྲ་ཚབ་མཆེད་གཉིས་ཞེས་པར་སྐྱེསཿ རྒྱལ་བློན་འབུམ་ཕྲག་བདུན་གྱི་གཙོ་གྱུར་པསཿ སྐྱེ་འགྲོ་སེམས་ཅན་དུང་ཕྱུར་གྲངས་མེད་ཟོསཿ དེ་ཚེ་དྲང་སྲོང་ཐོག་མའི་མགོན་པོ་ཡིསཿ སེམས་ཅན་དོན་དུ་རང་འཁྲོས་སྐུར་བཞེངས་པའིཿ གསང་བདག་ལག་ན་རྡོ་རྗེ་ཞེས་བྱ་བཿ སྤྲུལ་ཞིང་གདུག་པ་ཅན་རྣམས་ཐུགས་རྗེའི་མཐུསཿ གཟིར་ཞིང་བཀུག་ནས་ཞབ་འོག་བསྡུས་ནས་ཀྱངཿ ཕྱག་མཚན་རྡོ་རྗེའི་མཚོན་ཆས་དུམ་བུར་གཏུབཿ དུག་གསུམ་ཞལ་དུ་གསོལ་ཞིང་སྒྲིབ་གཉིས་སྦྱངསཿ དབྱིངས་ཕྱུག་ཡུམ་དང་སྦྱོར་བའི་སྲས་སུ་བསྐྱེདཿ གདོང་མོ་བཞི་པོ་སྦྱོར་བའི་མཐུ་ཡིས་བཏུལཿ ཁྲ་ཚབ་མཆེད་གཉིས་ཞབས་ཀྱི་འོག་ཏུ་མནནཿ ཐེའུ་རང་དྲུག་པོ་རྒྱ་མཚོའི་ཕ་མཐར་བསྐྲདཿ ཐུབ་དཀའ་གཞོན་ནུ་དྲང་སྲོང་ཆེན་པོ་ཡིཿ དེ་ཚེ་འགྱོད་ཚང་དྲག་པོས་ཚིག་འདི་བརྗོདཿ ཀྱེཿ ཐུགས་རྗེ་ཆེན་པོ་རྒྱལ་བ་རྡོ་རྗེ་འཆངཿ འདྲེན་པའི་གཙོ་མཆོག་བདག་ལ་བརྩེར་དགོངས་ནསཿ ད་ལྟ་ཉིད་དུ་ཐུགས་རྗེས་བཟུང་དུ་གསོལཿ དང་པོ་མ་རིག་གསུམ་གྱི་རྒྱུ་བྱས་ནསཿ ཁམས་གསུམ་འཁོར་བའི་གནས་སུ་གཏན་འཁྱམ་ཞིངཿ གཟུང་བཛིན་མདུད་པ་དམ་པོས་ཀུན་ནས་བཅིངཿ རྣམ་རྟོག་བདག་ཏུ་བཟུང་བའི་རྐྱེན་དབང་གིསཿ འཁྲུལ་བའི་ལས་ཀྱི་མཐུ་ལ་རྟག་ཏུ་སྤྱོདཿ གང་དུ་སྐྱེས་ཀྱང་དུག་ལྔའི་དབང་བཙན་ཞིངཿ གང་ན་གནས་ཀྱང་ལས་ཀྱི་ཆད་པས་མནརཿ དེ་ཚེ་རྒྱལ་བའི་ཐུགས་རྗེའི་རྒྱུད་བསྐུལ་ཏེཿ བྱམས་པའི་དྲུང་དུ་གནས་ཤིང་སྒྲིབ་པ་སྦྱངསཿ ཡང་དག་ལམ་ཞུགས་ས་བཅུའི་མཐར་ཕྱིན་ཚེཿ རང་གི་ལས་དབང་དྲག་པོ་སྟོབས་བཙན་པསཿ དྲག་པོའི་བཀའ་རྩལ་གཞུང་བཞིན་རྔོ་མ་ཐོགསཿ མཆེད་ལྕམ་གསང་བའི་དམ་ལས་འགལ་གྱུར་ཅིངཿ ལས་འབྲས་ཁྱད་གསོད་ལོག་སྨོན་དྲག་པོའི་མཐུསཿ གསང་སྔགས་དམ་ཚིག་གཉན་པོར་སྐྱོན་གྱུར་ཅིངཿ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་ཉམསཿ མནར་མེད་དམྱལ་བ་ཤིན་ཏུ་སྡུག་བསྔལ་བཿ འདི་ཉིད་རང་བྱས་ལས་ཏེ་ཅི་བྱར་ཡོདཿ བརྩེ་བའི་བདག་ཉིད་མགོན་པོ་ཁྱོད་ཉིད་ཀྱིཿ ཐུགས་རྗེ་བཟུང་ཡང་འཕགས་པའི་ཞལ་མ་མཐོངཿ ཐ་ཚིག་རྡོ་རྗེའི་གསུང་གི་སྒྲ་མ་ཐོསཿ འགྱོད་ཚངས་བཤགས་པའི་རྒྱལ་པོའི་དོན་མ་རྟོགསཿ བཀའ་འགལ་ཐུགས་དཀྲུགས་ཚིག་རྩུབ་ལོག་པར་སྨྲསཿ ཤིན་ཏུ་ཉམས་པའི་སྡུག་བསྔལ་གྱིས་གཟིར་ཚེཿ བྱམས་མགོན་ཁྱོད་ཀྱི་བཟོད་པའི་གོ་ཆ་ཡིསཿ ཐུགས་བསྐྱེད་དྲག་པོས་ལས་དབང་འཕྲོ་ཟད་ནསཿ རྒྱུ་མཐུན་འབྲས་བུ་སྨེ་ཤ་ཅན་ལུས་སྐྱེསཿ དེ་ལྟ་སྡུག་བསྔལ་ལས་ཀྱི་འབྲས་བུ་ལཿ སྤྱོད་བྱེད་འདི་སྟེ་ལས་ངན་ཀྱེ་མ་ཧོཿ འཁྲུལ་སྣང་སྨོན་ལམ་དྲག་པོའི་མཐུ་བཙན་ཞིངཿ མ་དག་སྒྱུ་མའི་ལུས་འདི་མ་དོར་ནཿ ད་དུང་འཁོར་བའི་གནས་སུ་ཅེས་མི་མནརཿ དེ་བས་འགྲོ་མགོན་རྒྱལ་བའི་ཐུགས་རྗེ་ཡིསཿ མ་དག་འཁོར་བའི་གྲོང་ཁྱེར་ལས་དྲངས་ནསཿ དག་པ་སྐུ་གསུམ་རྒྱལ་པར་དབུགས་དབྱུང་ཤོགཿ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་པསཿ སྔོན་ཚེ་རང་བྱས་ལས་ཀྱི་འབྲས་བུ་ཀུནཿ རང་ལ་སྨིན་དེ་རྒྱལ་བའི་ཐུགས་རྗེའི་དྲིནཿ ད་དུང་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགསཿ ཕྱིན་ཆད་སྡོམ་ལགས་དཔང་པོ་མགོན་པོར་བཞུགསཿ སྲིད་པར་ལུས་རྟེན་བྱེ་བས་དོན་བྱེད་ཅིངཿ རྡོ་རྗེ་དམྱལ་བར་བསྐལ་ཆེན་འབུམ་ཕྲག་ཏུཿ གནས་ཀྱང་བཟོད་ལགས་ངེས་ཆེན་བཤགས་སུ་གསོལཿ འགྲོ་བའི་དོན་དུ་ལུས་ངན་ཅི་ལྟ་བུརཿ ཇི་སྲིད་མནར་ཡང་སྡུག་བསྔལ་བདེ་བ་རུཿ ཤེས་པ་བདག་གིས་དཔའ་འཁུམ་མི་མགྱིད་ལགསཿ དེང་ནས་བཟུང་ཏེ་འཁོར་བ་མ་སྟོངས་བཿ སེམས་ཅན་དོན་དུ་རང་ཉིད་ལྟུང་བ་ལསཿ གཞན་ལ་གནོད་མི་བགྱིད་པའི་དམ་བཅའ་འཛིནཿ སྔོན་གྱི་ལས་ངན་ཇི་ལྟར་སྤྱད་པ་དེཿ ད་ནི་བདག་གིས་རབ་གནོང་འགྱོད་པས་བཤགསཿ བརྩེ་བ་ཆེན་པོའི་མཐོལ་བཤགས་དང་བཞེས་ལཿ ཐུགས་རྗེ་ཅན་ཁྱོད་ཐུགས་རྗེ་མཐུ་མ་ཆུངཿ རྒྱལ་བ་ཁྱོད་ཀྱི་གདུང་ཤུགས་འོད་ཟེར་གྱིསཿ ལས་ངན་འབྲས་བུ་དེང་འདིར་སྦྱང་དུ་གསོལཿ བྱང་ཞིང་དག་ནས་ཉམས་པ་སོར་ཆུད་ནསཿ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལཿ དེ་སྐད་ཞུས་པས་གསང་བདག་ཐུགས་བསྐྱེད་དངཿ རང་གི་འགྱོད་ཚངས་བཤགས་པས་བྱིན་ནུས་ཀྱིསཿ ཉམས་པ་སོར་ཆུད་རྡོ་རྗེ་འཛིན་པ་ཡིསཿ གསང་བའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིངཿ དབང་རྟགས་བྱ་རོག་དབུ་རྒྱན་བཞག་བྱས་ཤིངཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུས་སྤྲསཿ གདོང་མོ་མཆེད་བཞི་གསང་བའི་ཡུམ་དུ་བསྐོསཿ སྤྲུལ་པའི་གཟའ་ཆེན་བརྒྱད་ལ་ལས་མཁན་གཏདཿ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཁོར་དུ་བསྐོརཿ ཁྲབ་ཚབ་མཆེད་གཉིས་སྲོག་གཅོད་ཤན་པར་བཞགཿ འཛམ་གླིང་སྡེ་བརྒྱད་དྲེགས་པའི་རྗེ་བོ་དངཿ རྫོགས་པ་ཆེན་པོའི་བསྟན་པའི་གཉེར་གཏད་ཅིངཿ སྟོང་གསུམ་འཇིག་རྟེན་སྲོག་ལ་དབང་བ་ཡིཿ མཐུ་ལྡན་གཟའ་མཆོག་ཆེན་པོས་མཚན་གསོལ་ཞིངཿ གསང་བདག་ཉིད་ལས་ཡེ་ཤེས་ལྷར་སྤྲུལ་ནསཿ དམ་ཡེ་དབྱེར་མེད་བྱིན་གྱིས་བརླབས་པ་ཡིསཿ འཇིག་རྟེན་ལས་འདས་ཡེ་ཤེས་ལྷག་པའི་ལྷཿ དབུ་དགུ་ཕྱག་བཞི་སྦྲུལ་མཇུག་མིག་སྟོང་ལྡནཿ བྱ་རོག་གཙུག་ཕུད་འཆང་ཞིང་མ་འོངས་པརཿ མི་མངོན་གསང་བདག་དབུ་ཡིས་ལེགས་བརྒྱན་ཅནཿ ཆུ་སྲིན་རྒྱལ་མཚན་མདའ་གཞུ་སྦྲུལ་ཞགས་བསྣམསཿ གསང་བདག་ཡི་དམ་ལྷ་དང་དབྱེར་མེད་དོཿ ལས་ངན་དབང་གིས་དམ་སྲི་སྤུན་དྲུག་པོཿ རྒབ་འདྲེར་གྱུར་ཅིང་སྒྲུབ་པ་པོ་ལ་འཚེཿ ད་དུང་ལས་ངན་དག་ལ་སྤྱོད་པ་འདིཿ ཐ་མལ་གདུལ་བྱར་འགྱུར་བར་ལུང་བསྟན་ནོཿ «༈ བཞི་པ་མཐའ་སྡུད་སྨོན་ལམ་ཟབ་མོ་ནིཿ དེ་སྲས་རིགས་སྲས་དཔའ་བོ་བཛྲ་ཉིདཿ བདེན་ཚིག་དམོད་པ་གྲུབ་པའི་དྲང་སྲོང་མཆོགཿ རྡོ་རྗེ་ལྕགས་ཞེས་བྱ་བས་འདི་སྐད་དོཿ» ཨེ་མ་ཧོཿ མཁའ་ལྟར་དག་པ་རིག་པའི་ཀློང་ཡང་ནསཿ ཆོས་ལོངས་སྤྲུལ་པའི་སྐུ་གསུམ་རྩལ་ཤར་བཿ མ་འགགས་ཐུགས་རྗེ་དཔལ་དུ་ས་ལེར་གནསཿ མཁྱེན་ཆ་འགགས་མེད་མདངས་ལ་རྩ་གསུམ་ལྷརཿ ཡོངས་ཤར་ཞི་ཆགས་ཁྲོ་བོའི་རྣམ་རོལ་གརཿ བདེན་ཚིག་གྲུབ་པའི་ལྷ་དང་མཁའ་འགྲོ་དངཿ ལྷ་མིའི་དྲང་སྲོང་ཚོགས་རྣམས་དཔང་པོ་དངཿ མཐུན་འགྱུར་མཛོད་དང་དབྱངས་ན་བཞུགས་པ་ཀྱེཿ བླ་མའི་བླ་མ་དྲང་སྲོང་ཆོས་ཀྱི་རྒྱལཿ སྲིད་པ་གསུམ་པོ་ཁྱོད་ལས་མ་བྱུང་མེདཿ སྲིད་གསུམ་བདག་པོ་སྲིད་གསུམ་དུས་གཅིག་བསྒྱུརཿ བདག་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོནཿ མེ་ཏོག་འདམ་མཛེས་སྤྱན་སྔར་སེམས་བསྐྱེད་ནསཿ བྱང་ཆུབ་དམ་བཅའ་སྐད་ཅིག་མ་དོར་བཿ བྱེ་བ་ཕྲག་བརྒྱ་ལུས་ཀྱི་སྦྱིན་པ་བཏངཿ སྒྱུ་མའི་ནོར་ལ་ཞེན་པ་མ་བྱས་ཤིངཿ མཆོག་དམན་ཕལ་པ་རྨད་འཚོང་དུད་འགྲོ་སོགསཿ སྐྱེ་བ་དཔག་མེད་འགྲོ་བའི་དོན་དུ་བླངཿ རིགས་སྔགས་འཆང་བའི་དྲང་སྲོང་འབུམ་ཕྲག་གཅིགཿ སྐྱེ་བའི་མཐའ་མ་ད་ལྟ་རྫོགས་པ་སྟེཿ དེ་རྣམས་ཟག་བཅས་ཟག་མེད་དགེ་རྩའི་མཐུསཿ གཅིག་ཏུ་བསྡུས་ནས་དེང་འདིར་སྨིན་པར་ཤོགཿ དྲང་སྲོང་ཐུབ་དཀའ་གཞོན་ནུའི་གཙོ་གྱུར་པསཿ འདས་དང་མ་འོངས་ད་ལྟ་དུས་གསུམ་གྱིཿ སྨོན་ལམ་ལོག་པས་སྟོབས་རྣམས་ཉམས་གྱུར་ནསཿ མཐུ་དང་ནུས་པ་མེད་ཅིང་དབང་མི་བཙནཿ ཇི་ལྟར་བཏབ་ཀྱང་ཚིག་གཅིག་མི་འགྲུབ་ཅིངཿ ལོག་སྨོན་དབང་དུ་སྐད་ཅིག་མི་འགྱུར་བཿ སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་ནསཿ ཡང་དག་བྱང་ཆུབ་ལམ་ལ་དབུགས་དབྱུང་ཤོགཿ འགྲོ་ཀུན་ཕ་མར་མ་ཤེས་དགྲར་མཐོང་ཞིངཿ མཆེད་ལྕམ་ལྷ་དང་ལྷ་མོར་མ་རྟོགས་པརཿ ལས་ངན་འཁྲུལ་རྟོག་དྲག་པོའི་འཚམས་སྦྱར་ནསཿ བླ་མ་མཆེད་ལ་ལོག་ལྟའི་རྐྱེན་དབང་གིསཿ ལོག་ལྟའི་སྨོན་ལམ་ངན་པ་གང་བཏབ་ཀུནཿ མནར་མེད་རྡོ་རྗེ་དམྱལ་བའི་རྒྱུ་ཡིན་ཏེཿ དེ་དག་མི་འགྲུབ་འགྱོད་པའི་རྩིས་ཟིན་ཏེཿ ཐབས་ཀྱིས་འདུལ་བའི་མཚང་རིག་འགྱོད་ཚངས་བཅསཿ བཤགས་པའི་ཡོངས་སྦྱངས་བདུད་དབང་མི་འགྱུར་ཞིངཿ ཅི་མཛད་ལེགས་པར་མཐོང་བའི་དད་སྟོབས་ཀྱིསཿ མ་དད་ལོག་ལྟ་སྐད་ཅིག་མི་སྐྱེ་ཤོགཿ བྱང་ཆུབ་ཡང་དག་ལམ་དུ་ཞུགས་པ་རྣམསཿ ལུས་སྲོག་དུམ་བུ་སྟོང་དུ་བཀས་གྱུར་ཀྱངཿ བཟོད་པའི་གོ་ཆ་བརྟན་པས་རྟག་བསྒོམས་ཤིངཿ ངལ་དུབ་སྐྱོ་སེམས་དབང་དུ་མི་འགྱུར་བརཿ སྙིང་སྟོབས་མཐུ་ཡིས་ས་ལམ་གཅིག་ཆོད་དུཿ རྫོགས་བྱེད་འཁོར་བའི་འཇིག་རྟེན་མ་སྟོངས་པརཿ དེ་སྲིད་སྡུག་བསྔལ་དང་དུ་ལེན་པ་ཡིཿ སྙིང་སྟོབས་ཆེན་པོའི་འགྲོ་བའི་རྒྱུད་འབྱུང་ཤོགཿ དམིགས་པ་མེད་པས་སྙིང་རྗེའི་མཐུས་བསྐྱེད་དེཿ འགྲོ་ཀུན་ཕ་མར་ཤེས་པས་བརྩེ་སེམས་ཀྱིསཿ བདེ་སྡུག་གཏོང་ལེན་བྱང་ཆུབ་རྒྱུར་འགྱུར་ཤོགཿ རབ་དཀར་དྭངས་བའི་ཡིད་ཀྱི་ལྷག་བསམ་མཆོགཿ སྨོན་ལམ་རྣམ་པར་དག་པའི་མཐུས་བསྐྱེད་པསཿ བུམ་གསང་ཤེས་རབ་ཡེ་ཤེས་མཆོག་ཐོབ་ནསཿ རྩ་རླུང་ཐིག་ལེའི་འདུ་བ་རྣམ་དག་ཅིང་ཿ ཤུགས་ཆེན་དྲག་པོ་ཤུགས་ཀྱིས་རབ་བསྐྱོད་ནསཿ ཁྲོ་གཉེར་ཆེན་པོ་གཟུགས་ཆེན་སྟོབས་ཆེ་བཿ ནུས་མཐུ་ཆེན་པོ་ཟེའུ་འབྲུ་ལ་གནས་ཤིངཿ ཧ་ཧ་ཧེ་ཧེའིཿ གད་གདངས་ཆེན་པོ་ཡིསཿ ཤུགས་ཆེན་ལྕགས་ཀྱུ་རྣོན་པོས་ལུས་གཡོ་ཤོགཿ མཐུ་ལྡན་ཁྱོད་ཀྱི་ཁམས་གསུམ་སྒྲོལ་འདྲེན་གྱིསཿ མཐུ་ནུས་གནམ་ལྕགས་ཐོག་ལྟར་རབ་མྱུར་ནསཿ བཀའ་དང་དམ་ཚིག་གཉན་ལས་མི་འདའ་བརཿ བདག་གི་འགྲོ་དོན་མཐའ་མ་རྫོགས་ཀྱི་བརཿ དེ་སྲིད་བསྟན་པའི་སྲུང་མ་མཆོག་གྱུར་ཅིང་ཿ ལེགས་ཉེས་སྟང་འཛིན་དམ་ཚིག་རྗེས་གཅོད་ཅིངཿ བཀའ་བཞིན་རྗེས་སུ་འགྲུབ་པའི་གྲོགས་འགྱུར་ཤོགཿ བདག་སོགས་བྱང་ཆུབ་ལམ་དུ་ཞུགས་ཀུན་ཀྱིསཿ བཟང་ངན་ལས་ཀྱི་འབྲེལ་བ་གང་ཐོབ་པཿ ཀུན་ཀྱང་ལོག་ལམ་དབང་དུ་མི་འགྱུར་བརཿ རྣམ་མཁྱེན་རྫོགས་པའི་སངས་རྒྱས་མཆོག་ཐོབ་ཅིངཿ ཁྱད་པར་བག་ཆགས་འདོད་པའི་འབྲེལ་གྱུར་ཀུནཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྣམ་གཉིས་རྫོགསཿ རྡོ་རྗེ་སློབ་དཔོན་གདུལ་བྱར་མཆོག་གྱུར་ནསཿ གསང་ཆེན་ཟབ་མོའི་གནད་ལ་གོམ་པས་མཐུསཿ བྱ་རྩོལ་གཉིས་མེད་ས་ལ་མཐར་ཕྱིན་ཤོགཿ ཕ་མ་མཁའ་ཁྱབ་འགྲོ་ཀུན་སྡུག་བསྔལ་མཚོཿ ཡོངས་སྐམ་ཐེག་ཆེན་ལམ་མཆོག་དང་འཕྲད་ནསཿ སྒྱུ་མ་རྨིག་སྒྱུ་ཆུ་ཟླ་འཇའ་ཚོན་དངཿ དྲི་ཟའི་གྲོང་ཁྱེར་ལྟ་བུའི་འཁྲུལ་སྣང་ཆོསཿ ཡོངས་ཟད་ཚད་མེད་བཞི་ཡི་དཔའ་གདེངས་ཀྱིསཿ ཕྱིན་དྲུག་ལམ་མཆོག་མཐའ་རུ་ཕྱིན་པ་དངཿ འབྲས་བུ་ཡོངས་ཤེས་མ་བཅོས་ལྷུག་པའི་ངངཿ རྣམ་པར་གྲོལ་ཞིང་མ་དག་འགྲོ་བའི་ཁམསཿ སྐུ་གསུམ་ཡེ་ཤེས་ཆེན་པོར་བཙན་ས་ཟིནཿ འཁོར་བ་དོང་སྤྲུག་གཞོན་ནུ་བུམ་སྐུའི་ཀློངཿ འབད་པ་མེད་པར་མངོན་འཚང་རྒྱ་བ་དངཿ ཞིང་མཆོག་ཡི་དམ་ལྷ་དང་དབྱེར་མེད་ཅིངཿ གཉིས་མེད་ཡེ་ཤེས་བདེ་ཆེན་མཆོག་ཐོབ་ཤོགཿ དེ་སྐད་སྨོན་ལམ་བཏབ་ཚེ་ནམ་མཁའ་ནསཿ སངས་རྒྱས་བྱང་སེམས་ལྷ་དང་དྲང་སྲོང་ཚོགསཿ མཐུན་འགྱུར་མཛད་ཅིང་བཀྲ་ཤིས་མེ་ཏོག་འཐོརཿ དྲང་སྲོང་ཆེན་པོ་རྒྱལ་སར་མངའ་གསོལ་ཞིངཿ རྡོ་རྗེ་འཛིན་པའི་དབུགས་དབྱུང་གཟེངས་བསྟོད་པསཿ དབྱིངས་བཞུགས་རྒྱལ་བ་སྲས་དང་འཁོར་ཚོགས་བཅསཿ རྡོ་རྗེ་འཛིན་པའི་གསུངས་ལ་མངོན་བསྟོད་དོཿ «རྒྱུད་ཀྱི་རྒྱལ་པོ་བཤགས་པའི་སྨོན་ལམ་འདིཿ མཐོང་ངམ་ཐོས་སམ་དྲན་ནམ་རེག་པ་ཀུནཿ བསྐལ་བར་བསགས་པའི་ཉམས་སྒྲིབ་སྡུག་བསྔལ་བཅསཿ བྱང་ཞིང་དག་ནས་དངོས་གྲུབ་ཐོབ་པར་ངེསཿ སྲིད་གསུམ་སྐལ་བར་དཀོན་པའི་གདམ་ངག་འདིཿ འོད་གསལ་ཆོས་དབྱིངས་ཀློང་དུ་རྒྱས་གདབ་ཅིངཿ བསྐལ་བའི་མཐའ་མར་སྐལ་ལྡན་སྙིང་གི་བུརཿ འཕྲད་ནས་ལོག་པའི་ལམ་དུ་ཞུགས་པ་ཡིསཿ གཙོ་འགྱུར་འགྲོ་བ་མང་པོའི་དོན་བྱེད་ཅིངཿ བྱང་ཕྱོགས་ཁ་བ་ཅན་ཞེས་བྱ་བའི་སརཿ ས་སྤྱོད་གནས་སུ་གཟུགས་མེད་འབུམ་ཕྲག་བཅུཿ མི་ཡི་ཡུལ་དུ་གཟུགས་ཅན་དུང་ཕྱུར་གཅིགཿ མནར་མེད་མྱལ་བའི་གནས་སུ་ཁྲིད་ཉེ་ཚེཿ རིགས་པའི་ལྷ་མོ་འཆི་མེད་བདེ་སྟེར་མསཿ སྐལ་ལྡན་རྗེས་སུ་འཛིན་ཕྱིར་སྤེལ་བར་ཤོགཿ མཐའ་ཡས་འགྲོ་བ་རྒྱ་མཚོའི་དོན་ནུས་ཤིངཿ ཆོས་འདི་འགྲོ་དོན་ནུབ་པ་མེད་པར་བྱསཿ བྱེ་མའི་གྲངས་ཀྱི་འགྲོ་བ་མ་ལུས་པཿ གསེར་འགྱུར་རྩིས་ཐེབ་ཇི་བཞིན་བཙན་ཐབས་སུཿ དག་པ་མངོན་འཚང་རྒྱ་བར་གདོན་མི་ཟཿ བཀའ་འདི་དྲང་སྲོང་ཁྱོད་ཀྱིས་དམ་དུ་ཆོསཿ ས་མ་ཡཱཿ ཨ་ལ་ལ་ཧོཿ གཟའ་བདུད་ཁྲག་མཚོ་ཁོལ་མའི་རྒྱུད་ལས་བཤགས་པའི་ལེའུ་གུད་དུ་ཕྱུང་བའོཿ འཕྲད་པ་ཙམ་གྱིས་གྲོལ་བའི་གདམས་པ་འདིཿ སྨོན་ལམ་ལོག་པའི་ལག་ཏུ་ཤོར་ར་རེཿ ཁ་ཐཾཿ གུཧྱཿ རྒྱ་རྒྱཿ འབྲེལ་གྲོལ་བཤགས་པའི་རྒྱལ་པོ་མཐར་རྫོགས་སོཿ དགེའོཿ