DKYD-KABUM-04-NGA-001

From Khyentse Lineage - A Tsadra Foundation Project
Revision as of 08:43, 2 June 2024 by Jeremi (talk | contribs)

DKYD-KABUM-04-NGA-001
Wylie title
Location mdo mkhyen brtse bka' 'bum
Volume 4, Text 1, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །དམ་ཆོས་པདྨའི་སྙིང་པོ་ལས༔ སྔོན་འགྲོ་རྒྱུན་ཁྱེར་བསྡུས་པ་བཞུགས༔

༄༅། «།བླ་མ་ལྷག་པའི་ལྷ་ལ་འདུདཿ སྔོན་འགྲོ་ངག་འདོན་རིམ་པ་ནི༔» ན་མོ༔ དུས་གསུམ་སངས་རྒྱས་ཀུན་འདུས་བླ་མ་ལ༔ གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དང༔ བསླུ་མེད་རྒྱུ་འབྲས་དོན་ལ་ལེགས་བསམ་ནས༔ འཁོར་བའི་ཉེས་དམིགས་ལས་བཟློག་ཐར་བ་བསྒྲུབ༔ བཤེས་གཉེན་ལེགས་བསྟེན་ཚེ་འདིར་མཆོག་ཐོབ་བྱཿ མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༔ སྐྱབས་གནས་ཀུན་འདུས་བླ་མ་པདྨ་རྒྱལ༔ ཡས་རིམ་ཇི་བཞིན་བརྒྱུད་པའི་བླ་མ་དང༔ རྩ་གསུམ་ལྷ་ཚོགས་དམ་ཅན་སྲུང་མས་བསྐོར༔ ན་མོ༔ མཆོག་གསུམ་ཀུན་འདུས་གུ་རུ་པདྨ་རྒྱལ༔ རྩ་བརྒྱུད་བླ་མ་ཡི་དམ་རྒྱུད་སྡེ་བཞི༔ མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་བཅས་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ མཁའ་མཉམ་མཐའ་ཡས་སེམས་ཅན་མ་ལུས་པ༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ་བྱེད་ཕྱིར༔ དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔ རང་གི་སྤྱི་བོ་ཟླ་སྟེང་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ ལོངས་སྐུའི་ཆས་རྫོགས་དར་གྱི་ན་བཟའ་གསོལ༔ ཐུགས་ཀར་ཧཱུྃ་མཐར་ཡི་གེ་བརྒྱ་པས་བསྐོར༔ བཟླས་པའི་སྔགས་ཕྲེང་ལས་བྱུང་བདུད་རྩིའི་རྒྱུན༔ སྤྱི་བོ་ནས་བབ་ལུས་ནང་གང་བ་ཡིས༔ སྡིག་སྒྲིབ་ཉེས་ལྟུང་ཚོགས་ཀུན་དག་པར་གྱུར༔ ཨོཾ་བཛྲ་ས་ཏྭ་ས་མ«་སོགས༴ »ཨཱ༔ སྡིག་སྒྲིབ་དག་ནས་མཆོག་ཐུན་དངོས་གྲུབ་ཐོབ༔ རྡོ་རྗེ་སེམས་དཔའ་རང་དང་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ༔ སྤྲུལ་སྐུའི་མཎྜལ་བྱེ་བ་ཕྲག་བརྒྱའི་ཞིང༔ ལོངས་སྐུའི་མཎྜལ་ངེས་པ་ལྔ་ལྡན་གནས༔ ཆོས་སྐུའི་མཎྜལ་དེ་བཞིན་ཉིད་ཀྱི་དབྱིངས༔ བླ་མ་རྩ་གསུམ་ལྷ་ལ་འབུལ་བར་བགྱི༔ གུ་རུ་རཏྣ་མཎྜ་ལ་པཱུ་ཛཿཧོ༔ རང་ཉིད་རྗེ་བཙུན་རྣལ་འབྱོར་དམར་གསལ་བའིཿ སྤྱི་བོར་ཉི་ཟླ་པདྨ་བརྩེགས་པའི་སྟེང༔ བླ་མ་པདྨ་རྒྱལ་པོའི་ལྷ་ཚོགས་ལ༔ རྩ་གསུམ་ལྷ་ཚོགས་དམ་ཅན་རྒྱ་མཚོས་བསྐོར༔ ཨེ་མ་ཧོ༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་ནས༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ལ༔ གཞི་དབྱིངས་ཁྱབ་གདལ་ངང་ནས་གསོལ་བ་འདེབས༔ གཉིས་མེད་ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབས༔ ངེས་པ་ལྔ་ལྡན་ལོངས་སྐུའི་ཕོ་བྲང་ནས༔ ཐུགས་ཀྱི་སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ སྣ་ཚོགས་འཛིན་བྲལ་ངང་ནས་གསོལ་བ་འདེབས༔ མ་འགགས་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས༔ དཔལ་རི་བདེ་བ་ཆེན་པོའི་ཕོ་བྲང་ནས༔ སྤྲུལ་སྐུ་པདྨ་རཱ་ཛ་ཡབ་ཡུམ་ལ༔ སྤང་བླང་འཛིན་བྲལ་ངང་ནས་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ དཔལ་གྱི་བསམ་ཡས་མཆིམས་ཕུའི་གནས་མཆོག་ནས༔ དངོས་གྲུབ་མཆོག་བརྙེས་ཁྲི་སྲོང་ལྡེའུ་བཙན་ལ༔ བཀའ་དྲིན་དྲན་པའི་ངང་ནས་གསོལ་བ་འདེབས༔ དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ སྨོན་ལམ་ལས་འབྲེལ་དག་པའི་ཕོ་བྲང་ནས༔ ཟབ་ཆོས་མངའ་བདག་རྗེ་འབངས་ཚོགས་བཅས་ལ༔ དད་གུས་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས༔ ཐུགས་རྒྱུད་དགོངས་པ་རྟོགས་པར་བྱིན་གྱིས་རློབས༔ རྩུབ་འགྱུར་ཚལ་སོགས་རང་བཞིན་གནས་མཆོག་ནས༔ སྔགས་སྲུང་ཁྲོས་མ་གནོད་སྦྱིན་གཏེར་བདག་ལ༔ ཐ་ཚིག་དྲན་པའི་ངང་ནས་གསོལ་བ་འདེབས༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས༔ སྐྱབས་ཡུལ་འོད་ཞུ་རང་དང་དབྱེར་མེད་ཐིམ༔ སྐུ་གསུང་ཐུགས་ཀྱི་བྱིན་ནུས་ཀུན་ཐོབ་ནས༔ རང་བཞིན་གདོད་མའི་དབྱིངས་སུ་འུབ་ཆུབ་ཤོག༔ ཨ་ཨཱ༔ «ཞེས་བརྗོད་ཅིང་གནས་མཉམ་པར་འཇོག༔ དགེ་རྩ་བྱང་ཆུབ་རྒྱུ་རུ་བསྔོ༔ ཡང་ཟབ་པདྨ་སྙིང་ཐིག་གི༔ སྔོན་འགྲོ་རིམ་པ་འདི་ཉིད་ཀྱང་༔ མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཕབ༔ རྒྱ་རྒྱ་རྒྱ༔