DKYD-KABUM-08-NYA-009
༄༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ སྙན་བརྒྱུད་ཟབ་པའི་མཐར་ཐུག་བཞུགསཿ ཿ༄༅། །྅྅྅ དབྱིངས་རིག་དབྱེར་མེད་སྟོང་གསལ་ཆོས་ཀྱི་སྐུཿ ཀུན་བཟང་ཡབ་ཡུམ་ཞི་ཆགས་ཁྲོ་བོའི་གརཿ རྣམ་རོལ་མ་ངེས་སྣ་ཚོགས་གཟུགས་སྐུར་སྟོནཿ ཡེ་ཤེས་འདུས་མ་བྱས་པའི་ཀློང་ལ་འདུདཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཐིག་ལེའི་བཅུདཿ འབྲས་བུའི་མན་ངག་ལོངས་སྐུ་ཆེན་པོའི་ཞིངཿ འཁོར་ལོས་སྒྱུར་བའི་ཐུགས་ཀྱི་བརྣག་བྱའི་ཆོསཿ སྲིད་པ་འདི་ན་སྔོན་ཆད་མ་གྲགས་པཿ བདག་ཉིད་དྲི་མ་མེད་པས་ལེགས་པར་སྟོནཿ དོན་གཉེར་སྐལ་ལྡན་ཕོ་མོས་དང་དུ་ལོངསཿ བཀའ་དང་གཏེར་གྱི་སྲུང་མ་མ་གཡེལ་ཅིགཿ དེ་ལ་ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་སྨིན་གྲོལ་ནོད་ཅིང་དམ་ཚིག་ལ་གཅེས་སྤྲས་སུ་བྱེད་ཅིང་ཡིད་ཆེས་ཀྱི་གདེངས་ཚུགསཿ ལོག་ལྟའི་མུན་པ་སངསཿ ཕྱིར་མི་ལྡོག་པའི་དད་པ་ཐོབཿ ཐེ་ཚོམ་གྱི་འཕྲང་ལས་གྲོལ་བའི་གང་ཟག་དབང་རབ་ཉོན་མོངས་ཀྱི་ཤུགས་ཆེ་བ་དག་ལ་བླ་མ་དང་མཁའ་འགྲོའི་བཀའ་ཡིས་གནང་བ་ཐོབ་པའི་ཚེཿ བཙན་ཐབས་སུ་གྲོལ་བའི་གདམས་པ་དངོས་གཞིའི་ཉམས་ལེན་ཆེན་པོའི་རིམ་པ་ལཿ ཐོག་མར་ཐུན་མིན་དྲང་སྲོང་ལུགསཿ གཟེར་ལྔའི་མན་ངག་བསྟན་པར་བྱཿ དང་པོ་བག་ཆགས་ལུས་འདི་ཉིདཿ འབྱུང་བ་རླུང་གིས་བསྐྱེད་པ་དངཿ ཕྱི་སྣོད་རླུང་ལ་བརྟེན་པའི་ཕྱིརཿ སྦྱོང་བའི་མན་ངག་འདི་ལྟ་སྟེཿ བརྟན་པ་སྣོད་ཀྱི་འཇིག་རྟེན་ཁམསཿ གསེར་གྱི་བྱེ་མ་བརྡལ་བའི་ཞིངཿ རིན་ཆེན་རི་རབ་བརྩེགས་པའི་སྟེངཿ རང་ཉིད་ཏིང་འཛིན་ལ་གནས་བསམཿ ཡིད་ལ་མེད་པ་ཕྱོགས་བཞི་ནསཿ དྲག་པོའི་རླུང་བསྐྱོད་རང་ལུས་ཁྱེརཿ ཕྱི་སྣོད་འཇིག་རྟེན་ཀུན་གཏོར་ཞིངཿ རང་ལུས་ཤོག་སྐྱ་རླུང་བསྐྱོད་བཞིནཿ རང་དབང་མེད་པ་ཕྱོགས་ཀུན་གཡོཿ འཇིགས་སྐྲག་བཟོད་པར་དཀའ་བ་ཡིསཿ རང་ལུས་བག་ཆགས་རྣམ་རྟོག་གཏོརཿ འབྱུང་བ་རང་གི་ཀློང་དུ་འདྲེསཿ མཐར་ཉིད་སྟོང་གསུམ་མི་དམིགས་ངངཿ བར་སྣང་སྟོང་བའི་དབྱིངས་རུམ་དུཿ རང་རིག་ཨཱཿཡིག་ལྗང་གུ་ལཿ ཤེས་པ་གཞན་དུ་མ་ཡེངས་བརཿ ཅི་གནས་བཞག་མཐར་མི་དམིགས་ངངཿ ཀ་དག་རིག་པའི་ཀློང་དུ་བལྟཿ བྱ་གྲུབ་ཡེ་ཤེས་རླུང་སྦྱོང་ངོཿ ༈ གཉིས་པ་དྲོད་ཉིད་མེ་ཁམས་དངཿ ཕྱི་སྣོད་མེ་ལས་གསོ་བའི་ཕྱིརཿ སྦྱོང་བའི་མན་ངག་འདི་ལྟ་སྟེཿ ཕྱི་སྣོད་ནགས་ཚལ་འཐུག་པོའི་དབུསཿ དཔག་བསམ་ལྗོན་པའི་རྩེ་མོ་རུཿ རང་ཉིད་མཉམ་བཞག་ལ་གནས་ཚེཿ ཕྱོགས་བཞིར་ཤུགས་དྲག་མེ་འབར་ཞིངཿ ཕྱི་སྣོད་འཇིག་རྟེན་གཞོབ་ཐུལ་བསྲེགསཿ སྔངས་སྐྲག་སྡུག་བསྔལ་བཟོད་མེད་ངངཿ རང་ལུས་བག་ཆགས་རྣམ་རྟོག་བསྲེགསཿ འབྱུང་བ་རང་གི་ཀློང་དུ་ཐིམཿ མེ་ཡང་སྐྱེ་མེད་མཁའ་ལ་ཡལཿ སྣང་སྲིད་སྟོང་པ་ཉིད་ཀྱི་ངངཿ རང་རིག་མཁའ་ལ་ཨཱཿདམར་པོཿ གཉིས་བརྩེགས་ཡེ་ཤེས་མེ་ལྕེ་འབརཿ ཤེས་པ་མ་ཡེངས་རྩེ་གཅིག་གཏདཿ དེ་ཡང་དམིགས་མེད་རིག་པའི་ངངཿ སོར་རྟོག་ཡེ་ཤེས་མེ་སྦྱོང་ངོཿ ༈ གསུམ་པ་རང་ལུས་ཆུ་ཡི་ཁམསཿ ཕྱི་སྣོད་ཆུར་བརྟེན་དེས་གསོ་ཕྱིརཿ སྦྱོང་བའི་མན་ངག་འདི་ལྟར་བྱཿ ཕྱི་སྣོད་སྨན་ལྗོངས་ཉམས་དགའི་དབུསཿ རང་ཉིད་ཏིང་འཛིན་ལ་གནས་པརཿ འོག་གཞིར་མཚོ་ཆེན་བཞི་བརྡོལ་ཏེཿ སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀུནཿ ལན་ཚྭ་ཆུར་བཞུས་ཇི་བཞིན་གྱུརཿ རང་ལུས་རྒྱ་མཚོ་ཆེན་པོར་བསྐྱལཿ སྔངས་སྐྲག་མྱ་ངན་བཟོད་མེད་པརཿ རང་དབང་གཏད་སོ་མེད་པར་ཁྱེརཿ རྣམ་རྟོག་བག་ཆགས་ལུས་བཅས་སྦྱངསཿ འབྱུང་བ་རང་གི་ཀློང་དུ་ཐིམཿ ཆུ་ཉིད་ནམ་མཁའི་དབྱིངས་སུ་ཡལཿ དམིགས་མེད་སྟོང་པའི་ངང་ཉིད་ལསཿ རང་རིག་མཁའ་དབྱིངས་ཨཱཿདཀར་པོཿ བཞི་བརྩེགས་གསལ་འཚེར་སེམས་བཟུང་ཞིངཿ ཟླ་དཀྱིལ་ཆུ་ཡི་དཀྱིལ་འཁོར་བསྒོམཿ དམིགས་མེད་ཀ་དག་ངང་དུ་བཞགཿ མེ་ལོང་ཡེ་ཤེས་ཆུ་སྦྱོང་ངོ་ཿ ༈ བཞི་པ་ཤ་རུས་ས་ཡི་ཁམསཿ ཕྱི་སྣོད་ས་ལ་བརྟེན་པའི་ཕྱིརཿ སྦྱོང་བའི་མན་ངག་ཟབ་མོ་ནིཿ ཕྱི་སྣོད་རི་རབ་དཔང་མཐོའི་དབུསཿ རིན་ཆེན་མཚོ་དབུས་པད་སྡོང་རྩེརཿ རང་ཉིད་མི་གཡོ་ཏིང་འཛིན་དངཿ ཕྱོགས་བཞིར་འཇིགས་པའི་ས་གཡོས་ཤིངཿ སྔངས་སྐྲག་སྡུག་བསྔལ་དཔག་མེད་དངཿ ཕྱི་སྣོད་རང་ལུས་བཅས་པ་ཀུནཿ ཕྱེ་མར་འཐག་ཅིང་གཅིག་ཏུ་འདྲེསཿ འབྱུང་བ་རང་གི་ཀློང་དུ་ཐིམཿ རང་རིག་ཨཱཿསེར་སུམ་བརྩེགས་གསལཿ ཀུན་ཏུ་ཐོགས་མེད་རྒྱུ་བ་ཡིསཿ ས་ཡང་རང་ཞིག་ནམ་མཁའི་ངངཿ མཁའ་དབྱིངས་ཡི་གེ་གསུམ་ཉིད་ལཿ ཤེས་པ་གཏད་ཅིང་སྤྲུལ་བསྒྱུར་བྱཿ ཡི་གེ་འཇའ་ཚོན་ཡལ་བ་བཞིནཿ དམིགས་མེད་སྟོང་ཉིད་ཆེན་པོའི་ངངཿ མཉམ་ཉིད་ཡེ་ཤེས་ས་སྦྱོང་ངོཿ ༈ ལྔ་པ་རྣམ་ཤེས་ནམ་མཁའི་ཁམསཿ ཕྱི་སྣོད་མཁའ་ལ་བརྟེན་པའི་ཕྱིརཿ སྦྱོང་བའི་མན་ངག་ཁྱད་པར་ཅནཿ ཟག་ཟད་ནམ་མཁའི་ཏིང་འཛིན་ནིཿ རང་ཉིད་མཁའ་ལ་ཆོས་བདུན་གྱིཿ འདུག་སྟངས་དང་བཅས་ཏིང་འཛིན་གནསཿ བརྟན་པ་སྣོད་ཀྱི་འཇིག་རྟེན་ཁམསཿ འབྱུང་བ་བཞི་ཡིས་བསྡུས་སོ་ཅོགཿ འོད་དུ་ལྟེམ་མེར་ཞུ་བ་ལསཿ མཐིང་གསལ་ནམ་མཁའི་ངང་དུ་འདྲེསཿ ནམ་མཁའ་ཧུབ་ཀྱིས་དྲང་བ་ལསཿ རང་ལུས་སྔོ་མེར་ཁྲིགས་སེ་གངཿ བག་ཆགས་རྣམ་རྟོག་ལུས་དང་བཅསཿ རྣམ་ཤེས་མཁའ་ཀློང་ཡངས་པར་འདྲེསཿ སྦྱངས་ཤིང་དར་ཅིག་ནམ་མཁའི་ངངཿ སླར་ཡང་མཁའ་ལ་འཇའ་ཚོན་བཞིནཿ མཐིང་གསལ་ཨཱཿཡིག་ལྔ་བརྩེགས་བསྒོམཿ ཤེས་པ་མ་ཡེངས་རྩེ་གཅིག་གཏདཿ འབྱོང་ཚེ་ཡས་མས་གཅིག་ཐིམ་གྱིཿ དབུས་མ་ཉིད་དང་རོ་གཅིག་འདྲེསཿ དེ་ཉིད་འཕེལ་ཚེ་རི་རབ་ཙམཿ རིམ་བཞིན་ཇེ་ཆུང་ཡུང་འབྲུ་དངཿ རྡུལ་ཕྲན་ཙམ་དུ་ཤེས་པ་གཏདཿ ཆེ་ཆུང་རེས་མོས་རྩལ་སྦྱོང་ཞིངཿ ཤིན་ཏུ་འབྱོང་ཚེ་རང་རིག་རྟེནཿ སྐྱེ་མེད་ཡི་གེ་རྒྱ་སྲན་ཙམཿ གང་ལའང་ཐོགས་མེད་རྒྱུ་བ་དངཿ དག་པའི་ཞིང་དང་རིགས་དྲུག་གནསཿ གང་དུའང་ཉུལ་ཞིང་དོན་སྒྲུབ་དངཿ འབྱུང་བཞི་སྦྱོང་ཞིང་ཟང་ཐལ་རྒྱུཿ འདི་ཡིས་གྲུབ་འབྲས་མངོན་གྱུར་ཚེཿ འབྱུང་ལྔའི་ཡི་གེར་བསླབ་པ་ནིཿ མས་ནས་རིམ་བཞིན་ལྗང་སེར་མཐིངཿ དཀར་དམར་ཨཱཿཡིག་ལྔ་བསྒོམ་ཞིངཿ དེ་ཡང་རང་འོད་ཀློང་དུ་འདྲེསཿ སླར་ཡང་མི་དམིགས་ནམ་མཁའི་ངངཿ འབྱུང་བཞི་ཟད་པ་བསྒྲུབ་པའོཿ གནད་ཀྱི་མན་ངག་ཁྱད་པར་འཕགསཿ དྲང་སྲོང་མན་ངག་སྔོན་འགྲོ་བཿ གཟེར་ལྔ་གནད་ཀྱི་གདམས་པ་འདིཿ ཡེ་ཤེས་མཁའ་འགྲོའི་ཉམས་ལེན་ཏེཿ ཆོས་དབྱིངས་ཡེ་ཤེས་རྣམ་ཤེས་སྦྱོངཿ འབྱུང་ལྔ་ཡུམ་ལྔའི་མཁའ་རུ་དགཿ ཉོན་མོངས་ཡེ་ཤེས་ལྔ་རུ་རྫོགསཿ ཕུང་ལྔ་རིགས་མཆོག་ལྔ་རུ་སྨིནཿ སངས་རྒྱས་ཀུན་ཀྱི་དབང་རྣམས་ཐོབཿ རྡོ་རྗེ་ལྟ་བུའི་ཏིང་འཛིན་གཞིཿ འདི་ཡན་འབྲས་བུའི་ལམ་ཡིན་ནོཿ ༈ དེ་ནས་སྒྱུ་ལུས་བསྒྲུབ་པ་ལཿ བརྟེན་པ་སྣོད་ཀྱི་འཇིག་རྟེན་ཀུནཿ དངོས་པོར་མ་གྲུབ་ཝལ་ལེ་བཿ མཚན་མ་ཀུན་བྲལ་འཇའ་ཚོན་བཞིནཿ བདག་མེད་སྒྱུ་མའི་གྲོང་ཁྱེར་འདྲཿ ཀུན་བརྟགས་བློ་ཡིས་བྱས་པའི་ཆོསཿ ཤར་ཚེ་ཡུལ་གྱི་སྣང་བ་གསལཿ གྲོལ་ཚེ་སྨྲ་བསམ་བརྗོད་པ་བྲལཿ ངང་དུ་བཞག་ཚེ་ན་བུན་བཞིནཿ རང་ཡལ་རྗེས་མེད་ཕྱོགས་ལྷུང་བྲལཿ བན་བུན་ཕྱད་ཕྱོད་མཐའ་གྲོལ་ཀློངཿ དེ་ལ་གོམས་ཤིང་འདྲིས་པའི་ཚེཿ རྨི་ལམ་སྒྱུ་མའི་སྣང་ཚུལ་སྟོནཿ ཉིན་སྣང་འཁོར་བའི་ཆོས་སོ་ཅོགཿ དགྲ་གཉེན་བར་མའི་འདུ་ཤེས་ཀུནཿ རང་ཡལ་བྱ་ལམ་རྗེས་མེད་བཞིནཿ འཁྲུལ་པའི་བག་ཆགས་དག་པའི་མཐུསཿ རིམ་བཞིན་དབྱིངས་སུ་གྲོལ་བའོཿ དེ་ཚེ་བླ་མ་ནང་སྒྲུབ་བཞིནཿ རིག་པ་ལུས་ལ་གཏད་པ་ཡིསཿ རང་ལུས་གདོས་བཅས་ཟག་པ་ཟདཿ མཁའ་ལ་འཇའ་ཚོན་ཤར་བ་བཞིནཿ སྣང་ལ་རང་བཞིན་མ་གྲུབ་པཿ སྤྲུལ་པ་ལྟ་བུར་ཤར་བའི་ཚེཿ ལུས་ཀྱི་འཛིན་ཞེན་དག་པ་ཡིསཿ སྤྱོད་ལམ་ཟས་གོས་སྤྲོས་པ་ཞིགཿ གཉུག་མ་མ་བཅོས་གཤིས་ཀྱི་ངངཿ དེ་ཚེ་ཙིཏྟ་འོད་ཀྱི་གུརཿ བླ་མ་དྲི་མ་མེད་པ་བསྒོམཿ ཐུགས་ཀ་དང་ནི་སུམ་མདོར་ཨཱཿ དེ་ལ་ཤེས་པ་མ་ཡེངས་གཏདཿ ཡེ་ཤེས་མེ་འབར་བདེ་དྲོད་བསྐྱེདཿ ཡི་གེ་ལྔ་ཚར་བཟླ་བྱ་ཞིངཿ བླ་མ་རང་སེམས་དབྱེར་མེད་ངངཿ བུམ་ནང་མར་མེ་ཇི་བཞིན་དུཿ རང་རིག་ཨཱཿལ་ཤེས་པ་གཏདཿ རྨི་ལམ་འོད་གསལ་ངང་དུ་སྦཿ ཟག་པ་བག་ཆགས་ཡོངས་ཟད་ནསཿ མ་དག་སྒྱུ་མ་ལུས་ཀྱི་ཁམསཿ དག་པ་འོད་ཀྱི་ལུས་འགྲུབ་ཅིངཿ འཇིགས་མེད་ཆོས་སྐུའི་རྒྱལ་ས་ཟིནཿ ལུས་ནི་ཤིང་བལ་ལྟར་ཡངས་ཤིངཿ ངག་ཉིད་ཚངས་པའི་དབྱངས་དང་ལྡནཿ རིག་པ་རྡོ་རྗེའི་ཏིང་འཛིན་ཐོབཿ རྫུ་འཕྲུལ་ཡ་མ་ཟུང་བསྒྲུབ་ནཿ འདི་ཚེ་འབྱུང་བཞིའི་ཏིང་འཛིན་གྱིསཿ ཐོགས་པ་མེད་པ་མངོན་འགྱུར་རོཿ ༈ རྨི་ལམ་འོད་གསལ་གདམས་པ་ནིཿ ཉིན་སྣང་སྤྲུལ་བསྒྱུར་སྣ་ཚོགས་ལཿ རབ་ཏུ་གོམས་ཤིང་འདྲིས་བྱས་ནསཿ མཚན་མོ་གཉིད་དུ་འགྲོ་བའི་ཚེཿ རང་ཉིད་འོད་ལུས་འཇའ་ལྟར་ཡལཿ ཨཱཿདཀར་འོད་ཟེར་ཕྱོགས་བཅུར་འཕྲོསཿ བྱིའུ་ལན་པའི་སྒོ་ང་ཙམཿ རང་བྱུང་རིག་པའི་སྙིང་པོ་ཅནཿ དེ་ལ་ཤེས་པ་མ་ཡེངས་གཏདཿ གཉུག་མའི་ངང་དུ་གཉིད་ཟིན་ཚེཿ དཀར་ལམ་དམར་ལམ་ནག་ལམ་གྱིཿ སྣང་མཆེད་ཐོབ་གསུམ་རིམ་གྱིས་འཆརཿ དེ་ཚེ་འོད་ལྔའི་སྣང་བ་ཡིསཿ ཉེ་བར་ཐོབ་པ་ངོས་ཟིན་ཅིངཿ འོད་གསལ་སྟོང་ཉིད་སྤྲོས་བྲལ་ཀློངཿ ཟུང་འཇུག་བདེ་སྟོང་དབྱེར་མེད་ངངཿ འབྱམས་ཀླས་ཐོད་རྒལ་རྩལ་རྫོགས་ཤིངཿ རྨི་ལམ་དབྱིངས་སུ་དག་པའི་ཆེཿ དབང་རབ་ཚེ་འདིར་གྲོལ་བའོཿ དེ་ལས་སྒྲ་དང་ཟེར་སྣང་ཤརཿ མཚན་མོའི་གཉིད་ཀྱི་རྨི་ལམ་ཀུནཿ བྱིས་པའི་རྩེད་མོ་མི་རྒན་གྱིསཿ ལོངས་སུ་སྤྱོད་བཞིན་བདག་མེད་ངངཿ འལ་འོལ་ཕྱད་ཕྱོད་ངང་དྭངས་ཚེཿ དབང་འབྲིང་འཆི་ཁར་གྲོལ་བའོཿ དེ་ལས་རྨི་ལམ་སྣང་བ་ལཿ རྨི་ལམ་ཉིད་དུ་ངོ་ཤེས་ནསཿ ཉིན་སྣང་བཞིན་དུ་རང་བྱན་ཆུབཿ འཁྲུལ་བས་གཞན་དབང་ཡོངས་ཞིག་ནསཿ སྤྲུལ་སྒྱུར་རང་དབང་ཐོབ་པའི་ཚེཿ རང་རིག་ཨཱཿཡིག་ལུས་ཀྱི་སྦུབསཿ ཆུ་བོ་དག་ལ་ཉ་ལྟར་འཕྱོཿ རི་བྲག་ཟང་ཐལ་མཁའ་ལྟར་རྒྱུཿ དམིགས་པའི་ཡུལ་དེར་བྱ་ལྟར་བགྲོདཿ གང་ལའང་རང་དབང་ཐོབ་པའི་ཚེཿ སྤྲུལ་པའི་ཞིང་ཁམས་ཆེན་པོ་རུཿ རྫུ་འཕྲུལ་སྟོབས་ཀྱིས་ཐོགས་མེད་རྒྱུཿ སྒྲོ་འདོགས་གཅོད་ཅིང་དབང་ཞུའོཿ དེ་ཚེ་སྐྱེ་དང་འཆི་བ་དངཿ སྤྲུལ་སྒྱུར་རང་དབང་ཐོབ་པ་སྟེཿ ཐ་མའང་ཆོས་ཉིད་བར་དོར་གྲོལཿ ཉམས་ལེན་ཁྲེགས་ཆོད་ཐོད་རྒལ་གནདཿ གདམས་པའི་མཆོག་གྱུར་བླ་མ་བསྟེནཿ འདི་འབྲས་མ་བསླབ་ཆོས་ཀུན་ཤེསཿ མགྲིན་པ་རྡོ་རྗེའི་གླུ་དབྱངས་ལེནཿ ལུས་ལ་དྲི་ཞིམ་ངད་པ་འབྱུངཿ རྨི་ལམ་སྦྱོང་བའི་གདམས་པའོཿ ༈ ལམ་གྱི་ཆ་རྐྱེན་ཁྱད་འཕགས་པཿ གཏུམ་མོ་ཡེ་ཤེས་མེ་ལྕེ་ནིཿ ལུས་བཀྲུས་སྨན་གྱིས་བྱུགས་པ་དངཿ བདུད་རྩི་ལྔ་ཡིས་ལུས་ཀུན་བྱུགཿ སྔོ་ངད་བསིལ་བའི་ཟས་ཀུན་སྤངསཿ དྲོད་བཅུད་ཟས་བསྟེན་སྤྱོད་ལམ་དལཿ ཉམས་ཅན་གྲིབ་འཛེམ་ཁམས་གསོ་ཞིངཿ བླ་མའི་རྣལ་འབྱོར་གནད་དུ་བསྣུནཿ མོས་གུས་གསོལ་བཏབ་དབང་བཞི་བླངཿ བླ་མ་འོད་ཞུས་རང་ལ་ཐིམཿ རང་ལུས་མི་དམིགས་སྟོང་པར་སྦྱངསཿ སྐད་ཅིག་དྲན་རྫོགས་རང་ལུས་ནིཿ དཔའ་བོ་བཛྲ་ཧེ་རུ་ཀཿ དཀར་གསལ་ཞལ་གཅིག་ཕྱག་གཉིས་པཿ ཆགས་པའི་ཉམས་ལྡན་ཞི་མ་ཁྲོཿ རྡོར་དྲིལ་བསྣོལ་ཐབས་ཡུམ་དང་འཁྲིལཿ ཞབས་གཉིས་མཉམ་བསྒྲད་བཞེངས་སྟབས་ཀྱིསཿ པདྨ་ཉི་ཟླའི་གདན་ལ་འགྱིངཿ ཐོར་ཚུགས་ལྕང་ལོ་ལན་ཚར་ཅནཿ བདེ་བའི་ཡུམ་མཆོག་དྷཱ་ཀི་མཿ དམར་གསལ་ཞལ་གཅིག་ཆགས་པའི་ཉམསཿ ཕྱག་གཉིས་གྲི་ཐོད་ཡབ་མགུལ་འཁྱུདཿ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབསཿ ཞབས་ཟུང་ཡབ་ཀྱི་རྐེད་ནས་འཁྲིལཿ ཡབ་ཡུམ་རྒྱན་མེད་འཇའ་ཚོན་བཞིནཿ འོད་དང་འོད་ཟེར་འཕྲོ་བར་བསྒོམཿ ལུས་དབུས་དབུ་མ་མཐིང་གསལ་ལཿ སྦོམ་ཕྲ་གསང་མཚན་སྒྲེང་བ་ཙམཿ ཡར་སྣ་ཚངས་བུག་ཁ་ཟུམ་འཁྱིལཿ མར་སྣ་གསང་བའི་གནས་སུ་ཟུགཿ བདེ་ཆེན་འཁོར་ལོའི་རྩ་འཁོར་དཀརཿ ལོངས་སྤྱོད་འཁོར་ལོའི་རྩ་འཁོར་སེརཿ གྲངས་ནི་བརྒྱད་ཚན་རེ་རེ་སྟེཿ ཆོས་ཀྱི་འཁོར་ལོའི་རྩ་འཁོར་མཐིངཿ སྤྲུལ་པའི་འཁོར་ལོའི་རྩ་འཁོར་དམརཿ གྲངས་ནི་བརྒྱད་ཚན་གཉིས་རེའོཿ སྦུབས་སྟོང་རྩེ་སྤྲད་རེ་རེ་ལསཿ རྩ་ཕྲན་མཆེད་པས་ས་མ་ཡཿ བདེ་སྐྱོང་འཁོར་ལོ་ལྗང་གསལ་ཏེཿ རྩ་འཁོར་བདུན་གསུམ་གསང་རྩེར་འདུམཿ རོ་རྐྱང་གཡས་གཡོན་དཀར་དམར་གཉིསཿ མར་སྣ་དབུ་མ་ནས་གྱེས་པཿ སྣ་བུག་གཉིས་སུ་ཧར་རེ་ཟུགཿ ཉོན་མོངས་འབྱུང་ལྔ་བག་ཆགས་དངཿ ཤེས་སྒྲིབ་ནད་གདོན་དྲི་མའི་ཚོགསཿ རླུང་རོ་དགུ་འབུད་ཧ་སྤྲུག་གིསཿ སྦྱངས་ཤིང་སངས་སངས་དག་པར་བསམཿ དབུ་མའི་ཡར་སྣར་ཧཾ་ཡིག་དཀརཿ མར་སྣར་ཐིག་དམར་ཨ་ཐུང་གནསཿ རྩ་གསུམ་སངས་རྒྱས་ཀུན་འདུས་དཔལཿ བླ་མ་ཡབ་ཡུམ་ངོ་བོར་བསམཿ སྣོད་བཅུད་བཀྲག་མདངས་འབྱུང་ལྔའི་བཅུདཿ མཁའ་རླུང་མཐིང་ཀའི་རྣམ་པར་དྲངསཿ འགུགས་བསྐྱིལ་གནད་ལ་གོམས་བྱས་ནསཿ བདེ་སྐྱོང་སྒོ་གཉིས་ཅུང་ཟད་བསྟེནཿ མཁའ་འགྲོ་སྦར་བའི་ཡེ་ཤེས་ཟེརཿ བདེ་བའི་འཁོར་ལོ་བཟུང་ནས་ཏེཿ དབུ་མ་རྩ་འཁོར་རྩ་ཕྲན་བཅསཿ བདེ་ཆེན་འཁོར་ལོའི་བར་ཁྱབ་ཅིངཿ བཟོད་དུ་མེད་པའི་དྲོད་འབར་བཿ ཁྲོ་རྒྱལ་ཡེ་ཤེས་མེ་དང་མཚུངསཿ སྲིད་གསུམ་སྲེག་པའི་ནུས་ལྡན་དམིགསཿ དེ་ཚེ་བླ་མས་དགྱེས་པ་བསྐྱེདཿ སྟོང་ཉིད་ཞུ་བདེའི་ཉམས་རྒྱས་ཤིངཿ བྱང་སེམས་ཡེ་ཤེས་བདུད་རྩི་བབཿ བདེ་ཆེན་ནས་བཟུང་བདེ་སྐྱོང་བརཿ གཙོ་འཁོར་རྩ་འཁོར་རྩ་ཕྲན་ཀུནཿ དཀར་དམར་འདྲེས་པའི་ཐིག་ལེས་ཁྱབཿ བུདྡྷ་རཏྣ་བཛྲ་དངཿ པདྨ་ཀརྨའི་རིགས་བསྡུས་པའིཿ ལྷ་ཚོགས་མཆོད་ཅིང་སྒྲིབ་བཞི་དགཿ དབང་བཞི་རྫོགས་ཤིང་སྐུ་ལྔར་སྨིནཿ བདེ་དྲོད་རབ་འབར་ཆོས་ཉིད་ཉམསཿ སྟོང་ཉིད་དགའ་བཞི་ཡེ་ཤེས་ཀྱིསཿ ལྷན་སྐྱེས་འཕོ་མེད་བདེ་ཆེན་ཐོབཿ བྲབ་གཞིལ་རྩ་བཤད་ཕོ་བསྐོར་གཅུདཿ ཆུན་བཙལ་ཧ་སྤྲུག་ལྡོག་འགྲེན་དངཿ རིགས་ལྔའི་འཁྲུལ་འཁོར་གནད་ལ་བསླབཿ བདེ་དྲོད་འབར་ཞིང་གོས་མི་དགོསཿ འབྱུང་བ་ཟད་ཅིང་ཡེ་ཤེས་འགྲུབཿ འབྱུང་བཞི་ཟད་པའི་ཏིང་འཛིན་ནིཿ གང་བབ་རྩ་འཁོར་སྐྱེ་མེད་ཀྱིཿ ཡི་གེ་གསལ་གདབ་བུམ་ཆེན་བཟུང་ཿ ཡི་གེའི་འོད་ཀྱིས་སྣོད་བཅུད་སྦྱངཿ རང་ལུས་འོད་ཞུས་ཨཱཿདང་འདྲེསཿ རང་འོད་འབར་ཞིང་གསལ་འཚེར་བསྒོམཿ དེ་ལ་གོམས་ཤིང་འདྲིས་པའི་ཚེཿ འབྱུང་བ་ལྔ་ལ་རང་བྱན་ཆུབཿ བསྲེགས་སྦྱོང་གཏོར་གནོན་སྦྱོང་བ་སོགསཿ ལས་ལྔ་འགྲུབ་ཅིང་ཏིང་འཛིན་འཕེལཿ ཟག་པ་ཟད་པའི་གདམས་པའོཿ རྩ་མདུད་གྲོལ་བའི་གདམས་པ་ནིཿ སྤྱི་བོར་ཡི་གེ་ཧཾ་དང་གཞནཿ རིམ་བཞིན་བྷྲཱུྃ་ཧཱུྃཿརཾཿཨཾཿསྟེཿ རོ་རྐྱང་སྤང་བའི་དབུ་མའི་སྣེཿ དུས་མེ་རྡོ་རྗེ་རྩེ་ལྔ་དངཿ དུས་འཛིན་པདྨ་འདབ་བརྒྱད་ཀྱིཿ ཁ་སྦྱོར་གཙོ་བོ་རྩ་འཁོར་འཕྲོདཿ བུམ་ཆེན་བཟུང་ཞིང་བདེ་བ་སྐྱེདཿ གྲོགས་ཀྱི་རྩ་ལས་བྱུང་བ་ཡིསཿ འོད་ཟེར་ཡེ་ཤེས་མེ་ལྕེའི་ཟེརཿ བྱུང་ཞིང་གསང་བའི་རྩ་འཁོར་བརྒྱུདཿ སྐབས་སུ་བབ་པའི་ཡི་གེ་སྦརཿ གནས་ཀྱི་རྩ་འཁོར་ཁྱབ་པ་ཡིསཿ གཞོབ་ཐུལ་བསྲེགས་སྦྱངས་འོད་དུ་འཁྱིལཿ བླ་མ་ཡབ་ཡུམ་སྐུ་ཕྲ་མོསཿ རྩ་འཁོར་གང་ཞིང་བྲོ་གར་བསྒྱུརཿ སྟོང་ཉིད་བདེ་བའི་རོས་ཚིམས་ཤིངཿ སྦྱོར་མཚམས་འོད་ཀྱིས་བསྲེགས་སྦྱངས་ནསཿ སྟོང་ཉིད་ཡེ་ཤེས་ངང་དུ་བལྟཿ རླུང་ཉིད་ཕྱི་ནང་རེས་མོས་བཟུངཿ འཕེན་བསྐྱིལ་འགྲེན་པའི་གནད་ལ་བསླབཿ དེ་ཚེ་ཆོས་ཉིད་འར་འུར་གྱིསཿ འཁྲུལ་འཁོར་ཅི་དགར་ལོངས་སུ་སྤྱོདཿ ཐོད་རྒལ་རྒྱབ་ཆོས་དང་འདྲིས་ནཿ རྩ་མདུད་གྲོལ་བ་ང་ཡི་བཀའཿ དེ་ནས་རླུང་གི་ལས་ཕྲན་ནིཿ སྙིང་གར་འོད་ཀྱི་བྷནྡྷ་བསྒོམཿ དེ་སྟེང་བླ་མ་ཡབ་ཡུམ་མཐིངཿ ཤིན་ཏུ་ཁྲོས་པའི་ཆ་ལུགས་ཀྱིསཿ སྦྱོར་མཚམས་དྲག་པོའི་འོད་ཟེར་ནིཿ ཕྱོགས་བཅུར་འཕྲོས་པས་རྒྱལ་བའི་བྱིནཿ དཔའ་བོ་མཁའ་འགྲོའི་སྲོག་སྙིང་བཅུདཿ སྣོད་བཅུད་བཀྲག་མདངས་ཀུན་བསྡུས་ནསཿ ཟག་མེད་བདེ་ཆེན་རབ་སྦྱོར་བསཿ བྱང་སེམས་བདུད་རྩི་ལྔ་ལྡན་བབཿ བྷནྡྷ་ལྟེམ་གྱིས་གང་བར་དམིགསཿ འཆི་མེད་ཚེ་ཡི་རིག་འཛིན་དངཿ དཔའ་བོ་མཁའ་འགྲོ་སྟོང་སྲོག་དབངཿ ཆོས་ཉིད་དོན་རྟོགས་རྣལ་འབྱོར་པསཿ འོག་སྒོ་ཅུང་ཟད་བསྟེན་བྱས་ལཿ བར་རླུང་བུམ་པ་ཅན་དུ་བསྐྱིལཿ རྩོལ་བཅས་རླུང་གི་སྤྲོས་པ་ཞིགཿ ལྟ་བ་སྤྲོས་བྲལ་ནམ་མཁའི་ངངཿ སྒོམ་པ་བསྐྱེད་རིམ་ལྷར་ཤར་བཿ སྤྱོད་པ་དམིགས་པའི་ལྡེ་ཁ་བསྒྱུརཿ རྩོལ་མེད་ཨ་ཏི་ཡང་གསང་ལུགསཿ ལམ་འདི་འགྲུབ་པར་ཐེ་ཚོམ་མེདཿ ལམ་འདིར་གོམས་ཤིང་འདྲིས་པ་ཡིསཿ རྩ་རླུང་ཐིག་ལེ་ལས་སུ་རུངཿ ཟག་བཅས་འབྱུང་བ་ལྔ་པོ་ཟདཿ གཤང་ཆུའི་དྲི་མ་མི་འབྱུང་ཞིངཿ འདུ་བའི་ནད་དང་མི་བདེ་ཡལཿ འབྱུང་བ་ལྔ་ལ་དབང་བསྒྱུར་ཅིངཿ སྐུ་ལྔའི་ཞིང་དུ་གྲོལ་བའོཿ ༈ དེ་ནས་གནད་ཀྱི་གདམས་པ་ནིཿ ཐབས་ཀྱི་ལམ་མཆོག་ཟབ་མོ་སྟེཿ ཐོག་མར་བླ་མ་གསང་སྒྲུབ་དངཿ ཡི་དམ་ལྷ་ཡི་བསྙེན་སྒྲུབ་འབདཿ དངོས་གཞི་དཔའ་བོ་ཡབ་ཡུམ་བསྒོམཿ ཕོ་མོ་གང་ཡིན་རིགས་སྦྱར་བསཿ ཡབ་དང་ཡུམ་དུ་གསལ་གདབ་ལཿ ཡུམ་གྱི་དབུ་མའི་མར་སྣ་ལཿ ཟེའུ་འབྲུ་གྱེས་པའི་རྩ་འཁོར་ནིཿ གཙོ་བོ་ཉི་ཤུ་རྩ་གཅིག་ལཿ བདེ་བའི་རྩ་ཕྲན་ལྔ་བཅུ་གཉིསཿ དབུས་སུ་བདེ་བའི་ཞིང་གནས་ཏེཿ ཁ་ཁ་མུ་ཁའི་རྩ་གཞུག་གོཿ ཡབ་ཀྱི་རྡོ་རྗེ་ནོར་བུ་ཉིདཿ དབུ་མ་ཇེ་ཕྲར་རྩ་འཁོར་འདུསཿ གཙོ་བོ་ཉེར་གཅིག་རྩ་ཕྲན་འཁོརཿ སུམ་ཅུར་འདུས་པའི་ནོར་བུའི་དཔལཿ ཡུམ་གྱི་རྩ་འཁོར་ཞལ་སྦྱོར་ཞིངཿ བྱང་སེམས་འབབས་པའི་བདེ་བའི་རྩཿ འཕོ་བ་ཁ་ཁ་མུ་ཁར་སྦྱོརཿ ཡབ་ཡུམ་ལྷ་ཡི་དཀྱིལ་འཁོར་དངཿ མཁའ་གསང་རྡོར་པད་དཀྱིལ་འཁོར་དངཿ ཐུགས་ཉིད་ཆགས་ཆེན་དཀྱིལ་འཁོར་ཏེཿ དཀྱིལ་འཁོར་གསུམ་དང་མ་བྲལ་བརཿ ཆགས་སྦྱོར་ཉིད་ལ་སེམས་བཟུང་ཞིངཿ འཇམ་རླུང་བུམ་པ་ཅན་དང་སྦྲགསཿ ཐོག་མར་ལུས་སེམས་བདེ་ཆིལ་འགྲོཿ དགའ་བའི་ཡེ་ཤེས་ཞེས་བྱ་སྟེཿ དེ་ནས་འདོད་པ་ཆེར་གཡོ་ཞིངཿ བཟོད་དུ་མེད་པའི་ཉམས་བྱུང་ཚེཿ ཡིད་ཀྱིས་རིག་མར་བསྲུབ་སྦྱོར་དམིགསཿ རྐྱེན་གྱིས་བདེ་བ་ཆེར་གཡོས་ཤིངཿ ཐིག་ལེ་ནོར་བུའི་རྩེར་སླེབ་པཿ མཆོག་ཏུ་དགའ་བའི་ཡེ་ཤེས་སོཿ ད་ཚེ་དུང་ཁང་གཞལ་ཡས་སུཿ བླ་མ་ཡབ་ཡུམ་སྦྱོར་བ་ལཿ སེམས་བཟུང་རིག་པ་སྦྱོར་མཚམས་གཏདཿ འོག་རླུང་དྲག་འཐེན་ཧིག་གི་སྒྲསཿ རླུང་ཕྱིར་འཕང་ཞིང་ཅི་ཐུབ་བཟུངཿ ཐིག་ལེ་ཡར་ལྡོག་རིམ་བཞིན་དུཿ ཕྲ་རགས་རྩ་འཁོར་ཡོངས་གང་ཞིངཿ བླ་མའི་སྦྱོར་མཚམས་ནས་བརྒྱུད་དེཿ ཡབ་ཡུམ་སྐུ་ཡི་རྩ་འཁོར་མཆོདཿ བདེ་བ་ཆེན་པོའི་རོས་མཉེས་བསམཿ དེ་ཚེ་ལུས་སེམས་བདེ་བས་ཁྱབཿ ཆགས་པ་བྲལ་བའི་རིག་གདངས་ནིཿ དགའ་བྲལ་ཡེ་ཤེས་ཞེས་བྱའོཿ ཤིན་ཏུ་རྣལ་འབྱོར་རྩ་དྭངས་བརཿ ལྷན་སྐྱེས་ཡེ་ཤེས་ལམ་ཙམ་ཤརཿ དར་ཅིག་རིག་པ་མ་བཅོས་བཞགཿ དེ་ནས་ལྟེ་འོག་སེམས་བཟུང་ལཿ བྲབ་གཞིལ་ཧ་སྤྲུག་བརྡབ་ཆུང་དང་ཿ ཆུན་བཙལ་དྲག་པོ་ཐོག་འབེབ་བྱཿ གོམས་ནས་མཁའ་འགྲོ་སྡེ་ལྔ་ཡིཿ དལ་དབུས་དཔའ་བོར་སྐུ་མཉེས་བྱཿ དམིགས་པ་གོང་བཞིན་གསལ་བཏབ་ལཿ དགའ་དང་མཆོག་དགའི་ཡེ་ཤེས་བཟུངཿ རྩ་བར་དྲག་ཏུ་གཡོས་པའི་ཚེཿ བཟུང་ཞིང་ཡལ་ཚེ་འཕྲོ་འཐུད་དོཿ མི་ཐུབ་པ་ན་གོང་བཞིན་ལྡོགཿ སྐབས་རེར་ཞལ་རྒྱུན་བཞིན་དུ་ཕབཿ རླུང་གནད་ལྡན་པས་རྩེ་ནས་འདྲེནཿ མ་ནུས་དངོས་གྲུབ་ཚུལ་དུ་རོལཿ དུང་ཁང་བླ་མའི་སྦྱོར་མཚམས་ནསཿ ཡེ་ཤེས་བདུད་རྩིའི་རྒྱུན་བབ་པསཿ རྩ་གནས་ལྟེམ་གྱིས་གང་བར་མོསཿ ཆུན་བཙལ་ཧ་སྤྲུག་བརྡབ་ཆུང་བྱཿ ནོར་བུའི་རྩེ་རུ་དགའ་བྲལ་དངཿ ལྷན་སྐྱེས་ཡེ་ཤེས་འཆར་བའང་ཡོདཿ ལམ་འདིའི་གནད་ལ་གོམས་པ་ཡིསཿ ཁྲེགས་ཆོད་ལྟ་བའི་གདེངས་ཚུགས་ཤིངཿ གསང་བ་མཆོག་གི་ལམ་སྟེགས་འཆརཿ སྒྱུ་ལུས་འོད་གསལ་གནད་ལ་གོམསཿ འབྲས་བུའི་དེ་ཉིད་མཐོང་བའོཿ ༈ དེ་ནས་ཡང་གསང་བླ་མེད་ཀྱིཿ ལམ་གྱི་གཞུང་ཤིང་ཆེན་མོ་ནིཿ བདེ་ཆེན་སྦྱོང་བའི་ལམ་ཁྱེར་ཏེཿ དེ་ཡང་རྣལ་འབྱོར་ནུས་སྟོབས་ཀྱིསཿ ཕལ་པ་དང་ནི་མཆོག་ཏུ་བསྟེནཿ ཐོག་མར་གང་ཟག་དབང་འབྲིང་གིསཿ སྤྲོས་བཅས་ཚུལ་དུ་ཉམས་ལེན་པཿ བརྟགས་འགུགས་སྦྱང་བའི་གནད་གསུམ་སྟེཿ དང་པོ་བརྟགས་པའི་རིམ་པ་ནིཿ རབ་ནི་ཡེ་ཤེས་མཁའ་འགྲོའི་རིགསཿ དེ་ཡང་བུདྡྷའི་རིགས་མཆོག་སྟེཿ ལུས་བོང་འཚམ་ཞིང་རུས་ཤུགས་ཆུངཿ མིག་དཀྱུས་རིང་ཞིང་དཀར་ནག་ཕྱེཿ མིག་འབྲས་བཟང་ཞིང་སྨིན་མ་མཛེསཿ ཤངས་རིང་ཞལ་འཚམ་ཚེམས་མདོག་དཀརཿ སོ་ཚག་དམ་ཞིང་ལྗགས་སྲབ་ཕྲཿ སྙན་སྲབ་མཛེས་ཤིང་སྦུག་ཡང་བཿ ཐོད་འབུར་དབྲལ་བར་སྐུ་གསུམ་མཚནཿ ལྕང་ལོ་གནག་སྣུམ་འཇམ་པ་སྟེཿ མང་ཉུང་འཚམ་ཞིང་རྩེ་གྱེན་འཁྱིལཿ ཤ་འབོལ་ཉིང་ལག་ཚིགས་ཀུན་འཕྲཿ བྷ་ག་རྒྱས་ཤིང་ནུ་མ་འབུརཿ སེན་མོ་དཀར་ལ་ལྟེ་ཁུང་དོགསཿ སྔོན་ནས་དགྱེ་དང་རྒྱབ་ནས་འགུགསཿ སྐད་སྙན་ཚིག་བཙན་ངང་རིང་བཿ སྤྱོད་ལམ་དལ་ཞིང་གཏོང་ཕོད་ཆེཿ དད་དང་སྙིང་རྗེ་བརྩོན་འགྲུས་ལྡནཿ གཞུང་བཟང་ཁོག་ཡངས་དམ་གཙང་བཿ ཁྲེལ་དང་ངོ་ཚ་ཆགས་པ་ཆེཿ ཆོས་ལ་མོས་ཤིང་སྡིག་ལ་འཛེམཿ བླ་མ་མཆོག་དང་གྲོགས་ལ་གུསཿ ཁྱད་པར་གསང་སྔགས་སྤྱོད་ལ་མོསཿ གསང་དང་ལུས་ཐུབ་ཟས་ལ་དགའཿ ཡེ་ཤེས་མཁའ་འགྲོ་སྤྱིའི་རྟགས་ཏེཿ བུདྡྷ་དཀར་ལ་དམར་མདངས་ཆགསཿ ཅུང་ཟད་སྔོ་སངས་འོད་འཕྲོ་བཿ ཡང་ན་མཐིང་ཞིང་སྣུམ་བག་ལྡནཿ སྐུ་གསུང་ཐུགས་གསང་སྨེ་བས་བརྒྱནཿ མཆན་ཁུང་གཡས་ན་ཤ་མཚན་གསལཿ ནང་རྟགས་རྨི་ལམ་ཞིང་ཁམས་མཐོངཿ མཆོག་ལ་རྩལ་སྣང་སྣ་ཚོགས་འཆརཿ གསང་རྟགས་བྷ་གར་ཟེའུ་འབྲུ་རྒྱསཿ བདེ་དྲོད་མེ་ལྟར་འབར་བའོཿ བཛྲ་དཀར་མདངས་ཅུང་ཟད་ཆེཿ ཤིན་ཏུ་མཛེས་ཤིང་ཡིད་དུ་འོངཿ སྨིན་མ་ཅུང་ཟད་ཕྲ་བ་སྟེཿ ཐུགས་སྨེ་སོག་ཕྲག་རི་མོས་མཚནཿ ནང་རྟགས་གཉིད་ཡང་རྨི་ལམ་གསལཿ གླུ་དང་རྩེ་འཇོ་ལྟ་ལ་དགའཿ བྷ་ག་རྒྱས་ཤིང་ནུ་ཕྲའོཿ རཏྣ་དཀར་ལ་གསེར་འོད་ཆགསཿ ཤ་རྒྱས་ལུས་བོང་ཅུང་ཟད་ཆེཿ མགྲིན་པར་སྨེ་བ་བཞི་ཚོམ་དངཿ རྒྱང་མིག་གསལ་ཞིང་ལོངས་སྤྱོད་ཆེཿ ནང་རྟགས་སྙིང་སྟོབས་ཤུགས་ཆེ་ཞིངཿ ཅུང་ཟད་གཏུམ་ཞིང་སྨྲ་བ་ཉུངཿ གསང་རྟགས་བྷ་གའི་ཟེའུ་འབྲུ་ཆེཿ སྐད་འབྱིན་ཆགས་པའི་ཤུགས་དྲག་གོཿ པདྨ་ལུས་བོང་ཆུང་བ་སྟེཿ ཁ་མཛེས་དམར་མདངས་ཅུང་ཟད་ཆགསཿ ལྟེ་བར་ཤ་མཚན་སྨེ་བས་བརྒྱནཿ ནང་རྟགས་སྐད་ཕྲ་འགྱུར་ཁུགས་ལྡནཿ གཉིད་ཆེ་རྨི་ལམ་རྩབ་རྩུབ་མངཿ མེ་ཏོག་རྒྱན་ལ་དགའ་བ་སྟེཿ གསང་རྟགས་བྷ་ག་ཆུང་ཞིང་སྲབཿ རྩ་ཕྲ་བདེ་བས་ཡུན་རིང་ངོཿ ཀརྨ་མཉེན་ལྕུག་འཁྲིལ་ལྡེམ་ཞིངཿ མདོག་སྨུག་སྣུམ་བག་ཆགས་པ་སྟེཿ གསང་གནས་སྨེ་བ་ཤ་མཚན་བརྒྱནཿ ལས་དང་ཤ་ཆང་དག་ལ་རྔམཿ ནང་རྟགས་གཉིད་འཐུག་རྨི་ལམ་ཉུངཿ ཆོས་ལ་མོས་ཤིང་གསོག་འཇོག་མཁསཿ གསང་རྟགས་དྲི་ཆུ་དྲི་ངད་མེདཿ འདུ་བ་རྣམ་བཞི་ཅུང་ཟད་ལྡངཿ ཟུར་ཙམ་སྨྲ་བ་མང་བའོཿ ཡོན་ཏན་ཀུན་དང་ལྡན་གྱུར་ནཿ ཡེ་ཤེས་མཁའ་འགྲོ་འཁྲུལ་མེད་དོཿ དེ་ཡང་བུདྡྷའི་རིགས་མཆོག་སྟེཿ ཕྱི་རྟགས་སྒོ་ལྔ་མཛེས་པར་ལྡནཿ ནང་དང་གསང་བའི་རྟགས་ཚང་ཞིངཿ ཤིན་ཏུ་བག་དང་ལྡན་པ་སྟེཿ སྨན་གྱི་དྲི་བསུང་མཆོག་དང་ལྡནཿ ངོ་ཚ་ཁྲེལ་ཆེ་ཕྱི་ཐག་རིངཿ རྟག་ཏུ་འགྲོ་ལ་ཕན་སེམས་ལྡནཿ འཕྲད་པ་ཙམ་གྱིས་དངོས་གྲུབ་ཐོབཿ སྦྱོར་སྒྲོལ་ཉམས་ལེན་རྣལ་འབྱོར་བསཿ སྲོག་དང་བསྔོས་ནས་འགུགས་པའོཿ འབྲིང་ནི་རིགས་བཞིའི་མཁའ་འགྲོ་སྟེཿ བཛྲ་རཏྣ་རིགས་གཅིག་སྟེཿ པདྨ་འདྲ་མིན་ནོར་འཁྲུལ་མངཿ ཀརྨ་རིགས་གསུམ་ཆོས་ནོར་ཟསཿ མཆོག་ལས་ཕལ་བ་སྤང་པར་བྱེདཿ དེ་དག་ལྷ་མོར་ངེས་པ་སྟེཿ ཡང་ན་ཀླུ་ཡི་རིགས་གཏོགས་པཿ མདོག་ནི་དཀར་སྔོ་སྨུག་གང་རུངཿ ལུས་པོ་ཕྲ་ཞིང་ཤ་རྒྱས་ལཿ མགོ་བོ་ཆུང་ཞིང་ཐོད་པ་ཧྲིལཿ མིག་མཛེས་ཤངས་རྣོ་ཁ་ཆུང་ཞིངཿ སྐྲ་ནི་ཅུང་ཟད་སྔོ་ལྗང་འདྲཿ རྐེ་མཇིང་རི་མོ་གསུམ་གྱིས་མཚནཿ ལུས་ཧྲིལ་རྐང་པ་ཕྲ་ཞིང་ཆུངཿ ག་བུར་དྲི་འཐུལ་དཀར་ལ་དགའཿ དྲི་ངན་ཟས་ལ་ལོངས་མི་སྤྱོདཿ དེ་ཡང་འབྲིང་དུ་ཤེས་པར་བྱཿ ཐ་མ་ཡང་ནི་རིགས་ངན་མོཿ མི་ལས་མཆོག་ཏུ་གྱུར་པ་སྟེཿ དཀར་ལ་དམར་བའི་མདངས་ཆགས་སམཿ སྨུག་མདངས་ཅུང་ཟད་ཆགས་ཀྱང་རུངཿ མིག་ནི་རི་དྭགས་བཞིན་དུ་མཛེསཿ སྣ་ནི་དྲང་ཞིང་སྲབ་པ་དངཿ ཁ་མཛེས་སོ་ཚགས་ཤིན་ཏུ་དམཿ རུས་ཚིགས་ཕྲ་ཞིང་ཤ་ཚག་དམཿ ཉིང་ལག་ཕྲ་ཞིང་ཆུང་བ་དངཿ བྷ་ག་རྒྱས་ཤིང་དྲོད་དང་ལྡནཿ ནུ་མ་འབུར་ཞིང་རྐེད་པ་ལྡེམཿ ཁ་སྣ་མིག་ལ་སྨེ་བ་མེདཿ སྐད་སྙན་དྲི་ཞིམ་ཟུར་མིག་ཆགསཿ གསང་ཐུབ་གཞུང་བཟང་ལུས་བཙུན་པཿ ནང་རྟགས་མཁའ་འགྲོ་ལྟ་བུ་སྟེཿ རྣལ་འབྱོར་ལྡན་པའི་གྲོགས་སུ་འོསཿ ཤིན་ཏུ་གསང་བའི་རྟགས་མཚན་ནིཿ བུདྡྷར་བདུད་རྩི་དཀར་པོ་འབྱུངཿ སྤོས་ཀྱི་དྲི་བཟང་ངད་དང་ལྡནཿ རྡོ་རྗེ་དམར་སྐྱ་རིན་དམར་སེརཿ པདྨར་མཚལ་འདྲ་དཀར་སྨུག་ཆགསཿ མེ་ཏོག་སྨན་གྱི་དྲི་བསུང་འཐུལཿ མང་ཉུང་རན་ཞིང་དུས་བཟང་འབབཿ ཀླུ་མོ་སྔོ་ཞིང་འོད་ངད་འབབཿ རྟག་ཏུ་མར་ངོ་དག་ཏུའོཿ མི་མོར་ལི་ཁྲི་དྲི་ངད་བྲལཿ རྟག་ཏུ་ཡར་ངོའི་དུས་སུའོཿ ནད་དང་གྲིབ་ཀྱིས་གདུང་བའི་ཚེཿ མདོག་དྲི་དུས་ལ་ངེས་པ་མེདཿ དེ་ལྟར་ལེགས་པར་བརྟགས་བྱས་ལཿ ལྷ་མོ་ཀླུ་མོ་རིགས་ངན་མོཿ རྣལ་འབྱོར་བ་ཡི་གྲོགས་སུ་འོསཿ དེ་ཡང་རིགས་ཆད་སྤང་བྱ་ནིཿ སྔོ་སངས་ཅུང་ཟད་ཐལ་བའི་མདོགཿ སྒོ་ལྔ་ཆེ་ཞིང་ཤ་ཚགས་ལྷོདཿ ལྷུ་ཚིགས་ཆེ་ཞིང་ལུས་གཞན་ཕྲཿ བྷ་ག་དམ་ཞིང་དྲོད་ཆུང་བཿ ངོ་ཚ་ཁྲེལ་ཆུང་ཆགས་པ་ཆེཿ སེར་སྣ་ཁོང་ཁྲོ་ལེ་ལོ་ཆེཿ ངག་འཇམ་གཡོ་སྒྱུ་སྡིག་སེམས་ལྡནཿ ལོག་ལྟ་ཆེ་ཞིང་ཕྱི་ཐག་ཐུངཿ དམ་གསང་དངོས་གྲུབ་མི་ཐུབ་པཿ དཔྲལ་བར་རྩེ་གསུམ་ཐུར་དུ་ཟུགཿ རིས་མོ་ཅན་ཞེས་བུདྡྷའི་བདུདཿ དཀར་སྐྱ་གཟུགས་མཛེས་མིག་ཕོར་ཆེཿ སོ་དང་ལྕེ་ཆེ་ལུས་བོང་ཆུངཿ སྐད་ལྡིར་འཛེར་ཞིང་སྨྲ་བ་མངཿ དུང་ཅན་ཀུན་དྷ་འཕྲོག་མའོཿ མདོག་སེར་ཤ་སྲབ་རུས་ཆེ་ཞིངཿ རྐེད་ཕྲ་ཉིང་ལག་ཆེ་ཞིང་སྦོམཿ སྒོ་ལྔ་ཡ་མ་ཟུང་དུ་སྟོནཿ སེར་མོ་རྐང་ཐུང་གླང་སྣ་ཅནཿ དམར་ཞིང་བཀྲག་མདངས་འོད་དུ་འབརཿ ཤིན་ཏུ་མཛེས་ཤིང་ཆགས་པ་འཕེལཿ ལུས་བོང་སྣ་ཚོགས་བྷ་ག་ཆུངཿ འཇིབ་ཤེས་རྩ་མྱུར་སྤྱོད་ལམ་འཚུབསཿ སྐད་སྙན་བསླུ་མཁས་ཡིད་འཕྲོག་མཿ དམར་མོ་ཚེ་ལེན་ཤ་ཟ་མོཿ མདོག་ནག་ཁ་ཆེ་མིག་འབུར་ལཿ ཡན་ལག་རིང་ཞིང་ཉིང་ལག་ཐུངཿ ནུ་མ་ཆེ་ཞིང་སྣ་བུག་ཧརཿ སྐྲ་རྩུབ་འདོད་པ་ཆེ་བ་སྟེཿ བདུད་མོ་སྲོག་འཕྲོག་ཀུན་རྒྱུ་མཿ ཐལ་མདོག་ལུས་ཕྲ་མཆུ་གདོང་ཟོརཿ མིག་ཆུང་ཐོད་འབུར་སྐྲ་སེར་ཞིངཿ ཤ་ལྷོད་པགས་འཐུག་རྐང་པ་ཆེཿ འདྲེ་མོ་ཕུང་བྱེད་ལས་ངན་མོཿ ལུས་མཛེས་དམར་ནག་མིག་མི་མཛེསཿ རྣ་བ་ཆེ་ཞིང་གདོང་པ་ཉགཿ སོ་འཐོར་སེན་དམར་རུས་ཚིགས་འབུརཿ སྲིན་མོ་འཁོར་བའི་དཔྱང་ཐག་མཿ དེ་སོགས་རིགས་ཆད་ཤིན་ཏུ་མངཿ དད་མེད་ཆོས་གནག་ཆགས་སྡང་འཕེལཿ ལུས་ལ་དྲི་ངན་ངད་པ་འཐུལཿ ཟླ་མཚན་མང་ཞིང་བྲོ་ངད་རྩུབཿ དུས་མིན་འབབ་ཅིང་རང་དབང་ཆེཿ མི་དགེར་རྩིས་སུ་བྱེད་པ་སྟེཿ འཕྲད་པ་ཙམ་གྱིས་དངོས་གྲུབ་འཕྲོགཿ རྣལ་འབྱོར་བ་ཡིས་རྟག་ཏུ་སྤངཿ ས་ལམ་ཡོན་ཏན་འགྲིབ་པ་དངཿ ཡེ་ཤེས་མཁའ་འགྲོ་གཡེལ་བའི་རྒྱུཿ བླ་མའི་བྱིན་རླབས་རྒྱང་རིང་ཞིངཿ དམ་ཚིག་ཉམས་པས་དམྱལ་བར་ལྷུངཿ དེ་བས་ཁེ་ཉེན་ཆེ་ཞེས་པཿ སྨན་དང་བཙན་དུག་ནོར་བ་བཞིནཿ རིགས་བཟང་རིགས་ཆད་འཁྲུལ་བའོཿ དེད་དཔོན་མཆོག་གི་ནོར་བུ་བཞིནཿ ལེགས་པར་བརྟགས་པ་གལ་ཆེའོཿ དེ་ཡང་བླ་མ་མཁའ་འགྲོ་ལཿ ཚོགས་ཀྱི་འཁོར་ལོས་མཉེས་བྱ་ཞིངཿ ཆོས་སྐྱོང་གཏེར་བདག་གཏོར་མས་བརྔནཿ བདེན་ཚིག་བརྗོད་ཅིང་རྟེན་འབྲེལ་བརྟགསཿ བླ་མ་མཁའ་འགྲོས་ལུང་སྟོན་པཿ རབ་འབྲིང་ཐ་མའི་བློ་བཞིན་དུཿ དངོས་ཉམས་རྨི་ལམ་ཚུལ་དུ་འབྱུངཿ དེ་ཚེ་འགུགས་པའི་རིམ་པ་ནིཿ རང་ཉིད་ཧེ་རུ་ཀ་དཔལ་ལཿ དམིགས་ཡུལ་རྣལ་འབྱོར་མར་བསྒོམ་ཞིངཿ ༈ ཨོཾ་ཨཱཿཧཱུྃཿ ༈ གུ་རུ་དྷེ་ཝ་ཌཱཀྐི་ནི་བཾ་ཧ་རི་ནི་ས་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་དང་ན་ག་ན་རི་གཉིསཿ སྐབས་དང་སྦྱར་ཏེ་བཟླ་བར་བྱཿ རང་གི་ཐུགས་ཀའི་འོད་ཟེར་ནིཿ ལྕགས་ཀྱུ་ལྟ་བུ་འཕྲོས་པ་ཡིསཿ ནོར་བུའི་ལམ་བརྒྱུད་རྣལ་འབྱོར་མའིཿ པདྨའི་ལམ་བརྒྱུད་སྙིང་ཁར་ཕོགཿ རིགས་མཐུན་སྲོག་ཡིག་ནས་དྲངས་པསཿ རང་དབང་མེད་པར་འདར་ཞིང་འཕརཿ དགའ་ཞིང་གུས་འདུད་ཆགས་པས་མྱོསཿ བཀུག་ཅིང་རང་དང་གཉིས་མེད་ཅིངཿ ཆོས་ཉིད་བསྲེས་པས་འགུགས་པར་ངེསཿ ལོག་པའི་རིགས་ཆད་སྐྱོན་ལྡན་པཿ རྒྱང་བསྲིངས་མི་འདོད་ཁམས་འཁྲུགས་སྤངཿ ཏིང་འཛིན་གསལ་ཞིང་ལུས་སེམས་བདེཿ རིགས་བཟང་མྱུར་དུ་འགུགས་པའོཿ དཔའ་བོ་འགུགས་པའང་དེ་བཞིན་ཏེཿ སྔགས་ནི་ཧ་རི་ནི་སའི་མལཿ ར་ཙ་ཧྲི་ཡ་ནྲྀ་འཇུག་གོཿ དཔའ་བོ་བརྟག་པའི་རིམ་པ་ནིཿ ལུས་བཟང་ཆེ་ཆུང་སྐྱོན་སྤང་ཞིངཿ སྒོ་ལྔ་སྐྱོན་བྲལ་ཤིན་ཏུ་མཛེསཿ ཤ་དམ་པགས་འཇམ་སྐྲ་བཟང་ཞིངཿ རིགས་ལྔའི་མདོག་ལྡན་དྲི་ཞིམ་པཿ དྲོད་ཆེ་བཛྲ་སྲ་མཁྲེགས་ཧྲིལཿ ཆེ་ཆུང་སྐྱོན་སྤང་དཔལ་སྦུབས་ཡངསཿ དད་བརྩོན་སྙིང་རྗེ་ཤེས་རབ་ལྡནཿ ཞི་དུལ་ངོ་ཚ་ཁྲེལ་དམ་ལྡནཿ གཏོང་ཕོད་ཆེ་ཞིང་ཆོས་ལ་དདཿ འཁོར་བར་ཞེན་ཆུང་བླ་མར་གུསཿ གསང་སྔགས་སྤྱོད་ཅིང་གསང་ཐུབ་པཿ གྲོགས་ཀྱི་མཆོག་སྟེ་དཔའ་མོ་ཡིསཿ འབད་རྩོལ་སྲོག་དང་བསྡོ་སྟེ་བཙལཿ ཐེ་ཚོམ་མེད་པ་བླང་བར་བྱཿ བཀུར་སྟི་རིམ་གྲོ་གཅེས་སྤྲས་ཀྱིསཿ རིན་ཆེན་སྲོག་ལྟར་གྲོགས་བསྟེན་པཿ དཔའ་བོ་དཔའ་མོའི་ཁྱད་ཆོས་སོཿ དེ་དང་འགལ་བའི་རིགས་ངན་དངཿ མཛེ་བོ་དམེ་ཤ་དམ་ཉམས་པཿ དབང་པོར་སྐྱོན་ཞུགས་ལུས་ཉམས་པཿ བཛྲ་སྐྱོན་ལྡན་ལུས་ལྷག་ཅནཿ དེ་སོགས་ལོག་པའི་རིགས་གྱུར་སྤངཿ སྤྱངས་ཤིང་ལས་རུང་བསྒྲུབ་པ་ནིཿ ཐོག་མར་ཁྲུས་དང་གཙང་སྦྲར་འཛུདཿ འཁོར་བར་བློ་ལྡོག་ཐབས་ཀྱིས་བྲིདཿ གསང་སྔགས་ཆོས་ལ་ཡིད་ཆེས་བསྐྱེདཿ དཀྱིལ་འཁོར་ཕྱི་ཡི་དབང་བཞི་བསྐུརཿ སྡོམ་པ་འབོག་ཅིང་དམ་ཚིག་བསྒྲགསཿ ཡང་གསང་མཆོག་གི་ལམ་འདིར་གཞུགཿ སྦྱོར་སྒྲོལ་ཐེ་ཚོམ་བྲལ་བ་ཡིཿ སྔགས་ཀྱི་སྣོད་དུ་རུང་བར་བྱཿ ཁྲེགས་ཆོད་སྒྱུ་ལུས་རྨི་ལམ་དངཿ རྩ་རླུང་ཐིག་ལེའི་གནད་སྦྱངས་ནསཿ བརྟུལ་ཞུགས་མཆོག་གི་ལམ་འདིར་སྤྱོདཿ ཤིན་ཏུ་རྣལ་འབྱོར་ཧེ་རུ་ཀའིཿ ལྷ་མོ་ཀླུ་མོ་རིགས་ངན་མོཿ སྐྱོན་གྱིས་མ་གོས་གང་ཡང་རུངཿ བུང་བས་མེ་ཏོག་བཅུད་བཞིན་རོལཿ ཡང་གསང་ལམ་འདིར་ཞུགས་པ་ཡིཿ རབ་འབྲིང་ཐ་མའི་བློ་ཅན་དངཿ རྣལ་འབྱོར་དབང་ཕྱུག་མཆོག་ཡིན་ཡངཿ ལོག་པའི་རིགས་ཆད་དུག་ལྟར་སྤོངཿ མཁའ་འགྲོ་དངོས་སུ་སྣ་ཚོགས་གཟུགསཿ བྱིན་གྱིས་བརླབས་ཕྱིར་འབྱུང་བ་འོངཿ བསྒྲེས་དང་ནད་གདུང་མི་སྡུག་གཟུགསཿ སྟོན་ཚེ་བླ་མར་གསོལ་བཏབ་ཅིངཿ ཡེ་ཤེས་མཁའ་འགྲོ་མངོན་སུམ་གསལཿ དབང་བཞྀ་བླང་ཞིང་ཐུགས་ཡིད་བསྲེཿ དེ་ཚེ་རྟགས་མཚན་གསལ་བར་མཐོངཿ ཐེ་ཚོམ་མེད་པར་བརྟུལ་ཞུགས་བསྐྱེདཿ ༈ འགུགས་སྦྱངས་གཉིས་པོ་རྣལ་འབྱོར་ཉམས་དང་བསྟུནཿ ༈ དེ་ནས་དངོས་གཞིའི་ཉམས་ལེན་རིམ་པ་ནིཿ སྤྲོས་བཅས་གསལ་བ་རྣམ་གསུམ་རྟོགས་སྡོམ་སྟེཿ རང་དང་རིག་མ་ཧེ་རུ་ཀ་ཡབ་ཡུམཿ སྣང་སྟོང་མེ་ལོང་གཟུགས་བརྙན་བཞིན་དུ་གསལཿ ནོར་བུ་རྡོ་རྗེ་བྷ་ག་པདྨ་སྟེཿ སྟོང་ཉིད་ཆགས་པ་ཆེན་པོའི་རང་མདངས་རྩལཿ བདེ་ཆེན་ཡེ་ཤེས་རྟོགས་པར་སེམས་བསྐྱེད་ཅིངཿ ཐེ་ཚོམས་བར་ཆད་ཕྱི་ཡི་སྐྱོན་བསལ་ནསཿ དབེན་ཞིང་བག་ཕེབས་ཉམས་དགའི་མལ་དག་ཏུཿ སྣ་ཚོགས་ཐབས་ཀྱིས་ཡབ་ཡུམ་ཆགས་པ་སློངཿ རབ་ཏུ་མི་བཟོད་རྒྱས་པའི་རྟགས་མཐོང་ཚེཿ ཡབ་ཀྱི་རྡོ་རྗེ་བྷ་གར་དལ་བུས་གཞུགཿ རུས་སྦལ་བཞིན་དུ་ཤིན་ཏུ་དལ་བར་བསྐྱོདཿ དབང་པོའི་སྒོ་སྤྲད་ལག་པ་དམ་དུ་འཁྱུདཿ ཆགས་པས་ཤུགས་དྲག་ལུས་སེམས་བདེ་ཆིལ་འགྲོཿ ཉོན་མོངས་རྣམ་པར་རྟོག་པ་རགས་པ་འགགསཿ གསང་སྔགས་དགའ་བའི་ཡེ་ཤེས་ཞེས་བྱ་སྟེཿ ལུས་ཀྱི་སྒྲིབ་པ་སྐུ་ཡི་ཉམས་ཆག་དགཿ རྩ་སྦྱང་བུམ་པ་སྐུ་ཡི་དབང་མཆོག་རྫོགསཿ རྣམ་སྨིན་རིག་འཛིན་སྤྲུལ་པ་སྐུ་རུ་སྨིནཿ བསྲུབ་སྦྱོར་ཆགས་པ་ཆེར་བསྐྱེད་ཐིག་ལེ་གཡོཿ བདེ་བ་རབ་རྒྱས་ལུས་སེམས་ཀུན་ཁྱབ་ཅིངཿ ཉོན་མོངས་རྣམ་རྟོག་ཕྲ་བ་དང་བཅས་འགགསཿ བདེ་བ་ཉིད་ཀྱི་ངང་ལས་མ་གཡོས་པཿ མཆོག་ཏུ་དགའ་བའི་ཡེ་ཤེས་ཞེས་བྱ་སྟེཿ ངག་རླུང་སྒྲིབ་པ་གསུང་གི་དམ་ཉམས་དགཿ གསུང་མཆོག་གསང་བའི་དབང་བསྐུར་ཟབ་མོ་རྫོགསཿ ཚེ་དབང་རིག་འཛིན་ལོངས་སྤྱོད་རྫོགས་སྐུར་སྨིནཿ ཆགས་ཆེན་ཤུགས་དྲག་སྦྱོར་བའི་སྒྱུ་རྩལ་གྱིསཿ བྱང་སེམས་བདེ་སྐྱོང་འཁོར་ལོར་གཡོས་པ་ཡིསཿ བཟོད་བླག་མེད་པའི་བདེ་ཆེན་རབ་འབར་ཞིངཿ དེ་ཡི་ངང་ལས་ཅི་ཡང་མི་དམིགས་པརཿ ཁྱད་པར་དགའ་བའི་ཡེ་ཤེས་ངོ་འཕྲོད་པའིཿ ཡིད་ཐིག་སྒྲིབ་པ་ཐུགས་ཀྱི་ཉམས་ཆག་དགཿ ཐིག་ལེ་ཡོངས་སྨིན་ཐུགས་མཆོག་ཤེར་དབང་རྫོགསཿ ཕྱག་རྒྱའི་རིག་འཛིན་ཆོས་ཀྱི་སྐུ་རུ་སྨིནཿ དེ་ལས་བདེ་བ་ཡོངས་སུ་རྫོགས་པ་ཡིསཿ འགྲེན་ལྡོག་གཉིས་པོ་རྣལ་འབྱོར་ཉམས་དང་སྦྱརཿ ཆགས་བདེའི་ཤུགས་ཀྱིས་ཅི་ཡང་མི་དམིགས་པའིཿ སྒོ་ལྔ་མ་འགགས་ཡུལ་ལྔ་གསལ་བ་སྟེཿ ཡུལ་ལ་མ་བཟུང་རྟོག་ཅིང་དཔྱོད་པ་བྲལཿ ཉོན་མོངས་ཡུལ་མེད་ཤེས་བྱའི་བློ་ཡལ་ཞིངཿ མཐའ་བཞིར་མ་ལྷུང་སྤྲོས་པ་ཀུན་དང་བྲལཿ འཐིབ་པ་མ་ཡིན་བག་ཆགས་རྩ་བ་བྲལཿ ཧད་དེ་ལུས་ཤིང་མི་བསྒོམ་མི་དམིགས་པཿ ཀ་དག་རིག་པ་སྨྲ་བསམ་བརྗོད་ལས་འདསཿ དེ་ཡི་ཤུགས་ལས་བདེ་བའི་རྩལ་ཤར་བཿ ལྷུན་གྲུབ་རོལ་རྩལ་བདེ་ཆེན་ལོངས་སྤྱོད་རྫོགསཿ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུའི་འཆར་གཞི་སྟེཿ སྟོང་ཉིད་བདེ་བའི་སྙིང་པོ་ཅན་ཞེས་བྱཿ དགའ་བྲལ་བདེ་ཆེན་ལྷན་ཅིག་སྐྱེས་པ་ཡིཿ དེས་ཡི་ཡེ་ཤེས་ཆེན་པོ་ངོ་འཕྲོད་ཚེཿ འབྲས་བུའི་གྲོལ་ས་གཞི་ཐོག་ཀུན་བཟང་མཇལཿ ཀུན་གཞིའི་བག་ཆགས་ཤེས་སྒྲིབ་ཕྲ་རགས་དགཿ དོན་དམ་རིག་པའི་འབྲས་བུ་དབང་མཆོག་རྫོགསཿ ལྷུན་གྲུབ་རིག་འཛིན་ངོ་བོ་ཉིད་སྐུར་སྨིནཿ འབྲས་བུའི་ཐུས་ཀ་ཆེན་པོ་ཨེ་མ་ཧོཿ ལྡོག་པར་འདོད་ན་དལ་བུས་བསྲུབ་ངལ་གསོཿ རིག་པ་སྤྱི་བོར་གཏད་ཅིང་རླུང་གནད་གཅུནཿ འདྲེན་དགྲམ་རང་ལུས་ཐབས་ལྡན་སྐབས་ལྟར་བྱཿ སྟོང་ཉིད་ལྡན་ཞིང་མཁའ་འགྲོའི་རྩལ་ལྡན་ནཿ ཡེ་ཤེས་རྫོགས་ཚེ་ཤུགས་ཀྱིས་ལྡོག་པའང་ཡོདཿ དེ་ཚེ་ཆོས་ཉིད་ངང་ལ་དར་ཅིག་བཞགཿ སྤྲོས་མེད་རྣལ་འབྱོར་འདྲེན་དགྲམ་འཛིན་པ་བྲལཿ ཆགས་པ་ཆེན་པོ་ཅི་དགར་ལོངས་སུ་སྤྱོདཿ དགའ་བཞིའི་རྩལ་རྫོགས་ཡེ་ཤེས་ཆེན་པོར་བལྟཿ འཁྲུལ་བའི་སྣང་བ་རྨི་ལམ་སད་པ་བཞིནཿ གང་ལའང་མི་ཞེན་རྨི་ལམ་སྒྱུ་མ་བཞིནཿ འཛིན་པའི་རྣམ་རྟོག་ཆུ་ཡི་རི་མོ་འདྲཿ སྟོང་ཉིད་བདེ་ཆེན་སྙིང་རྗེའི་རོལ་རྩལ་དངཿ ལྟ་བ་ཡེ་གྲོལ་སྒོམ་པ་བློ་དང་བྲལཿ སྤྱོད་པ་ཡེ་ཟད་བདེ་ཆེན་འདུ་འབྲལ་མེདཿ ཆགས་ཟད་ཆོས་ཟད་བློ་འདས་ཆེན་པོའོཿ སྤྲོས་བཅས་སྐབས་སུ་ཡུམ་མཁར་ཞིང་ཁམས་དབུསཿ བླ་མ་རྩ་གསུམ་ལྷ་ཚོགས་གསལ་གདབ་ཅིངཿ བདེ་བ་ཆེན་པོ་ཚོགས་ཀྱི་འཁོར་ལོ་ནིཿ བྱང་སེམས་ཤ་ལྔ་བདུད་རྩིའི་མཆོད་སྤྲིན་ཚོགསཿ སྤྲུལ་ནས་འབུལ་བ་གསང་བའི་ཚོགས་འཁོར་དངཿ བྱིན་ཟ་འབར་ཀློང་རྩ་གསུམ་གསལ་གདབ་ཅིངཿ བྱང་སེམས་བདུད་རྩིའི་སྲེག་བླུག་འབུལ་བ་ནིཿ རིགས་མཐུན་མཆོད་ཅིང་འོད་ཟེར་སྤྲོ་བསྡུ་སོགསཿ ལས་མཐུན་དམིགས་པས་བསྒྱུར་ཅིང་སྟོང་ཉིད་ལྟཿ ལས་བཞི་མཆོག་འགྲུབ་གསང་བའི་སྦྱིན་སྲེག་སྟེཿ ཚོགས་འཁོར་སྦྱིན་སྲེག་བྱེ་བས་དོ་ཟླ་མིནཿ བསྐལ་མང་ཚོགས་གཉིས་སྐད་ཅིག་གིས་འདུམ་པཿ ཡང་གསང་བླ་ན་མེད་པའི་ཁྱད་ཆོས་ལགསཿ དངོས་པོ་གང་ཡོད་ཚོགས་དང་སྦྱིན་སྲེག་འབུལཿ ཆོས་སྐྱོང་གཏེར་བདག་གཏོར་མས་ཚིམ་པར་བྱཿ སྙིང་རྗེའི་མགྲོན་ལ་ཕུང་པོའི་མཆོད་སྦྱིན་དངཿ གཏོར་མ་གསུར་དང་ཟས་བསྔོས་རྟག་ཏུ་བསྐྱངཿ མཁའ་འགྲོ་མཉེས་པའི་ལོངས་སྤྱོད་ཆར་ལྟར་འབེབསཿ འདོད་ལྡན་ཀུན་ལ་སྦྱིན་པ་ཕྱོགས་མེད་གཏོངཿ སྲོག་བསླུ་འགྲོ་ཀུན་བདེ་སྐྱིད་ཐབས་ལ་འབདཿ དམ་ཚིག་རྡོ་རྗེ་སློབ་དཔོན་སྲོག་ལྟར་འཚོཿ ཡི་དམ་བསྒོམ་བཟླས་ཆུ་བོའི་རྒྱུན་བཞིན་འབདཿ མཁའ་འགྲོ་བདེ་གྲོགས་སྙིང་ལྟར་གཅེས་སྤྲས་བཀུརཿ མཆེད་ལྕམ་མིག་འབྲས་བཞིན་དུ་བཙའ་ཞིང་བསྲུངཿ སེམས་ཅན་ཕ་མ་བཞིན་དུ་སྙིང་རྗེ་བསྒོམཿ དམ་ཚིག་སྲུང་མཚམས་བྲལ་བའི་སེམས་ལ་བལྟཿ སྡིག་སེམས་བྱ་ལམ་རྗེས་མེད་བཞིན་དུ་འགྲོཿ གཞན་ལུས་ཐབས་ལྡན་བདེ་ཆེན་ལམ་མཆོག་འདིཿ ཁྲེགས་ཆོད་འབྲས་བུ་ལྷན་སྐྱེས་ཡེ་ཤེས་ཏེཿ བདག་འཛིན་ཚར་གཅོད་མན་ངག་ཟབ་མོ་སྟེཿ ཐབས་ལམ་རྡོ་རྗེའི་དབའ་རླབས་ཞེས་བྱ་བཿ སྒྱུ་ལུས་འོད་གསལ་བར་དོའི་གདམས་པ་དངཿ སྒྲོལ་བ་གནས་སྤོང་བསྐྱེད་རྫོགས་མན་ངག་ཀུནཿ འདིར་བསྟེན་འབྲས་བུ་མིག་འཕྲུལ་བཞིན་དུ་ཐོབཿ ཐེ་ཚོམ་མ་བྱེད་ཉམས་ལོངས་རྫོགས་སངས་རྒྱསཿ བདེ་བ་ཆེན་པོའི་ཉམས་ལེན་གནས་བསྡུས་སོཿ ༈ དེ་ནས་སྒྲོལ་བ་སྙིང་རྗེ་ཆེན་པོའི་ལམཿ མ་དག་སེམས་ཅན་བདེ་བ་གནས་སྤོང་བཿ དམ་ལྡན་རྡོ་རྗེ་སློབ་དཔོན་ཐོད་དུ་ཁུརཿ མངོན་སུམ་ཆོས་ཉིད་ལྟ་བའི་གདེངས་དང་ལྡནཿ རིག་རྩལ་ཡི་དམ་ལྷ་ཡི་བསྙེན་སྒྲུབ་ཐེམཿ སྟོང་ཉིད་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཅིངཿ བདེ་ཆེན་ཡེ་ཤེས་དབའ་རླབས་མངོན་གྱུར་པའིཿ བརྟུལ་ཞུགས་རྣལ་འབྱོར་གླང་ཆེན་སྤྱོད་པ་ཡིསཿ མ་དག་སེམས་ཅན་རྗེས་སུ་འཛིན་པའི་ཕྱིརཿ བསྒྲལ་བའི་ཞིང་གྱུར་མཆོག་དང་མཆོག་ཕྲན་ཏེཿ མཆོག་ནི་ཉམས་པ་བདུན་ལྡན་དགྲ་དང་བགེགསཿ མཆོག་ཕྲན་ཉོན་མོངས་དབང་གྱུར་འགྲོ་བ་སྟེཿ སྙིང་རྗེའི་ཤུགས་ཁྲོས་དྲག་པོའི་སྐུར་བཞེངས་ཏེཿ ཧེ་རུ་ཀ་ཡིས་དངོས་སུ་བསྒྲལ་བ་དངཿ ཏིང་འཛིན་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ་བའོཿ སངས་རྒྱས་བསྟན་དང་དམ་པའི་ཆོས་ལ་སྡངཿ ཁྱད་པར་གསང་སྔགས་ཟབ་མོར་ལོག་པར་ལྟཿ བླ་མའི་ཐུགས་དཀྲུགས་ཆོས་བཞིན་སྒྲུབ་ལ་འཚེཿ འགྲོ་ཁམས་སྡིག་ལ་སྦྱོར་བའི་ཉམས་པ་ཅནཿ ཁྱད་པར་གསང་སྔགས་བསྟན་པ་བསྣུབས་པ་སྟེཿ ཞིང་གྱུར་མཆོག་སྟེ་ཕན་བཏགས་དམ་ལས་ཉམསཿ མཆོག་ཕྲན་ཉོན་མོངས་ལྔ་ལ་རང་དགར་སྤྱོདཿ སྡུག་བསྔལ་ཀྱིས་གཟིར་སྡིག་པའི་འཐོར་རླུང་འཁྲུགསཿ ཆོས་ལ་རིས་སུ་ཆད་པའི་འགྲོ་བ་ཀུནཿ མ་དག་ཕུང་ཁམས་དྲག་པོའི་ཤུགས་ཀྱིས་བསྒྲལཿ ཐུགས་རྗེའི་ཤུགས་ཀྱིས་བག་ཆགས་སྦྱངས་ནས་ཀྱངཿ རྣམ་ཤེས་རྗེས་འཛིན་ཤུགས་ཀྱིས་འདྲེན་པའི་ཕྱིརཿ དབང་རབ་འཛིན་པ་རང་གྲོལ་རྣལ་འབྱོར་པཿ སྲིད་གསུམ་སྒྱུ་མར་རྟོགས་པའི་དཔའ་གདེངས་ལྡནཿ འཁྲུལ་བ་དབྱིངས་ཟད་ཧེ་རུ་ཀ་དཔལ་དེསཿ གཞི་ལས་གཡོ་བ་མེད་པ་ལྟ་བའི་རྫོངཿ འཁྲུལ་བའི་གཞི་རྩ་ཆོད་པ་སྒོམ་པའི་རྫོངཿ རེ་དོགས་བླང་དོར་བྲལ་བ་སྤྱོད་པའི་རྫོངཿ ངང་ལས་མ་གཡོས་ལྷར་ཤར་ལྡོག་འཕྲང་བསལཿ རྩལ་ལས་ཁྲོས་པའི་མཚོན་རྡེག་རྡུགས་འཕྲང་བསལཿ སྙིང་རྗེའི་ཤུགས་ཀྱིས་བཅིང་བའི་འབྱམ་འཕྲང་བསལཿ ཚེ་བསོད་བཅུད་དུ་དྲང་བ་ཚེ་ཡི་ལུངཿ སྒྲིབ་སྦྱང་རྣམ་ཤེས་ཨཱཿདཀར་ཡུམ་མཁར་བཀུགཿ སྦྱོར་བས་ཡེ་ཤེས་ལྔ་ཡིས་དུག་ལྔ་བཅོམཿ ཨཱཿདཀར་རྒྱལ་བའི་ལྷ་ཚོགས་སྤྱན་དྲངས་ཏེཿ དབྱེར་མེད་འདྲེས་པ་རྗེས་འཛིན་ཁྲུས་ཀྱི་ལུངཿ རྣམ་ཤེས་ཨཱཿཡིག་དབུ་མའི་ལམ་བརྒྱུད་དེཿ ཀུན་བཟང་མཁའ་ཀློང་བསྲེ་བ་གནས་སྤར་རོཿ ཡི་གེ་ཉེར་གཅིག་ཐ་མར་ཕཊཿཀྱིས་འཕངཿ གཟས་པོ་རང་རིག་བླ་མའི་ཐུགས་ཀློང་འདྲེསཿ བསད་བསད་འདྲེན་པའི་མཐུ་ལྡན་ཧེ་རུ་ཀཿ བརྟུལ་ཞུགས་ཆེན་པོ་པདྨ་ཀ་ར་བཞིནཿ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅནཿ འབྲས་བུ་རྣལ་འབྱོར་ཆེན་པོའི་ཁྱད་ཆོས་སོཿ ཏིང་འཛིན་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ་བ་ནིཿ མཆོག་ཕྲན་ལུས་སམ་མཚན་མའི་རཱུ་པ་ལཿ ཆོས་ཉིད་རྩལ་ལས་དམིགས་པས་འགུགས་གཞུག་བྱཿ རྟགས་མཐོང་ཚེ་ན་འཆིང་སྡོམ་མྱོས་པ་ཡིསཿ བག་ཆགས་སྤྱངས་ཤིང་རང་ཉིད་ལྷ་རུ་གསལཿ གཟས་པོ་དངོས་དང་མཚོན་ཆར་ཕོ་ཉ་སྟེཿ རྫོང་འཕྲང་སྤར་གསུམ་གནད་ལ་འགྲོ་བར་བྱཿ དབང་པོ་རབ་འབྲིང་ཐ་མའི་སྐབས་དང་སྦྱརཿ མ་རིག་རིག་པ་ཡེ་ཀློང་ཆེན་པོར་སྒྲོལཿ ཉོན་མོངས་ལྔ་ནི་ཡེ་ཤེས་ལྔ་རུ་སྒྲོལཿ བདག་འཛིན་ཤེས་བྱ་བདེ་ཆེན་ཡེ་ཤེས་ངངཿ སྒྲོལ་བ་མན་ངག་འདི་ཡི་ཁྱད་ཆོས་ཏེཿ ཤིན་ཏུ་རྣལ་འབྱོར་ཆོས་ཟད་ཆེན་པོ་དེསཿ ཕ་མ་དགྲ་བཅོམ་དགེ་སློང་འབུམ་ཕྲག་བསདཿ སྤྲུལ་པའི་རོལ་གར་སྒྱུ་མའི་ཆོ་འཕྲུལ་ཏེཿ བསད་དང་གསད་བྱ་གསོད་པའི་མཁན་པོ་མེདཿ རྫོང་འཕྲང་གསལ་བ་ཡེ་རྫོགས་རིག་པའི་ཀློངཿ སྤར་མཁན་སྤར་བྱ་སྤར་ཡུལ་ལོག་ན་མེདཿ འདི་དོན་རྟོགས་ན་སྒྲོལ་བའི་འབྲས་བུ་སྟེཿ ཐུགས་རྗེས་བདག་བསྒྲལ་སྙིང་རྗེས་གཞན་བསྒྲལ་བའིཿ མངོན་གྱུར་ལམ་གྱི་གཞུང་ཤིང་ཆེན་མོའོཿ བག་ཆགས་གཟུགས་ཕུང་མཁའ་འགྲོར་ཚོགས་སུ་འབུལཿ ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སུ་སྤྱོདཿ ཧེ་རུ་ཀ་ཡི་ཆས་ཞུགས་བརྟུལ་ཞུགས་སྤྱོདཿ སྦྱོར་བས་བདག་གྲོལ་སྒྲོལ་བས་གཞན་གྲོལ་ཏེཿ དོན་གཉིས་ལྷུན་གྲུབ་མཐོང་ཐོས་དྲན་རེག་ཀུནཿ སྐུ་གསུམ་ཞིང་དུ་འགོད་པར་ཐེ་ཚོམ་མེདཿ ཡང་གསང་སྒྲོལ་བའི་མལ་མཆོག་གནད་དོན་ཏེཿ སྦྱོར་སྒྲོལ་ཤིན་ཏུ་གསང་བའི་མན་ངག་གོཿ ཧེ་རུ་ཀ་ཡི་གནས་མཆོག་ཆེན་པོ་དངཿ དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པ་ཡིཿ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བྲན་དུ་འཁོལཿ འདུ་བ་གསུམ་གྱིས་འབར་བ་རྣམ་གསུམ་འཕེལཿ གཟུགས་མེད་དབང་བསྒྱུར་འགྲོ་དོན་དཔག་ཏུ་མེདཿ གང་ལའང་ཞེན་མེད་འབྲས་བུར་སྤྱོད་པའོཿ ༈ དེ་ནས་ཞལ་གདམས་རྣམ་གསུམ་ནིཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་གིཿ བསྐྱེད་པའི་རིམ་པ་འདི་ལྟར་བྱཿ མངལ་སྐྱེས་རྟེན་གྱིས་བསྡུས་པ་ཡིཿ བག་ཆགས་སྔོན་འགྲོའི་ལམ་གྱིས་སྦྱོངཿ རིག་རྩལ་ལྷ་རུ་ཤར་བའི་ཕྱིརཿ སྟོང་ཆེན་རིག་པའི་ཡེ་ཤེས་ནིཿ དེ་བཞིན་ཉིད་ཀྱི་དབྱིངས་ལས་ནིཿ མ་རྟོག་འགྲོ་ཀུན་སྙིང་རྗེ་བཿ ཀུན་སྣང་སྒྱུ་མ་ལྟ་བུའོཿ རིག་པ་ས་བོན་རྒྱུ་ལས་ནིཿ ལྷར་ཤར་སྤྲོས་བཅས་ལམ་ཡིན་ཏེཿ རིག་གདངས་ལས་ནི་ལྷར་ཤར་བཿ ཆུ་ལ་ཆུ་བུར་བརྡོལ་བ་བཞིནཿ སྐད་ཅིག་དྲན་རྫོགས་སྤྲོས་མེད་ལུགསཿ སྐུ་མདོག་ཞལ་ཕྱག་རྒྱན་དང་བཅསཿ ཝལ་གྱིས་གསལ་ཞིང་ཡིད་ཆེས་པཿ མཚན་འཛིན་ཞིག་པའི་རྣམ་པ་གསལཿ དངོས་པོར་མ་གྲུབ་འཇའ་ཚོན་བཞིནཿ གང་ལའང་ཐོགས་མེད་འཇིགས་པ་བྲལཿ རིག་པ་གཡོ་མེད་ཆོས་ཀྱི་དབྱིངསཿ ལྷར་ཤར་མེ་ལོང་ཡེ་ཤེས་ཉིདཿ དམིགས་པ་མཉམ་པ་ཉིད་དང་ནིཿ རྒྱན་དང་ཆ་ལུགས་སོ་སོར་རྟོགསཿ དཀྱིལ་འཁོར་བྱ་གྲུབ་རྣམ་དག་དྲནཿ དེ་ལས་མ་གཡོས་ང་རྒྱལ་བརྟནཿ ཡེ་ནས་ལྷ་ཡི་རང་བཞིན་ལཿ ཡིན་པར་ཤེས་པའི་ངེས་ཤེས་ནིཿ རིག་པ་སྐུ་གསུམ་ཤར་བའོཿ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་དང་ཿ མཆོད་ཅིང་བསྟོད་ནས་དམ་བཅའ་བཿ ཚོགས་རྫོགས་སྒྲིབ་པ་དག་པ་དངཿ བློ་ཡི་འཛིན་པ་དག་ཕྱིར་རོཿ སྤྲོས་མེད་ལྷ་རུ་ཤར་བ་ལཿ རྩལ་སྣང་གང་ཤར་ཐོགས་མེད་སྤྱོདཿ ལས་བཞི་ལྷུན་གྲུབ་མྱ་ངན་འདའཿ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ནིཿ རྒྱན་མེད་ཡབ་དང་མཚུངས་པའམཿ དམིགས་གསལ་གང་བབས་སྐབས་དང་སྦྱརཿ ཏིང་འཛིན་སེམས་དཔའ་རིག་པའི་རྟེནཿ སྔགས་འཁོར་སེམས་ཀྱི་རྟེན་ཡིན་ཏེཿ སྤྲོས་བཅས་དེ་ལ་སེམས་འཛིན་བཿ སྤྲོས་མེད་གཟུང་དང་འཛིན་པ་བྲལཿ ལྷ་ལ་སེམས་བཟུང་སྔགས་བཟླ་བཿ བསྙེན་པ་དང་ནི་འོད་འཕྲོ་བཿ ཉེ་བསྙེན་སྤྲོ་བསྡུ་སྒྲུབ་པ་སྟེཿ བྱིན་སྡུད་དོན་བྱེད་སྒྲུབ་ཆེན་པོཿ སྤྲོས་མེད་ལུས་ལྷ་ངག་སྔགས་ཏེཿ རིག་པ་ཆོས་ཉིད་ལམ་ཁྱེར་ལསཿ སྒོམ་དང་བསྒོམ་བྱ་ཡེ་ནས་ཟདཿ སྤྲོ་དང་བསྡུ་བའི་མཁན་པོ་མེདཿ བསྒྲུབ་དང་འགྲུབ་པར་བྱ་བའང་མེདཿ དངོས་གྲུབ་ཐོབ་དང་ཐོབ་མཁན་མེདཿ འདིར་རྟོགས་བསྐྱེད་རིམ་འབྲས་བུའོཿ རྣམ་སྨིན་རིག་འཛིན་སྤྲུལ་པའི་སྐུཿ འགྲུབ་པའི་ས་བོན་རྒྱུད་ལ་གནསཿ དེ་ཚེ་མངོན་དུ་གྱུར་པ་སྟེཿ ལུས་གྲོལ་སྤྲོས་པ་དབྱིངས་སུ་ཟདཿ སྤྲུལ་སྐུའི་ཞིང་དུ་མངོན་སངས་རྒྱཿ ༈ མཚན་བཅས་རྫོགས་པའི་རིམ་པ་ཡངཿ མཚན་མེད་འོད་གསལ་ཆེན་པོར་སྦྱངཿ དེ་ཡང་རྩ་རླུང་ཐིག་ལེའི་གནདཿ མཚན་བཅས་ལམ་གྱིས་སྦྱང་བ་ཡིཿ རྩ་འབྱོང་རླུང་ཆུན་ཐིག་ལེ་དགཿ སྣང་མེད་འོད་གསལ་ཆེན་པོ་ཡིཿ སྤྲོས་པ་མེད་པའི་རྫོགས་རིམ་ནིཿ དམིགས་པའི་གཏད་སོ་དང་བྲལ་ཞིངཿ རྣམ་སྣང་ཆོས་བདུན་ལྷོད་ཆགས་པརཿ བར་རླུང་བུམ་པ་ཅན་དུ་བསྐྱིལཿ འདྲེན་བྱེད་ཐད་ཀའི་ནམ་མཁར་གཏདཿ ཅི་ཡང་མི་དམིགས་རིག་པའི་གཤིསཿ གང་དུའང་མ་གྲུབ་ས་ལེ་བཿ གཟུང་དང་འཛིན་པའི་ཡུལ་ལས་འདསཿ བྱར་མེད་མ་བཅོས་ལྷུག་པ་སྟེཿ རང་གྲོལ་ཆེན་པོ་འདིས་རྟོགས་སོཿ འབོལ་ཞིང་བདེ་བའི་གདན་གྱི་ཁརཿ རི་རྩེའམ་ནི་མཐོ་བའི་སརཿ འབྱུང་བ་བསིལ་དྲོད་སྙོམ་བྱས་ལཿ གན་རྐྱལ་ལུས་གནད་དྲང་བར་བྱཿ ལག་གཉིས་སྟ་ཟུར་གཉིས་སུ་བརྐྱངཿ རྐང་མཐིལ་འབོལ་ཞིང་དྲོ་བར་བྱཿ མིག་གཉིས་བྱ་ལམ་དྭངས་པར་གཏདཿ རིག་པ་གང་དུའང་མི་དམིགས་པརཿ མཁའ་དབྱིངས་ཀློང་དུ་འདྲེས་པར་བྱཿ དེ་ཚེ་རྣམ་རྟོག་ཡོངས་འགགས་ནསཿ ཀ་དག་ཆོས་སྐུའི་རང་ཞལ་མཇལཿ དབའ་རླབས་དཔེ་ཡི་ཡེ་ཤེས་ཀྱིཿ མངོན་གྱུར་གྲོལ་ས་ཆེན་པོ་ནིཿ ཐུན་ཅིག་སྒོམ་པའི་རྟོགས་པ་སྟེཿ དེ་ལ་ཡུན་དུ་སྦྱང་བ་ཡིསཿ ལུས་མེད་ཤེས་པ་ཐོམ་མེ་བཿ རིགས་པའི་རྣམ་རྟོག་ཡོངས་འགགས་ཤིངཿ ཕྲ་བའང་རེས་འཇོག་འཛིན་ཞེན་བྲལཿ རླུང་གནད་སྨད་དུ་བསྐྱིལ་བ་ཡིསཿ ཉི་ཁྲི་ཆིག་སྟོང་རླུང་གི་ཁམསཿ དབུ་མར་ཞུགས་གནས་ཐིམ་གསུམ་གྱིསཿ ལམ་རྟགས་ཡོན་ཏན་དཔག་མེད་ཐོབཿ སྐབས་འགར་མཚོ་གླིང་གནས་པ་དངཿ ལུས་ལ་མེ་འབར་རླུང་གཡོ་བཿ ནམ་མཁའི་དཀྱིལ་དུ་གནས་ཉམས་འབྱུངཿ འབྱུང་བ་དག་པའི་རྟགས་ཡིན་ཏེཿ གང་ལའང་ཐེ་ཚོམ་མི་བྱ་བརཿ འཇིགས་མེད་རྒྱལ་བའི་གཏན་སྲིད་བཟུངཿ ཉིན་སྣང་འཁྲུལ་བ་དབྱིངས་ཟད་ཅིངཿ མཚན་སྣང་རྨི་ལམ་དག་པ་སྟེཿ བར་དུ་འོད་གསལ་སྦུབས་འཇུག་ཅེསཿ འོད་ལྔ་བཀྲག་དང་ལྡན་པ་ལཿ ཟེར་དང་སྒྲ་རུ་ཤར་བའི་ཚེཿ གཉུག་མའི་གཤིས་ལས་མ་གཡོས་ཤིངཿ ཤེས་པ་ཡུལ་ལ་མི་འཇུག་པརཿ འོད་ལྔ་རིག་པའི་ཀློང་འདྲེས་ནསཿ དད་དབྱིངས་འདྲེས་པ་འོད་གསལ་གྱིཿ སྦུབས་འཇུག་ཆེན་པོ་ལྟ་བའི་གནདཿ འབྲས་བུ་མངོན་གྱུར་ཐོད་རྒལ་གྱིཿ གནད་ལས་གནད་དུ་སྨིན་པའོཿ ཨ་ལ་ལ་ཧོཿ ༈ དེ་ལྟར་སྒྱུ་ལུས་རྨི་ལམ་དང་ཿ སྦྱོར་སྒྲོལ་རྫོགས་རིམ་གནད་གོམས་པའིཿ ཁྲེགས་ཆོད་ལྟ་བ་མངོན་གྱུར་ཏེཿ ཀ་དག་རིག་པ་ཡེ་གྲོལ་ཞེསཿ གཞི་ལས་འཁྲུལ་མ་མྱོང་བ་ཡིཿ ཀུན་བཟང་ང་ཡྀ་དགོངས་པ་རྟོགསཿ ང་ནི་ཡེ་ནས་འཁྲུལ་མ་མྱོངཿ ང་ནི་ཁས་ལེན་ཀུན་ལས་འདསཿ དེ་ལ་ཉམས་སུ་ལེན་པའང་མེདཿ ཡེ་སངས་རྒྱས་ཤིག་ཡིན་པ་ལཿ ཡང་སངས་རྒྱས་སུ་འདོད་པས་འཁྲུལཿ སེམས་ཅན་མ་རིག་གློ་བུར་བསཿ རྐྱེན་ལས་འཛིན་པ་ཕྲ་མོར་ཞུགསཿ ཀུན་བརྟགས་འཁོར་བ་གཟུགས་སུ་གྲུབཿ གཟུགས་ཚོར་འདུ་ཤེས་འདུ་བྱེད་དངཿ རྣམ་པར་ཤེས་ཏེ་ཕུང་ལྔ་འབྱུངཿ དེ་ལས་ཀུན་གཞིའི་ཉོན་མོངས་ཡིདཿ སྒོ་ལྔ་རྣམ་ཤེས་ཚོགས་བརྒྱད་ཤརཿ སེམས་བྱུང་ལྔ་བཅུ་རྩ་བརྒྱད་བྱུངཿ དེ་ལས་བག་ཆགས་འཐས་པ་ཡིསཿ ཉོན་མོངས་ལྔ་པོ་ཤུགས་དྲག་པསཿ འགྲོ་བ་རིགས་དྲུག་སྡུག་བསྔལ་མྱོངཿ རང་སེམས་སངས་རྒྱས་ཉིད་ཡིན་ཡངཿ རང་ངོ་རང་གིས་མ་ཤེས་པཿ དབུལ་པོའི་ཁྱིམ་གྱི་གཏེར་བཞིན་དུཿ རྣམ་མང་སྡུག་བསྔལ་དྲག་པོར་སྤྱོདཿ དེས་རྐྱེན་སྲིད་པའི་ཉིང་མཚམས་སྦྱརཿ འགྲོ་བ་དྲུག་གི་སྣང་བ་ཤརཿ ཚ་གྲང་བཀྲེས་སྐོམ་བླུན་རྨོངས་དངཿ དབུལ་ཕོངས་འཐབ་རྩོད་འཕོ་ལྟུང་མྱོངཿ ལྷ་བུ་མངོན་ཤེས་ལྡན་པ་ཡིསཿ དབུལ་གཏེར་ལུང་དུ་བསྟན་པ་བཞིནཿ སློབ་དཔོན་མཁས་པས་ལུང་བསྟན་ནསཿ རང་ངོ་རང་གིས་ཤེས་པའི་ཚེཿ ཐབས་ལ་མཁས་པའི་མན་ངག་གིསཿ ང་ཡི་དགོངས་པ་འདི་རྟོགས་ཚེཿ སེམས་ཉིད་ཡེ་ནས་རང་གྲོལ་བཿ མ་བཅོས་རིག་པ་ཟང་ཁ་མཿ ཡེ་ཤེས་ལྔ་ཡི་རང་རྩལ་རྫོགསཿ འཁྲུལ་པའི་བག་ཆགས་གཞི་ལ་དགཿ གཉིས་མེད་རང་གྲོལ་ཆེན་པོ་རུཿ སྤྲོས་བྲལ་འདུས་མ་བྱས་པའི་ཀློངཿ ཡེ་མཉམ་དགོངས་པ་ཀློང་གྲོལ་བཿ འདི་ནི་རྒྱལ་བའི་དགོངས་པ་སྟེཿ དགོངས་པ་ཟང་ཐལ་ངོ་བོ་ཉིདཿ ཐིག་ལེ་ཉག་གཅིག་ཞེས་བྱ་བཿ ལྟ་བ་རི་བོ་ཅོག་བཞག་དངཿ སྒོམ་པ་རྒྱ་མཚོ་ཅོག་བཞག་དངཿ སྤྱོད་པ་མ་བཅོས་ཅོག་བཞག་དངཿ འབྲས་བུ་ཡེ་གྲོལ་ཅོག་བཞག་གོཿ བླང་བྱ་ཡེ་ཟད་འཛིན་སྟངས་ཞིགཿ སྤང་བྱ་ཡེ་གྲོལ་རེ་དོགས་མེདཿ འཛིན་པ་ཡེ་གྲོལ་རྩ་བ་བྲལཿ འཁོར་བ་མེད་དེ་སུ་ཞིག་བཅིངཿ མྱང་འདས་མེད་དེ་ཐོབ་བྱ་ཟདཿ སངས་རྒྱས་ཞེས་བྱ་བསྒྲུབ་ཏུ་མེདཿ སེམས་ཅན་ཞེས་བྱ་འཁྲུལ་དུ་མེདཿ མེད་པའང་མ་ཡིན་མཐའ་འདས་པཿ ཀུན་བཟང་ང་ཡི་ལྟ་བའོཿ ཆོས་དབྱིངས་ཁྱབ་གདལ་ཆེན་པོར་གནསཿ གནས་ཞེས་བྱ་བའང་མེད་ཙམ་སྟེཿ བྱར་མེད་ལྷུག་པའི་ཉམས་མྱོང་ནིཿ སངས་རྒྱས་ང་ཡི་དགོངས་པའོཿ བདེ་བའི་ཡེ་ཤེས་མཐའ་བྲལ་བཿ ལྔ་རྫོགས་ལྔ་ཡི་སྙིང་པོ་ཅནཿ འོད་དང་ཟེར་གྱི་གདངས་ཤར་བཿ ཀུན་བཟང་ང་ཡི་སྤྱོད་པའོཿ འདི་དོན་རྟོགས་པ་མངོན་གྱུར་ཚེཿ གཞི་འབྲས་གཉིས་པོ་སྟོབས་འབྱོར་པསཿ བུམ་པ་ཆག་པའི་ནམ་མཁའ་བཞིནཿ གཞི་ཡི་སངས་རྒྱས་ང་དང་འདྲེསཿ ལྷུན་གྲུབ་རིག་པའི་རྩལ་རྫོགས་ཕྱིརཿ ཡེ་ཤེས་འོད་ལ་གོམས་པ་ཡིསཿ རགས་ལུས་དྭངས་མའི་དབྱིངས་གྲོལ་ནསཿ སྐྱེ་འདིར་ལོངས་སྐུའི་རྩལ་རྫོགས་ཏེཿ འཕོ་ཚེ་བུམ་སྐུར་འཚང་རྒྱའོཿ ༈ ཨེ་མ་ཡང་གསང་བླ་མེད་ཀྱིཿ ཁྲེགས་ཆོད་གདམས་པའི་མན་ངག་གནདཿ ངོ་སྤྲོད་སངས་རྒྱས་ལག་བཅང་འདིཿ གནད་ལས་གནད་དུ་བསྡུས་པ་སྟེཿ ཀུན་བཟང་དྲི་མ་མེད་པ་ངསཿ སྐལ་བ་ཅན་གྱི་ཆེད་དུ་གདམསཿ ༈ ད་ནི་ཉམས་ལེན་གནད་ཀྱི་གཟེརཿ འོད་གསལ་ཐོད་རྒལ་ཆེན་པོ་ཡིཿ ས་ལམ་བགྲོད་པའི་རིམ་པ་ནིཿ ཐོག་མར་སྒོ་གསུམ་གནད་སྟོན་པཿ རང་ལུས་སྤོས་ཆུས་ལེགས་པར་བཀྲུསཿ ཛ་ཏི་གུར་གུམ་གླ་རྩི་དངཿ ལྒ་པི་ཕོ་གསུམ་བྱི་ཏང་ཀཿ ཞིབ་བཏགས་འབྲི་མར་དང་སྦྱར་ཞིངཿ དཀུ་མཉེ་བྱ་ཞིང་བཅུད་ཟས་བསྟེནཿ ཨ་རུ་ལྕགས་ཕྱེ་སྐྱེར་ཥཎ་གྱིསཿ ལུས་ལ་བྱུགས་ཤིང་སེམས་ལས་སྤངཿ ལུས་གནད་དྲང་སྲོང་ཆོས་བདུན་ལཿ ལྷོད་ཆགས་གཡོ་འགུལ་བྲལ་བར་གནསཿ རྩ་དྲང་རླུང་དལ་ཐིག་ལེ་འཕེལཿ མིག་གནད་ཕྱེད་བཙུམ་མདུན་མཁར་བལྟཿ ངག་གནད་སྨྲ་བརྗོད་ཀུན་སྤང་སྟེཿ ལྐུགས་པ་བཞིན་དུ་གནས་པ་སྟེཿ རླུང་གི་འགྲོ་འོང་ཁ་ནས་བསླབཿ ཤུགས་ཀྱིས་དལ་ཞིང་གེགས་མི་འཇུགཿ སེམས་གནད་ཅི་ཡང་མི་དམིགས་པརཿ ཀ་དག་རིག་པ་ཡེ་གྲོལ་ངངཿ ཕྱི་དབྱིངས་ནང་དབྱིངས་འདྲེས་པར་བྱཿ དེ་ལྟར་ཞག་བདུན་འབད་པ་ཡིསཿ འཁྲུལ་བའི་རྣམ་རྟོག་དབྱིངས་སུ་ཟདཿ སྒོ་གསུམ་ལས་རུང་བྱ་བ་ཟདཿ སྡོད་ས་གསུམ་གྱི་གཞི་ཚུག་གོཿ དུ་བ་སྨིག་སྒྱུ་མེ་ཁྱེར་དངཿ སྟོང་གཟུགས་འོད་ལྔ་ཤར་བའི་དུསཿ ལུས་མི་འགུལ་ཞིང་ངག་མི་སྨྲཿ མིག་མི་གཡོ་ཞིང་ཟིམ་བུ་ཡིསཿ ཅུང་ཟད་གྱེན་དུ་བལྟ་བ་ནིཿ བཞུགས་སྟངས་གོང་མ་ཉིད་ཡིན་ཏེཿ ཆོས་སྐུ་ཀུན་བཟང་ལྟ་སྟངས་སོཿ རྐང་བ་མཐིལ་སྦྱར་འོག་སྒོར་གཏདཿ ལག་པ་ཁུ་ཚུར་བོལ་ཟུར་བཙུགསཿ དཔུང་པ་གཟེངས་བཏོད་ལུས་གནད་དྲངཿ ལྷོད་ཆགས་མགོ་བོ་ཅུང་ཟད་དགྱེཿ ཙཀྵུ་ཟིམ་བུས་ཐད་ཀར་ལྟཿ ངག་རླུང་སྔ་མ་ཇི་བཞིན་ལཿ ཅུང་ཟད་འོག་རླུང་འཐེན་པ་སྟེཿ ལོངས་སྐུའི་གཟིགས་སྟངས་སེང་གེའི་སྟབསཿ རྐང་བའི་མཐིལ་གཉིས་ས་ལ་ཕབཿ པུས་བྲང་སྦྱར་ཞིང་སྒལ་ཚིགས་དྲང་ཿ པུས་སྟེང་གྲུ་མོ་གཉིས་བཞག་སྟེཿ ལག་གཉིས་བསྣོལ་བས་སོར་མོའི་རྩེཿ འཕྲག་པར་རེག་ཅིང་མིག་གི་གནདཿ ཟུམ་བུས་ཅུང་ཟད་འོག་དང་ཟུརཿ རླུང་གནད་ལྟེ་འོག་བསྐྱིལ་བ་སྟེཿ སྤྲུལ་སྐུའི་གཟིགས་སྟངས་ཙོག་པུའོཿ དེ་ལྟར་གོམས་ཤིང་འདྲིས་པ་ཡིསཿ ལུས་ཉིད་བཞུགས་སྟངས་གསུམ་གཟེར་ཐེབཿ རླུང་དལ་ཁར་རྒྱུ་འཕོ་མེད་གཟེརཿ མིག་གནད་མི་གཡོ་སེམས་ཀྱི་གཟེརཿ ཐེབ་ཚེ་འོད་གསལ་ལྟ་བ་ནིཿ ཉིན་མོ་ཆ་གསུམ་སྔ་ཕྱི་རུཿ སྐྱོན་བྲལ་ནམ་མཁའ་དྭངས་པའི་ཚེཿ དང་པོའི་ལས་ཅན་སུརྱར་བལྟཿ གེགས་མི་འཇུག་ཕྱིར་དཀྱིལ་འཁོར་ལསཿ གྲུ་གང་ཙམ་གྱི་འོག་དག་གིཿ ནམ་མཁར་རིག་པ་འདྲེས་པར་གཏདཿ བཞུགས་སྟངས་གཟིགས་སྟངས་རླུང་གནད་གསུམཿ གོང་དུ་གོམ་པར་མ་བྲལ་བྱཿ དེ་ཡང་ཉི་མར་ལོངས་སྐུའི་གནདཿ དེ་ཚེ་དབྱིངས་སྣང་འོད་ལྔ་དངཿ ཐིག་ལེ་ལུ་གུ་རྒྱུད་ལ་སོགསཿ རྩ་ཁམས་དབང་པོའི་ཁྱད་པར་གྱིསཿ འཆར་ལུགས་མ་ངེས་ཐ་དད་ཀྱངཿ ཕྱི་དབྱིངས་ནམ་མཁའ་དྭངས་བའི་ངོརཿ རེ་ལྡེའམ་ནི་མིག་མང་རིསཿ རྩིབ་ཤར་གྱེན་འགྲེང་ཤར་བ་ནིཿ དབྱིངས་སྣང་རྣམ་དག་སྒྲོན་མའོཿ འོད་ལྔ་ཟླུམ་པོར་འཁྱིལ་བ་ནིཿ ཐིག་ལེ་སྟོང་པའི་སྒྲོན་མའོཿ གསེར་སྐུད་དམ་ནི་མུ་ཏིག་ཕྲེངཿ རྣམ་པ་འཁྱོགས་ཤིང་འགྲོ་འོང་ཅནཿ རྡོ་རྗེ་ལུག་རྒྱུད་སྒྲོན་མའོཿ དེ་དག་དབང་པོ་དང་མཐུན་པའིཿ འོད་སྲུང་གསལ་དང་མ་གསལ་ལསཿ ཇི་བཞིན་ལེགས་པར་མཐོང་བའི་ཚེཿ འོད་ལྔ་ཐ་དད་ངོས་ཟིན་བྱཿ རིམ་བཞིན་ཉི་མའི་དཀྱིལ་འཁོར་དངཿ འདྲེས་ཚེ་ཅུང་ཟད་རྒྱང་རིང་ཁྲིདཿ མཚན་མོ་ཟླ་བའི་དཀྱིལ་འཁོར་ལཿ སྤྲུལ་སྐུའི་བཞུགས་སྟངས་གསོར་བསྟུན་ཏེཿ དཀྱིལ་དང་ཕྱོགས་བཞིར་བལྟ་པར་བྱཿ རྡོ་རྗེའི་ལུག་རྒྱུད་ཐོག་མར་འཆརཿ དབྱིངས་དང་ཐིག་ལེ་རིམ་བཞིན་ནིཿ ཅི་རིགས་རེས་འགར་མ་ངེས་སོཿ ཕྱི་དབྱིངས་ཇི་བཞིན་རྟོགས་པའི་ཚེཿ ནང་དབྱིངས་སྒྲོན་མ་རྣམ་གསུམ་ནིཿ ཙིཏྟ་ཤ་ཡི་སྒྲོན་མ་ཞེསཿ སྙིང་གར་མི་ཤིགས་ཐིག་ལེའི་དབུསཿ ཤ་ཁྲག་རྐྱེན་གྱིས་མ་གོས་པའིཿ འོད་རྩ་དངས་མའི་ཡེ་ཤེས་ནིཿ རྟ་རྔ་བཞི་གཤགས་ཆ་ཙམ་སྟེཿ ཀ་ཏི་ཤེལ་གྱི་སྦུ་གུ་ཅནཿ ངོ་བོ་རང་བཞིན་ཐུགས་རྗེ་གསུམཿ ཡེ་ཤེས་འཆར་བའི་རྟེན་དུ་བཞུགསཿ དེ་ལ་ཀ་དག་རིག་པའི་གཞིཿ གནས་མེད་ཚུལ་དུ་བསྟེན་པ་ནིཿ ཆོས་ཉིད་གཞི་ཡི་སྒྲོན་མའོཿ སྙིང་ནས་མིག་ཏུ་འབྲེལ་པ་ཡིཿ འོད་རྩ་དར་དཀར་སྐུད་པ་བཞིནཿ རྩེ་མོ་བ་མིན་རྭ་འདྲ་བཿ འདྲེན་བྱེད་དབུས་སུ་འོད་དུ་གསལཿ ཆུ་ཡི་དཀྱིལ་འཁོར་དྭངས་པ་ལཿ མཐོང་བྱེད་འོད་དུ་གསལ་བ་ནིཿ རྒྱང་ཞག་ཆུ་ཡི་སྒྲོན་མའོཿ ནང་གདངས་ཕྱི་རུ་ཤར་བ་ནིཿ མན་ཤེལ་ཉི་མའི་རྐྱེན་འཕྲད་ཚེཿ གདངས་འོད་ཕྱི་རུ་ཤར་བ་ཡིསཿ འཇའ་ཚོན་སྣ་ལྔ་བཀྲ་བ་བཞིནཿ ནང་དབྱིངས་རིག་པའི་རང་གདངས་ལསཿ སྐུ་གསུམ་ཡེ་ཤེས་འོད་ལྔའི་རྩལཿ ཀ་ཏི་ཤེལ་གྱི་སྦུག་གུ་ནསཿ རྒྱང་ཞག་སྒྲོན་མའི་ལམ་དུ་ཤརཿ ཡེ་ཤེས་མིག་གི་སྤྱོད་ཡུལ་དུཿ མངོན་སུམ་བླ་མའི་མན་ངག་གིསཿ མཐོང་བ་ཇི་བཞིན་ངོ་ཤེས་བྱཿ མཚན་མོ་ཆོས་སྐུའི་བཞུགས་སྟངས་ཀྱིསཿ མུན་པ་དྭངས་པའི་དབྱིངས་རུམ་དུཿ བལྟས་པས་དབྱིངས་རིག་ཐིག་ལེ་གསུམཿ འདྲ་མིན་འཆར་ཚུལ་རྣམ་གསུམ་སྟེཿ ཆོས་སྐུ་གཡོ་མེད་འོད་སྣང་དངཿ ལོངས་སྐུ་རང་འོད་བཀྲག་ལྡན་པཿ སྤྲུལ་སྐུ་སྣ་ཚོགས་འགྱུར་བ་ཅནཿ མཐའ་གཅིག་གམ་ནི་མ་ངེས་པཿ དེ་ཡང་ཕྱོགས་ཙམ་རྟོགས་པར་བྱཿ དེ་ཚེ་རིག་པ་འོད་དུ་གསལཿ རྩལ་སྣང་རིགས་པའི་རྣམ་རྟོག་འགགསཿ ཉོན་མོངས་ཉིད་ཀྱི་མཚང་རིག་པའིཿ རང་དགར་སྤྱོད་པ་མ་ཡིན་ལཿ ཤུགས་འབྱུང་སྤྱོད་པ་ཡེ་ཤེས་རྩལཿ ལུས་ལ་བདེ་དྲོད་མེ་ལྟར་འབརཿ ངག་ནི་འཁྲུལ་གཏམ་རླང་ཚིག་ཞིཿ ཅི་སྨྲས་གཞན་གྱི་རྣ་བར་སྙནཿ རིག་པ་མི་གཡོ་བརྟན་པ་ལཿ སེམས་ནི་བཅོས་མིན་མོས་གུས་དངཿ བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནསཿ བླ་མར་དད་པའི་མཆི་མ་འཁྲུགསཿ སྙིང་རྗེ་དྲག་པོས་བཟོད་བླག་མེདཿ དེ་ཚེ་སློབ་དཔོན་མཁས་པ་ཡིསཿ ཐུགས་རྒྱུད་དགོངས་པའི་ཡེ་ཤེས་ཉིདཿ སྐལ་ལྡན་སྐྱེས་བུ་དམ་ཚིག་ཅནཿ སློབ་བུར་འཕོ་བའི་དུས་ཡིན་པསཿ ཡང་གསང་ཐུགས་ཐིག་བྱིན་རླབས་གནདཿ ཐོད་རྒལ་རིག་པའི་རྩལ་དབང་གིསཿ སྨིན་པར་བྱེད་ལ་ཐུགས་རྗེས་སྐྱོངཿ ༈ འབྲས་བུ་ཐོད་རྒལ་རིག་པའི་རྩལ་དབང་ནིཿ ཤིན་ཏུ་མཐོ་ཞིང་དབེན་པའི་གནས་ཉིད་དུཿ ཤར་ནུབ་ཉི་ཟླའི་བགྲོད་ཐག་རིང་བའི་སརཿ སྤྲིན་དང་ཁུ་རླང་ན་བུན་ལ་སོགས་པསཿ སྒྲིབ་བྱེད་བྲལ་ཞིང་ནམ་མཁའ་དྭངས་པའི་ཚེཿ ཡར་ངོ་མར་ངོའི་ཚེས་བཅུ་ལ་སོགས་དངཿ ཉ་སྟོང་བརྒྱད་སོགས་མཁའ་འགྲོ་འདུ་བའི་ཚེཿ བླ་མ་དགྱེས་ཤིང་བྱིན་རླབས་འཇུག་དུས་སུཿ འབྱོར་བར་བསྟུན་པའི་ཁྲི་རྐང་མཐོ་བའི་ཁརཿ ཟ་འོག་གམ་ནི་རས་དཀར་གདན་བཀྲམ་སྟེཿ ཐུགས་རྗེའི་བདག་ཉིད་སློབ་དཔོན་བཞུགས་སུ་གསོལཿ ཚོགས་ཀྱི་འཁོར་ལོ་ཕྱི་ནང་མཆོད་པའི་ཚོགསཿ དཀྱིལ་འཁོར་གཏོར་མ་རྒྱན་བཀོད་ལེགས་པར་བཀྲམཿ ཞག་གསུམ་གོང་ནས་སྙན་གསན་གསོལ་བ་གདབཿ བླ་མར་དགྱེས་པ་སྐོང་ཞིང་ཡོ་བྱད་འབུལཿ སློབ་དཔོན་རས་དཀར་ན་བཟའ་ལྷབ་ལྷུབ་གསོལཿ བླ་མ་གསང་སྒྲུབ་སྒོམ་བཟླས་གནད་སྨིན་མཐརཿ གནས་གསུམ་ཐུགས་རྒྱུད་བསྐུལ་བས་བཟླས་པ་བྱཿ སློབ་བུར་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམཿ བློ་བཅོས་སློབ་དཔོན་གསང་བའི་རྣམ་ཐར་བསྒྲགསཿ རྩེ་གཅིག་གསོལ་བ་གདབ་པ་འདི་ལྟ་སྟེཿ ཀྱེ་མ་བླ་མ་རིན་པོ་ཆེཿ གསང་སྔགས་སྦྱོར་སྒྲོལ་བླ་མེད་ཀྱིཿ འབྲས་བུ་མངོན་གྱུར་ངོ་མཚར་ཆེཿ ད་ནི་དབྱིངས་སྣང་ཆོས་སྐུའི་ཞལཿ མངོན་སུམ་ལྟ་བའི་མན་ངག་གནདཿ རྡོ་རྗེ་སེམས་དཔའི་གསང་ལམ་ཆེཿ རིག་པའི་རྩལ་དབང་བསྐུར་དུ་གསོལཿ རག་ལུས་དྭངས་མའི་དབྱིངས་གྲོལ་ཤོགཿ ལན་གསུམ་གསོལ་བ་བཏབ་བྱས་ལཿ སྐྱབས་སེམས་ཡན་ལག་བདུན་པ་འབུལཿ བརྐྱང་ཕྱག་དགུ་ཕྲུག་དག་ཏུ་འཚལཿ སླར་ཡང་སློབ་དཔོན་དྲུང་དུ་འཁོདཿ སློབ་བུས་རྡོ་རྗེའི་འདུག་སྟངས་བཅསཿ རྣལ་འབྱོར་མ་ཡི་དམིགས་པ་འབོགཿ གུ་གུལ་མི་ཚིལ་ཀླད་ཆེན་དངཿ སློབ་དཔོན་བྱང་སེམས་སྐྲ་སེན་བཅསཿ ལེགས་སྦྱར་དུད་པས་བདུག་བྱས་ལཿ བྱིན་ཆེན་གནད་ལ་དབབ་པར་བྱཿ སླར་ཡང་རྣལ་འབྱོར་མའི་སྙིང་གརཿ ཡན་ལག་བཞི་ལྡན་དགའ་འཁྱིལ་ནིཿ བཾ་དང་ཧ་རི་ནི་སས་མཚནཿ གཡོན་དུ་དྲག་ཏུ་འཁོར་བ་ལཿ མ་ཡེངས་ཤེས་པ་རྩེ་གཅིག་གཏདཿ སྐུ་གསུམ་རྒྱལ་དང་རྩ་གསུམ་ལྷཿ དྲང་སྲོང་དཔའ་བོ་དཔའ་མོའི་ཚོགསཿ ཤོག་སྐྱ་རླུང་གིས་དེད་བཞིན་བསྡུསཿ མཚོ་ལ་ཁ་བ་བབ་པ་ལྟརཿ རྣལ་འབྱོར་མ་ལ་ཐིམ་པར་བསམཿ སློབ་བུས་སྣང་བ་གཏད་མེད་བཞགཿ འཁྲུལ་བའི་སྣང་བ་ཡོངས་འགགས་ཤིངཿ ལུས་ངག་ཡིད་ལ་ཕེབ་པའི་རྟགསཿ མངོན་སུམ་མ་བྱུང་བར་དུ་འབདཿ བྱུང་ནས་བྱིན་འཇུག་བརྟན་པར་བྱཿ དེ་ནས་ལུས་སེམས་རྣལ་དུ་ཕབཿ ཤེས་རབ་ཡེ་ཤེས་དོན་དབང་གིསཿ དགའ་བཞི་བདེ་བ་ཆེན་པོར་སྦྱོརཿ དེ་ཚེ་ལོངས་སྐུའི་འདུག་སྟངས་ཀྱིསཿ འོད་གསལ་སྒྲིབ་གཡོགས་བྲལ་བའི་ཕྱིརཿ སྟོན་འཁོར་ཀུན་ཀྱིས་སྟོད་གཡོགས་བསལཿ སློབ་བུས་མོས་གུས་རྩེ་གཅིག་གིསཿ བླ་མའི་ཐུགས་ཀར་ཤེས་པ་གཏདཿ ཐུགས་ཡིད་གཅིག་ཏུ་བསྲེ་བར་བྱཿ སློབ་དཔོན་བྱིན་རླབས་གནད་ལ་འབེབསཿ སླར་ཡང་ངོ་སྤྲོད་འདི་བཞིན་ཏེཿ སློབ་བུའི་སྙིང་གར་སྡིག་མཛུབ་གཏདཿ ༈ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུཿ མ་ཡེངས་རིག་པའི་ངང་ལ་ཞོགཿ ཡེ་ནས་དག་པ་ཆོས་ཀྱི་སྐུཿ རང་ངོ་ཤེས་པས་སྒོམ་དུ་མེདཿ སྤང་བླང་ཡེ་ཟད་རྫོགས་པ་ཆེཿ མཐའ་བཞི་བྲལ་བའི་གནད་ཆེན་པོཿ འདི་དོན་རྟོགས་པས་རྫོགས་སངས་རྒྱསཿ གནད་ལས་གནད་དུ་གབ་པ་ནིཿ སྙིང་དབུས་མི་ཤིགས་ཐིག་ལེའི་དབུསཿ ཙིཏྟ་ཤ་ཡི་སྒྲོན་མ་ནིཿ དཀར་འཇམ་དར་དཀར་སྐུད་པ་བཞིནཿ ཁྲག་དང་རྐྱེན་གྱིས་མ་གོས་པཿ སྙིང་ནས་མིག་ཏུ་འབྲེལ་བར་གནསཿ དེ་དབུས་ཡེ་ཤེས་འཆར་བ་ཡིཿ གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཁམསཿ ཆོས་ཉིད་གཞི་ཡི་སྒྲོན་མ་ཞེསཿ ངོ་བོ་རང་བཞིན་ཐུགས་རྗེའི་རྩལཿ རྣམ་གསུམ་དབྱེར་མེད་ཆེན་པོ་རུཿ ཤེལ་འོད་ནང་དུ་འཁྱིལ་བ་བཞིནཿ བལྟར་མི་མངོན་པའི་ཚུལ་དུ་བཞུགསཿ དྭངས་མའི་རྩ་ཡི་སྣེ་མོ་རུཿ འོད་རྩ་གཉིས་སུ་གྱེས་པའི་ཚེཿ བ་མིན་རཱ་འདྲ་མིག་དབུས་ཟུགཿ རྒྱང་ཞག་ཆུ་ཡི་སྒྲོན་མའོཿ དེ་ལྟར་སྐུ་དང་ཡེ་ཤེས་ཁམསཿ གཞི་དང་ལམ་དང་སྒོ་གསུམ་ལཿ ནང་གི་སྒྲོན་མ་རྣམ་གསུམ་པོཿ རྐྱེན་དང་འཕྲད་ཚེ་འཆར་བ་སྟེཿ དེ་དོན་ཤེས་པར་གྱིས་ཤིག་བུཿ སླར་ཡང་བླ་མའི་ཐུགས་ཀ་རུཿ ཨཱཿཡིག་མཐིང་དཀར་དམར་སེར་ལྗངཿ ཡུངས་འབྲུ་ཙམ་རེར་བརྩེགས་མར་གསལཿ དེ་ལ་ཤེས་པ་རྩེ་གཅིག་གཏདཿ སྟོན་འཁོར་དགོངས་པའི་གནད་གཅུན་ཏེཿ ལྔ་ཚར་ཉི་ཤུ་རྩ་གཅིག་བགྲངཿ སླར་ཡང་ཡི་གེ་ལྔ་པོ་ལསཿ མར་མེ་གཅིག་ལས་གཉིས་མཆེད་བཞིནཿ བྱིན་རླབས་ཡི་གེ་ལྔ་རུ་ཤརཿ སྐར་མདའ་ཆད་པ་ཇི་བཞིན་དུཿ སློབ་བུའི་སྙིང་གི་ཐིག་ལེར་འདྲེསཿ སྨྲ་བསམ་བརྗོད་བྲལ་ངང་དུ་བརྒྱལཿ རྡོ་རྗེ་སློབ་དཔོན་དགོངས་པའི་དབྱིངསཿ གཏད་མེད་ངང་དུ་དྲག་ཏུ་གཏདཿ ༈ ཨཱཿཕཊཿ ༈ ཨཱཿཕཊཿ ༈ ཨཱཿཕཊཿ ཤུགས་དྲག་ལན་གསུམ་བརྗོད་པ་ཡིསཿ སློབ་བུ་བསྔང་ཞིང་བརྒྱལ་བ་དངཿ འདར་ཞིང་འཁྲབ་དང་ངུ་བ་སོགསཿ མ་ངེས་རྟགས་མཚན་སྣ་ཚོགས་པཿ བྱིན་རླབས་འཕོས་པའི་ལྟས་བཟང་སྟེཿ རབ་ནི་བརྗོད་བྲལ་ཆེན་པོའི་ངངཿ ཞག་གྲངས་གསུམ་ལྔ་བདུན་ལ་སོགསཿ གཡོ་མེད་ཆེན་པོར་གནས་པའང་འབྱུངཿ སླར་ཡང་སེང་གེའི་འདུག་སྟངས་ཀྱིསཿ ལོངས་སྤྱོད་རྫོགས་པའི་གཟིགས་སྟངས་བཅསཿ སཱུརྱའི་རྐྱེན་དང་འཕྲད་བྱས་ལཿ ནམ་མཁའ་དྭངས་པའི་དབུས་ལྟར་བཅུགཿ དེ་ནས་འོད་སྣང་གསལ་བའི་ཚེཿ དབང་དང་ངོ་སྤྲོད་འདི་བཞིན་བྱཿ ༈ ཀྱེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ཁྱོད་མ་ཡེངས་པར་ཉོན་ཅིགཿ ཁྱོད་ཀྱི་ནང་དབྱིངས་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཕྱྀ་དབྱིངས་སྒྲོན་མ་གསུམ་དུ་ཤར་བ་སྟེཿ ནམ་མཁའ་དྭངས་པའི་ངོས་སུ་ལྟོས་ཤིགཿ ལེགས་པར་ལྟོས་དང་དབྱིངས་སྣང་རེ་ལྡེ་མིག་མང་རིས་སུ་འོད་ཀྱི་སྣང་བ་མཐའ་གཅིག་ཏུ་མ་ལྷུང་ཞིང་མེད་བཞིན་གསལ་བཿ གསལ་ཡང་བློས་ཁ་ཚོན་གཅོད་དུ་མེད་པ་འདི་ནི་དབྱིངས་རྣམ་དག་གི་སྒྲོན་མའོཿ འོད་ལྔའི་སྣང་བ་རྩིབ་ཤར་གྱེན་འགྲེང་ཟླུམ་པོར་འཁྱིལ་ཞིང་ཐིག་ལེ་ཐིག་ཕྲན་རྨ་བྱའི་མདོངས་ལྟ་བུར་ཤར་བ་འདི་ནི་ཐིག་ལེ་སྟོང་པའི་སྒྲོན་མའོཿ དེ་ཡི་ཀློང་དུ་རིག་པའི་གདངས་གསེར་སྐུད་བསྒྲིམ་པའམ་མུ་ཏིག་ཕྲེང་བ་ལྟ་བུའི་ཐིག་ཕྲན་ཡུངས་འབྲུ་ལྟ་བུ་གཤིབ་ཅིང་དབྱིབས་མ་ངེས་འཁྱོགས་པ་དང་འཁྱིལ་བ་སྟ་ཟུར་སྟེ་འགྲོ་འོང་ཅན་དུ་གཡོ་བ་དེ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲོན་མའོཿ ༈ འོ་དེ་ལྟར་ཕྱི་དབྱིངས་ཀྱི་སྒྲོན་མ་གསུམ་པོ་འདིའང་རང་གི་རིག་པ་དེ་བཞིན་ཉིད་ཀྱི་རྩལ་དེཿ ཆོས་ཉིད་གཞི་ཡི་སྒྲོན་མ་ནི་འཆར་བའི་རྒྱུའོཿ ཙིཏྟ་ཤ་ཡི་སྒྲོན་མ་ནི་འཆར་བའི་ལམ་མོཿ རྒྱང་ཞག་ཆུ་ཡི་སྒྲོན་མ་ནི་འཆར་བའི་སྒོའོཿ ནམ་མཁའ་དྭངས་པའི་དཀྱིལ་འཁོར་ནི་འཆར་བའི་རྐྱེན་ནོཿ དབྱིངས་རྣམ་དག་གི་སྒྲོན་མ་ནི་འཆར་བའི་གཞིའོཿ ཐིག་ལེ་སྟོང་པའི་སྒྲོན་མ་ནི་ཆོས་ཉིད་ཀྱི་རྩལ་ལོཿ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲོན་མ་ནི་རིག་པའི་གདངས་སོཿ ༈ འོ་རིགས་ཀྱི་བུ་དེ་ལྟར་ནང་གདངས་ཕྱིར་ཤར་བ་ནི་ཡེ་ཤེས་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་པ་སྟེཿ དབྱིངས་སྣང་ཆོས་ཀྱི་སྐུཿ ཐིག་ལེ་ལོངས་སྤྱོད་རྫོགསཿ འོད་སྣང་སྤྲུལ་པའི་སྐུཿ རིག་པ་མི་འགྱུར་རྡོ་རྗེའོཿ འོད་ལྔ་འཆར་ཏེཿ མཐིང་ཀ་ཆོས་དབྱིངས་ཡེ་ཤེསཿ དཀར་པོ་མེ་ལོང་ཡེ་ཤེསཿ སེར་པོ་མཉམ་ཉིད་ཡེ་ཤེསཿ དམར་པོ་སོར་རྟོག་ཡེ་ཤེསཿ ལྗང་གུ་བྱ་གྲུབ་ཡེ་ཤེས་ཏེཿ ཡེ་ཤེས་ལྔ་ཡི་རང་འོད་དོཿ དེའང་རིགས་ལྔ་དངཿ འབྱུང་བ་ལྔ་དངཿ ཡུམ་ལྔ་སོགས་མཐོང་བའོཿ དེའང་རྐྱེན་ལས་ཤར་བའི་འོད་གསལ་འདི་ནི་རིག་པ་རང་གྲོལ་གྱི་ངང་དུ་ཉམས་སུ་བླང་ན་དབྱིངས་རིག་མ་བུར་འདྲེས་པར་འགྱུར་རོཿ དེ་ཡང་ལུ་གུ་རྒྱུད་དབྱིངས་དང་ཐིག་ལེ་གོ་རར་འཛུད་ཅིང་མི་གཡོ་བར་བལྟ་བར་བྱ་སྟེཿ ལུས་བྱ་བ་ལ་མི་གནསཿ ངག་སྨྲ་བརྗོད་ལ་མི་གནསཿ སེམས་འཁྲུལ་རྟོག་ལ་མི་གནས་པརཿ ལུས་བཞུགས་སྟངས་དང་མ་བྲལ་བར་སྡོད་པཿ ངག་བརྗོད་མེད་དང་མ་བྲལ་བར་སྡོད་པཿ སེམས་བློ་བྲལ་དང་མ་བྲལ་བར་སྡོད་པཿ ལུས་གཡོ་མེད་བཞུགས་སྟངས་ཀྱིས་གཟེར་ཐེབསཿ ངག་འཕོ་མེད་རྡོ་རྗེའི་རླུང་གིས་གཟེར་ཐེབསཿ མིག་མི་འགུལ་སྐུ་གསུམ་གཟིགས་སྟངས་ཀྱིས་གཟེར་ཐེབས་པར་གྱིས་ཤིགཿ དེ་ལྟར་མི་རྩོལ་བའི་རྩོལ་བ་ཆེན་པོས་ཉམས་སུ་བླངས་པས་སྒྲོན་མ་དྲུག་གི་གནད་ཤེསཿ འོད་སྣང་གི་མཐོང་བྱེདཿ ཡེ་ཤེས་ཀྱི་གཞི་ཚུགསཿ ཆོས་ཉིད་མངོན་དུ་གྱུརཿ འཁྲུལ་རྟོག་གཞི་ལ་དག་གོཿ དེ་ཡང་ཐོག་མར་གཡོ་བའི་ཉམས་ལུ་གུ་རྒྱུད་སྐར་མདའ་རྒྱུག་པ་བཞིན་ནོཿ བར་དུ་ཐོབ་པའི་ཉམས་འདབ་ཆགས་མཁའ་ལ་རྒྱུ་བ་བཞིན་ནོཿ རྗེས་ལ་གོམ་པའི་ཉམས་རི་དྭགས་རྩིབ་ལ་རྒྱུག་པ་བཞིན་ནོཿ ༈ རིམ་བཞིན་གོམ་ཆ་བརྟན་པའི་ཚེཿ དབྱིངས་དང་ཐིག་ལེ་ལུ་གུ་རྒྱུདཿ ཆོས་ཉིད་ཇི་བཞིན་མཐོང་བའི་ཚེཿ མངོན་སུམ་སྣང་བ་ཆེན་པོའོཿ དེ་ལྟར་ཇི་བཞིན་ངོ་འཕྲོད་ཚེཿ སློབ་བུ་རྣམ་སྣང་ཆོས་བདུན་གྱིསཿ བླ་མའི་དྲུང་དུ་གནས་པ་ལཿ བླ་མ་གསང་སྒྲུབ་བསྐྱེད་རིམ་འབོགཿ བྱིན་ཆེན་གནད་ལ་དབབ་པར་བྱཿ གང་ཡང་གཏད་སོ་བྲལ་བ་ཡིསཿ སྨྱོན་པ་ལྟ་བུར་གྱུར་པའི་ཚེཿ མངོན་རྫོགས་རྒྱལ་པོའི་ཞིང་ཁམས་དངཿ ཆོས་ཀྱི་དབྱིངས་དང་སྤྲོས་བྲལ་ཞིངཿ འདུས་མ་བྱས་པའི་ཞིང་རྣམས་སུཿ རིག་པ་གཏད་ཅིང་བྱིན་ཆེན་དབབཿ ཁྱུང་ཆེན་ལྡིང་སྟབས་ལན་དགུ་བྱཿ དེ་ཚེ་བློ་འདས་ཆོས་ཟད་ཀྱིསཿ རྟོགས་པ་གདེངས་ཆེན་མངོན་གྱུར་པཿ དབང་ལས་གྱུར་པའི་ཡེ་ཤེས་ཀྱིཿ འབྲས་བུའི་རྩལ་དབང་ཐོབ་པའོཿ སླར་ཡང་ངོ་སྤྲོད་འདི་བཞིན་གདབཿ ཀྱེ་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ཁྱོད་མ་ཡེངས་པར་ཉོན་ཅིགཿ འདི་ལྟར་རྟོགས་པའི་ཡེ་ཤེས་ཀ་ནས་དག་ཅིང་བློ་ལས་འདས་པཿ འཛིན་པས་མ་བཅིང་བློ་ལས་འདས་པཿ སྟོང་གསལ་གྱི་སྤྲོས་པ་ཞིགཿ གཏད་སོའི་ཡུལ་སྟོངཿ འཁོར་བ་མྱང་འདས་ཀྱི་མིང་དང་མཚན་མ་བྲལཿ ཕྲ་བའི་རླུང་འགགསཿ རགས་པའི་ཡེ་ཤེས་རྒྱསཿ ཐིམ་ལ་མ་རྨུགསཿ བྱིང་ཞིང་མ་རྨོངསཿ ས་ལེ་ཧྲིག་གེཿ གཞི་ཡི་ཡེ་ཤེས་ལྷུན་གྲུབ་ཀྱི་རྩལ་སྣང་སྐུ་དང་ཐིག་ལེ་འོད་གདངས་ཀྱི་ལེར་གསལ་བ་འདི་ནི་ཆོས་སྐུའི་དགོངས་པའོཿ དེ་ཡང་སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་སྣང་ལ་ངོས་བཟུང་མེད་པ་མེ་ལོང་ཡེ་ཤེསཿ སྣ་ཚོགས་སུ་སྣང་ཡང་ཐ་དད་དུ་མི་དམིགས་པ་མཉམ་པ་ཉིད་ཀྱི་ཡེ་ཤེསཿ གཟུགས་དང་ཁ་དོག་མ་འདྲེས་པར་གསལ་བ་སོ་སོར་རྟོགས་པའི་ཡེ་ཤེསཿ འཕེལ་འགྲིབ་དང་འགྲོ་འོང་སྣ་ཚོགས་སུ་སྟོན་པ་བྱ་བ་གྲུབ་པའི་ཡེ་ཤེསཿ གཞི་ལས་མ་གཡོས་ཤིང་གཞི་ལ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེཿ གཞི་ཀ་དག་ལས་ལྷུན་གྲུབ་ཀྱི་རྩལ་སྣང་ཤར་བར་ངོ་ཤེས་པར་གྱིས་ཤིགཿ ཆོས་ཉིད་འོད་གསལ་གྱི་བར་དོར་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཡང་འདིས་རྩལ་རྫོགས་ཤིང་སྒྲ་འོད་ཟེར་གསུམ་གྱིས་འཇིགས་སྐྲག་སྔངས་གསུམ་ཀྱང་རང་འོད་དང་རང་སྒྲ་དང་རང་ཟེར་ངོ་ཤེས་པ་འདིའི་གནད་ཀྱིས་རྟོགས་པར་འགྱུར་ཏེཿ དེའི་དུས་སུ་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོཿ དེ་ནས་བླ་སློབ་གཉིས་ཀས་དགོངས་པ་གཏད་ཅིང་བླ་མསཿ ༈ ཨེ་མ་ཧོཿ ཆོས་སྐུ་ཀུན་བཟང་ཡབ་ཡུམཿ ལོངས་སྐུ་རྒྱལ་བ་རིགས་ལྔཿ ཡུམ་ཆེན་མཁའ་འགྲོ་སྡེ་ལྔཿ བདག་ཉིད་དྲི་མ་མེད་པཿ ཡུམ་ཆེན་ཤེས་རབ་ཕར་ཕྱིནཿ སྟོན་པ་མངོན་རྫོགས་རྒྱལ་པོཿ དཔལ་ཆེན་ཆེ་མཆོག་འདུས་པ་རྩལཿ ཡུམ་མཆོག་གནམ་ཞལ་ནམ་མཁའི་དབྱིངས་ཕྱུགཿ ཡི་དམ་རྡོ་རྗེ་ཕག་མོཿ མཁའ་འགྲོ་ཁྲོས་མ་ལྷ་ལྔཿ གསང་བདག་དགའ་རབ་དཔའ་བོཿ ཡུམ་ཆེན་གསང་བ་ཡེ་ཤེསཿ མ་ཅིག་བདུད་འདུལ་དྲག་མོཿ གུ་རུ་པདྨ་བཛྲཿ ལྷ་ལྕམ་མནྡྷ་ར་བཿ དམ་ཚིག་དབང་བྱེད་གསང་བའི་བདག་པོཿ ལས་ཀྱི་གཉེར་འཛིན་ཧ་ཡ་གྲཱྀ་ཝཿ ས་མཚམས་འཛིན་པའི་གཤིན་རྗེ་གཤེད་པོཿ གཞན་ཡང་བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་རིགས་ལྔའི་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་དངཿ ཀུན་འདུས་བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ཁྲག་འཐུང་ལག་ན་རྡོ་རྗེཿ ཡུམ་ཆེན་ཐུགས་རྗེས་རྗེས་འཛིན་ཀུན་སྐྱོང་རྡོ་རྗེ་རྣལ་འབྱོརཿ བདག་ལ་དགོངས་སུ་གསོལཿ དམ་ལྡན་རིག་པ་འཛིན་པའི་རྡོ་རྗེའི་སློབ་མ་འདི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་དགོངས་ལ་དབང་བསྐུར་དུ་གསོལཿ བྱིན་གྱིས་བརླབ་ཏུ་གསོལཿ སྨིན་པར་མཛད་དུ་གསོལཿ གྲོལ་བར་མཛད་དུ་གསོལཿ རྟོགས་པ་སྤར་དུ་གསོལཿ བརྟུལ་ཞུགས་བསྐྱེད་དུ་གསོལཿ འཕར་བར་མཛད་དུ་གསོལཿ བྱ་རྩོལ་བློ་འདས་ཆོས་ཟད་ཆེན་པོར་འཚང་རྒྱ་ཞིང་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་མངོན་དུ་བརྙེས་ནས་གཟུགས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་དོན་རྒྱ་ཆེན་རྒྱུན་མི་ཆད་པར་འབྱུང་བར་བྱིན་གྱིས་རློབས་ཤིགཿ མེ་ཏོག་སིལ་མ་འཐོར་བྱ་ཞིངཿ ལེགས་པའི་རྟགས་མཚན་དཔག་མེད་འབྱུངཿ སླར་ཡང་རྡོ་རྗེ་སློབ་དཔོན་ཉིདཿ མངོན་རྫོགས་རྒྱལ་པོའི་སྐུར་བཞེངས་་ཏེཿ འཁོར་འདས་ཟིལ་གནོན་ཏིང་འཛིན་གྱིསཿ ༈ ཧོཿ ཉོན་ཅིག་ཡེ་ཤེས་ལས་དང་དམ་ཚིག་མཁའ་འགྲོཿ རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མ་མོ་ཆེན་མོ་སྔགས་ཀྱི་སྲུང་མཿ འབར་མ་མཆེད་གསུམཿ འདོད་ཁམས་དབང་ཕྱུག་རྡོ་རྗེ་གཤོག་རྒོད་ལ་སོགས་སྔགས་སྲུང་མོ་རྒྱུད་འཁོར་དང་བཅས་པ་རྣམས་དངཿ རྡོ་རྗེ་གཏུམ་པོའི་ཐུགས་སྤྲུལ་མཐུ་ལྡན་དྲང་སྲོང་ཆེན་པོ་གཟའ་རྒོད་ཁྱབ་འཇུག་རཱ་ཧུ་ལ་སྤྲུལ་པའི་གཟའ་ཆེན་མཆེད་བརྒྱདཿ གདུག་པའི་སྤུ་གྲི་མཆེད་གསུམཿ འཛམ་གླིང་དྲེགས་པའི་སྡེ་དཔོན་རྡོ་རྗེ་དགྲ་འཇོམསཿ དགེ་བསྙེན་བསྙོ་ཁ་ནག་པོཿ ལས་བདག་མཚན་མོ་སྒྲ་སྒྲོགཿ བདུད་མགོན་གསོད་བྱེད་མིང་སྲིངཿ དུར་ཁྲོད་བདག་པོ་ཡབ་ཡུམཿ ཁྱེད་རྣམས་ཀྱིས་སྲོག་གི་བདག་པོ་རྡོ་རྗེའི་སློབ་མ་འདི་ཉིད་དབང་བསྐུར་རོཿ འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལམ་སྲོལ་ཚུགས་ལ་མེལ་ཚེ་དང་སྦྱིན་བདག་གྱིས་ཤིགཿ ལེགས་པ་ཆོསཿ ཉེས་པ་ཟློགཿ བཅོལ་བའི་ལས་མ་གཡེལ་ཞིགཿ བཀའ་ལས་མ་འདའཿ དམ་ལས་མ་ཉམསཿ སྲོག་སྙིང་འགས་ཤིང་རྡོ་རྗེའི་དམྱལ་བར་བརླག་ཏ་རེཿ ༈ ཨོཾ་བཛྲ་ཌཱཀྐི་ནི་མ་མ་རཀྨོ་ཧྲཱིཿ ཤག་རུ་རཾ་རཱ་ཧུ་ལ་ཏྲི་ཛཿ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་བཛྲ་ཨི་དན་ན་རཀྐནཿ ༈ དམ་བསྒྲགས་བདུད་རྩི་དྲི་ཆུ་ཡིསཿ སློབ་བུས་མྱོང་ཞིང་ཕྱོགས་བཅུར་འཐོརཿ སྲུང་མའི་སྲོག་གཏད་གཅིག་བརྒྱུད་འདིཿ རྒྱལ་ཚབ་ལས་གཞན་ཐུན་མོང་མིནཿ དེ་ཕྱིར་ཤིན་ཏུ་བཀའ་གཉན་ནོཿ དེ་ཚེ་སློབ་བུས་མོས་གུས་བསྐྱེདཿ བླ་མའི་ཞབས་ཟུང་སྤྱི་བོར་བླངཿ སྨོན་ལམ་བཟང་པོ་རྩེ་གཅིག་བཏབཿ དགའ་སྟོན་ཚོགས་ཀྱི་འཁོར་ལོ་དངཿ ཡོན་འབུལ་སྒོ་གསུམ་བྲན་དུ་སྟོབསཿ མཆོད་སྦྱིན་བཀྲ་ཤིས་བསྔོ་སྨོན་བྱཿ རིག་པའི་རྩལ་དབང་ཆེན་མོ་སྟེཿ ཆོས་སྐུའི་ཞིང་ཁམས་ཆེན་པོ་རུཿ དབུགས་དབྱུང་འབྲས་བུའི་དབང་མཆོག་གོཿ ༈ ཀྱེ་ཧོཿ ༈ སླར་ཡང་སྐལ་ལྡན་བུརཿ མན་ངག་ཐུགས་ཐིག་དགོངས་པའི་གནདཿ འོད་གསལ་ཐོད་རྒལ་ཆེན་པོ་ཡིཿ ངོ་སྤྲོད་རྒྱས་པར་སྟོན་པ་ལཿ ཕ་མའི་འདུ་འཕྲོད་བདེ་སྟོང་ལསཿ དཀར་དམར་དྲོད་རླུང་ལས་བསྐྱེད་པཿ རྡོ་རྗེའི་ལུས་འདི་གྲུབ་ནས་བཟུངཿ ས་ཆུ་མེ་རླུང་ནམ་མཁའི་ཁམསཿ འདུས་པའི་ཡེ་ཤེས་འོད་ལྔ་བོཿ རང་ངོ་མ་ཤེས་བག་ཆགས་བརྟསཿ དེ་ལས་ཨ་འཐས་གཟུགས་སུ་གྲུབཿ གཏི་མུག་ཤ་དང་འདོད་ཆགས་ཁྲགཿ ཞེ་སྡང་རུས་དང་ཕྲག་དོག་རླུངཿ ང་རྒྱལ་དྲོད་ཀྱིས་གསོས་པ་ལསཿ གཟུགས་ཚོར་འདུ་ཤེས་འདུ་བྱེད་དངཿ རྣམ་ཤེས་འཁྲུལ་པ་ལས་བསྐྱེད་པའིཿ རྩ་ཁམས་གནས་ཀྱི་གྲོང་ཁྱེར་དངཿ ཐིག་ལེ་དཀར་དམར་རྟེན་བཅས་སོཿ འོན་ཀྱང་བདེ་གཤེགས་སྙིང་པོའི་ཁམསཿ ཟག་བཅས་དྲི་མའི་སྦུབས་ཞུགས་པའིཿ འོད་རྩ་ཤེལ་གྱི་སྤུ་གུ་ཅནཿ རླུང་ཁྲག་ཆུ་སེར་གྱིས་མ་གོསཿ འོད་རྩ་ཡེ་ཤེས་སྙིང་པོ་ཅནཿ སྲོག་རྩ་སྙིང་གི་དབུས་སུ་གནསཿ ཙིཏྟ་ཤ་ཡི་སྒྲོན་མར་གྲགསཿ ཆོས་ཉིད་རང་བྱུང་སྒྲོན་མ་ནིཿ ངོ་བོ་སྟོང་ལ་རང་བཞིན་གསལཿ ཐུགས་རྗེ་ཀུན་ལ་ཁྱབ་པ་སྟེཿ འོད་ལྔ་རྟ་རྔ་བཅུ་གཤགས་རེའིཿ ནང་གདངས་ཚུལ་དུ་གནས་པའོཿ ཀ་ཏི་ཤེལ་གྱི་འོད་རྩ་ལསཿ སྙིང་ནས་མིག་ཏུ་འབྲེལ་བ་ཡིཿ འོད་རྩ་དར་དཀར་སྐུད་འདྲ་ཟུངཿ རྩ་བ་ཕྲ་ཞིང་རྩེ་མོ་རྒྱསཿ སྒོ་ཡི་ལམ་དུ་གསལ་བའི་ཕྱིརཿ རྒྱང་ཞག་ཆུ་ཡི་སྒྲོན་མ་ཞེསཿ འོད་སྣང་མཐོང་བའི་རྟེན་བྱའོཿ འདི་ནི་ནང་གི་སྒྲོན་མ་གསུམཿ འོད་རྩ་ལས་བྱུང་རྩ་ཕྲན་བཞིཿ རྣ་བ་སྣ་དང་རོ་འཛིན་ལུསཿ ཟུག་པས་དྲི་རོ་རེག་བྱ་ཤེསཿ འོད་དང་རླུང་ཁམས་འདྲེས་པ་ཡིསཿ རྩ་ཁམས་ཡི་གེའི་རྣམ་པ་ཅནཿ ཐུར་དུ་ཟུག་པས་བདེ་སྐྱོང་གིཿ དགའ་བ་བཞི་ཡི་ལས་བྱེད་དོཿ ༧ སྙིང་དབུས་ཡེ་ཤེས་རྣམ་པ་ལྔཿ གབ་པའི་ཚུལ་དུ་གནས་པ་ལཿ མ་རིག་ལས་བྱུང་རྟེན་འབྲེལ་ཆོསཿ ལས་ཉོན་བག་ཆགས་ལས་བསྐྱེད་པསཿ གཟུང་འཛིན་འཁྲུལ་བ་ཨ་འཐས་ཀྱིསཿ བདག་མེད་བདག་དང་གཞན་མེད་གཞནཿ འགྲོ་དྲུག་ལུ་གུ་རྒྱུད་དུ་འཁྱམསཿ དེ་ལ་སྦྱང་གཞི་སྦྱོང་བྱེད་ཆོསཿ མ་དག་གཟུགས་ཀྱི་ཕུང་པོ་ལཿ རྩ་དང་རླུང་དང་ཐིག་ལེའི་ཁམསཿ སྦྱང་གཞི་ལས་ཉོན་བག་ཆགས་འཁྲུལཿ སྐུ་ལྔ་ཡེ་ཤེས་རང་ཞལ་མཐོངཿ སྐྱོང་བྱེད་ཨ་ཏི་རྫོགས་པ་ཆེཿ ཐབས་ལ་བརྟེན་ནས་གྲོལ་བའི་ལམཿ སྐད་ཅིག་གཅིག་གིས་བྱེ་བྲག་བྱེདཿ སྐད་ཅིག་གཅིག་གིས་འབྲས་བུ་ཐོབཿ སྒྲོན་དྲུག་གནད་དུ་གཅུན་པ་ཡིསཿ རྡོ་རྗེ་བཞི་ཡི་རྩལ་རྫོགས་ནསཿ བློ་འདས་བུམ་སྐུར་འུབ་ཆུབ་པཿ སྣང་བ་བཞི་ཡི་ངོ་སྤྲོད་བསྟནཿ དེ་ཡང་བཞུགས་སྟངས་གཟིགས་སྟངས་ཀྱིསཿ གནད་ཀྱི་ནང་གདངས་ཕྱིར་ཤར་ཚེཿ རྒྱང་ཞག་ཆུ་ཡི་སྒྲོན་མའི་གདངསཿ རིག་པ་རྡོ་རྗེའི་ལུ་གུ་རྒྱུདཿ མུ་ཏིག་ཕྲེང་བའམ་གསེར་སྐུད་ལྟརཿ ཁ་དོག་མེད་ཅིང་དབྱིབས་དང་ལྡནཿ རླུང་གི་རྐྱེན་གྱིས་འགྲོ་འོང་ལྡནཿ འཁྲུལ་པའི་རྐྱེན་གྱིས་གསལ་སྒྲིབ་མངཿ རིག་པའི་རྐྱེན་གྱིས་ས་འཚམས་འཛིནཿ འོད་ལ་རྟག་ཏུ་ཉམས་ལེན་གཅེསཿ ཙིཏྟ་ཤ་ཡི་སྒྲོན་མའི་གདངསཿ འོད་ལྔའི་ཐིག་ལེ་ཟླུམ་པོར་འཁྱིལཿ ཉོན་མོངས་ཡེ་ཤེས་དག་བྱེད་ཕྱིརཿ གཏི་མུག་ཅན་ལ་མཐིང་ཤེད་ཆེཿ འདོད་ཆགས་ཅན་ལ་དམར་བར་སྣངཿ ཞེ་སྡང་ཅན་ལ་དཀར་ཆ་གསལཿ ང་རྒྱལ་ཅན་ལ་གསེར་འོད་རྒྱསཿ ཕྲག་དོག་ཅན་ལ་ལྗང་བར་འཆརཿ དེ་ཡང་ཡེ་ཤེས་རང་འོད་དོཿ ༧ ཆོས་ཉིད་རང་བྱུང་སྒྲོན་མའི་གདངསཿ དབྱིངས་ཆེན་རྣམ་དག་སྒྲོན་མ་ནིཿ སྐུ་དང་ཡིག་འབྲུ་ཕྱག་མཚན་གཟུགསཿ ལྷོད་ཚེ་འཆར་ཞིང་དཔྱད་ཚེ་ཡལཿ འོད་ལྔ་རྩིབ་ཤར་གྱེན་འགྲེང་དངཿ མཆོད་རྟེན་ཁང་བུ་ཡུལ་སྣང་འཆརཿ རེ་ལྡེ་མིག་མངས་ཟ་འོག་བཀྲམཿ ཐོག་མ་ཉིད་ནས་འཆར་བ་སྟེཿ སྐྱེ་སྔོན་སྦྱངས་པ་མཐར་ཕྱིན་དངཿ ལས་ལྡན་རྩ་རིག་དྭངས་པ་ལཿ སྐུ་དང་ཞིང་ཁམས་ལ་སོགས་ཏེཿ དག་དང་མ་དག་སྣ་ཚོགས་པའང་འཆརཿ དེ་ལྟར་སྒྲོན་མ་དྲུག་གི་ལམཿ ཆོས་ལོངས་སྤྲུལ་སྐུའི་བཞུགས་སྟངས་དངཿ གཟིགས་སྟངས་གསུམ་གྱིས་གནད་གཅུན་ཏེཿ མི་གནས་མི་གཡོ་ཐོབ་པ་གསུམཿ གཟེར་གྱིས་བཏབ་ལ་ལ་བཟླ་བཿ འོད་གསལ་ཆེན་པོའི་འཆར་སྒོ་གནདཿ ཐོད་རྒལ་ཉིད་དུ་ལ་བཟླ་བཿ ཐོག་མར་་ཉི་མར་སེར་ཁྲིད་དངཿ ཟླ་བ་དཀར་ཁྲིད་མར་མེར་དམརཿ ཅུང་ཟད་དབྱིངས་རིག་ངོ་འཕྲོད་ནསཿ ཉིན་མོར་ནམ་མཁའ་དྭངས་པའི་ངོརཿ མཚན་མོར་མུན་པའི་རྣལ་འབྱོར་བསླབཿ དབྱིངས་དང་ཐིག་ལེ་རིག་པ་གསུམཿ ཆོས་ལོངས་སྤྲུལ་པའི་རང་གདངས་ཏེཿ དབྱིངས་ཀྱི་གོ་རར་ཐིག་ལེ་བཀོདཿ ཐིག་ལེའི་དཀྱིལ་དུ་རིག་པ་བཞགཿ ཐོག་མར་བསྒྲིམས་ཤིང་བར་དུ་ལྷོདཿ ཐ་མར་རང་བབ་ངང་མདངས་སྐྱོངཿ ཞེན་མེད་འཛིན་མེད་མ་རྩོལ་བའིཿ རྩོལ་བ་ཆེན་པོའི་གནད་དམ་པཿ འདི་དོན་བླ་མའི་ཞལ་ལས་ཤེསཿ ༈ དེ་ནས་འོད་གསལ་རྫོགས་པ་ཆེའིཿ སྣང་བ་བཞི་ཡི་ས་མཚམས་ནིཿ ཉིན་སྣང་ནམ་མཁའ་དྭངས་པའི་ངོསཿ མཚན་སྣང་མུན་པའི་དཀྱིལ་འཁོར་དབུསཿ དབྱིངས་རིག་ཇི་བཞིན་ངོས་ཟིན་ནསཿ དཀར་ཤས་ཆེ་ན་འོག་ཏུ་གཏདཿ སེར་ཤས་ཆེ་ན་གཡས་སུ་གཏདཿ དམར་ཤས་ཆེ་ན་གཡོན་དུའོཿ ལྗང་ཤས་ཆེ་ན་སྟེང་དུ་གཏདཿ མཐིང་ཤས་ཆེ་ན་དབུས་ཉིད་དོཿ དེ་ཚེ་འོད་ལྔ་ཆ་སྙོམས་ཤིངཿ ལུག་རྒྱུད་འཕེལ་ཞིང་རིག་པ་དྭངསཿ ནང་དུ་ཉོན་མོངས་རྣམ་རྟོག་ཀུནཿ ཆུ་ལ་ཆུ་བུར་ཐིམ་པ་བཞིནཿ ཤར་གྲོལ་དུས་མཉམ་རང་སར་ཞིཿ གང་ཡང་བདག་མེད་ཆེན་པོར་རྟོགསཿ ལུས་བདེ་ངག་དཀོན་ཡིད་འཕྱོ་ཚེཿ ཆོས་ཉིད་མངོན་སུམ་སྣང་བའོཿ ༧ དེ་ལ་གོམ་ཞིང་འདྲིས་པའི་མཐརཿ དབྱིངས་རིག་སྨིན་མཚམས་དང་བྲལ་ཞིངཿ དབྱིངས་ཉིད་ཡུལ་སྣང་ཀུན་ཏུ་ཁྱབཿ ཐིག་ལེ་ཐིག་ཕྲན་རབ་འཕེལ་ཞིངཿ ཉིས་སྦྲེལ་དང་ནི་སུམ་སྦྲེལ་འཆརཿ ལུ་གུ་རྒྱུད་ནི་ཅུང་ཟད་དལཿ འདབ་ཆགས་མཁའ་ལ་འཕུར་བ་ལྟརཿ ཐིག་ལེར་ཡིག་འབྲུ་སྐུ་གཟུགས་ཀྱིཿ རྣམ་པ་མ་ངེས་སྣ་ཚོགས་འཆརཿ དེ་ཡང་ནང་གདངས་ཕྱི་ཤར་ལྟའིཿ རགས་པའི་རྣམ་རྟོག་སྟོབས་ཆུང་ཞིངཿ ཕྲ་བའང་བདེན་པར་མ་གྲུབ་ཅིངཿ ལུས་གཡོ་ངག་སྨྲ་སེམས་དལ་ཞིངཿ རིག་པ་མ་བཅོས་སོ་མའི་ངངཿ དད་དང་སྙིང་རྗེ་ཤུགས་འབྱུང་སྐྱེསཿ རྨི་ལམ་ངོས་ཟིན་གསལ་སྣང་ཆེཿ རེ་འགར་སྟོང་གཟུགས་དག་མཐོང་ཞིངཿ འདི་ལ་གོམ་ཞིང་འདྲིས་པའི་མཐརཿ ལོག་པའི་ལྟ་བ་དབྱིངས་སུ་ཡལཿ སྣང་བ་དག་པ་རབ་འབྱམས་འཆརཿ ཉམས་སྣང་གོང་འཕེལ་སྣང་བའོཿ ༧ དེ་ནས་དབྱིངས་སྣང་ཡུལ་ཀུན་ཁྱབཿ ཐིག་ལེ་ལྔ་ཚོམ་རིགས་ལྔའི་སྐུཿ ཡབ་ཡུམ་ཞལ་ཕྱག་ཤིན་ཏུ་གསལཿ སྐབས་འགར་ཆེ་ཆུང་མ་ངེས་པཿ སྐུ་ཡི་རྣམ་པས་ཡུལ་ཀུན་ཁྱབཿ ལུ་གུ་རྒྱུད་ནི་དལ་གྱིས་འགྲོཿ ལུས་ནི་རུས་སྦལ་མཁར་གཞོང་བཞིནཿ ངག་ནི་པི་ཝཾ་རྒྱུན་ཐག་ཆདཿ སེམས་ཀྱི་འཁྲུལ་སྣང་གཞི་སྟོང་ཞིངཿ གང་ཤར་བདེན་མེད་སྒྱུ་མར་རྟོགསཿ འོད་སྣང་རང་གདངས་ཡིན་པར་ཤེསཿ སེང་གེའི་གསོབ་ལྟར་མཚང་རིག་ཅིངཿ མཚན་མོར་མུན་པའི་རྣལ་འབྱོར་ལཿ དག་པའི་ཞིང་ཁམས་འགའ་འགའ་མཐོངཿ དེ་ཡང་རང་བཞིན་མེད་པར་རྟོགསཿ ༧ མ་བསླབ་ཆོས་རྣམས་རང་བཞིན་ཤེསཿ ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལཿ སྐབས་འགར་ལྟ་བའི་གླུ་དབྱངས་ལེནཿ དེ་ལ་གོམ་ཞིང་འདྲིས་པའི་མཐརཿ དབྱིངས་ཉིད་ཞིང་ཁམས་རྣམ་པ་ལཿ ཐིག་ལེ་རི་རབ་ཙམ་གྱི་དབུསཿ ཀུན་བཟང་ཡབ་ཡུམ་རྒྱན་མེད་གསལཿ འགའ་རེར་ཡུངས་འབྲུ་ཙམ་པའང་འཆརཿ དེ་ཚེ་སྐྲ་དཀར་གཉེར་མ་སོགསཿ ཤུགས་ཀྱིས་དག་ཅིང་སོའུའང་སྐྱེཿ གཞོན་ཤ་ཆགས་ཤིང་གཞན་ཡིད་འོང་ཿ ཅི་སྨྲས་ཆོས་ཀྱི་གཏམ་བྱེད་ཅིང་ཿ ཀུན་ཀྱི་རྣ་བར་བུ་རམ་མཚུངསཿ ལུས་ནི་གར་སྟབས་སྣ་ཚོགས་བསྒྱུརཿ ངག་ནི་རེས་འགར་སྨྱོ་ཚིག་རྡོལཿ སེམས་ནི་གཞི་མེད་རྩ་བྲལ་གྱིསཿ བག་ཆགས་རྣམ་རྟོག་དབྱིངས་སུ་ཡལཿ འདི་ནི་ཚད་ཕེབས་སྣང་བ་སྟེཿ ཆོས་ཅན་རགས་པ་ཀུན་དག་ཅིངཿ ཕྲ་བའང་ཇེ་འཇོག་ཙམ་དུའོཿ ༈ དེ་ནས་འོད་གསལ་རྫོགས་ཆེན་གྱིཿ འབྲས་བུ་མངོན་དུ་གྱུར་འདོད་ཚེཿ དབྱིངས་སྣང་སྐུ་དང་ཞིང་ཁམས་ཀུནཿ དབྱིངས་སུ་ཡལ་ཞིང་འཛིན་ཞེན་དགཿ ཕྱི་སྣོད་ནང་བཅུད་འབྱུང་ལྔ་ཀུནཿ འོད་སྣང་གཟུགས་སུ་ལམ་ལམ་འཆརཿ སྒྱུ་མ་ལུས་ཀྱི་འཛིན་ཞེན་དགཿ རིག་པ་གཏད་མེད་འོད་དུ་གསལཿ ཤེས་སྒྲིབ་ཕྲ་བའི་ཆ་དག་ཅིངཿ རྣམ་རྟོག་ཡེ་ཤེས་ལྔ་རུ་འཆརཿ སྒྲ་ཀུན་བྲག་ཆ་ལྟར་སྒྲོགས་ཤིངཿ ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་སྟོནཿ སྐབས་འདིར་ལོངས་སྤྱོད་རྫོགས་པ་ཡིཿ ༧ འཕོ་བ་ཆེན་པོའི་སྐུར་ཤར་ནཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ མགྲིན་པ་རྡོ་རྗེའི་གསང་མཛོད་རྡོལཿ སྣང་བ་བརྡ་དང་དཔེ་ཆ་འཆརཿ དགོངས་པ་གཏད་པས་སེམས་ཅན་གྲོལཿ བསད་པ་གསོ་ནུས་བར་དོ་ཡིཿ ཡིད་ཀྱི་ལུས་ཅན་ཐམས་ཅད་གྲོལཿ རོ་ལ་རྣམ་ཤེས་འཇུག་པ་དངཿ ལུས་ལྡན་རྣམ་ཤེས་དབྱིངས་སུ་སྤརཿ འབྱུང་བ་ལྔ་ལ་རང་དབང་ཐོབཿ མཁའ་ལ་འཕུར་ཞིང་བྱེ་མའངཿ གསེར་དུ་སྒྱུར་སོགས་རྫུ་འཕྲུལ་ཐོབཿ ཚེ་དང་སྐྱེ་འཆིར་རང་དབང་ཐོབཿ ༈ འདི་ནི་ལོངས་སྤྱོད་རྫོགས་སྐུར་དངོསཿ གཤེགས་ཚེ་ན་བུན་དྭངས་པ་བཞིནཿ དགོངས་པ་གཏད་ཚད་དང་བཅས་གྲོལཿ སྒྲ་འོད་ས་གཡོ་མེ་ཏོག་གིཿ ཆར་འབེབས་རྟགས་མཚན་མང་དུ་འབྱུངཿ འགྲོ་དོན་མཆོག་གི་སྤྲུལ་སྐུར་མཉམཿ འཕོ་མེད་ཆེན་པོར་ལ་བཟླ་ནཿ ལུས་ནི་དུར་ཁྲོད་མི་རོ་བཞིནཿ ངག་ནི་གཞན་གྱི་ལད་མོར་སྒྲོགསཿ སེམས་ཀྱི་བག་ཆགས་ཀུན་དག་པསཿ རིག་པ་ཆོས་སྐུར་མྱ་ངན་འདསཿ གཤེད་མ་བརྒྱ་ལ་ཉམ་མི་ངཿ འབྱུང་བ་བཞི་ཡི་གནོད་པ་བྲལཿ འཕོ་ཚེ་ཟག་བཅས་འོད་སྐུར་གྲོལཿ དེ་ཡང་ཉམས་ལེན་སྟོབས་ཤུགས་ཀྱིསཿ སྙིགས་མའི་ལྷག་མ་འཇོག་པའང་མངཿ མཐོང་ཐོས་དྲན་རེག་ཀུན་གྲོལ་ཞིངཿ གཞོན་ནུ་བུམ་སྐུར་བཙན་ས་ཟིནཿ ༧ ཚད་ཕེབ་རྣལ་འབྱོར་ཟག་བཅས་ལུསཿ རྡུལ་ཕྲན་ཆ་མེད་དེང་བ་དངཿ འགའ་རེར་གདུང་དང་རིང་བསྲེལ་འབྱུངཿ རུས་པ་སྐུ་རུ་འགྱུར་བའང་ཡོདཿ དེ་སོགས་འོད་གསལ་རྫོགས་པ་ཆེའིཿ ལམ་གྱི་སྦྱང་བགྲོད་རྫུ་འཕྲུལ་སོགསཿ ཐོད་རྒལ་ཆེན་པོ་འདི་ཡིས་འགྲུབཿ སྦྱོར་སྒྲོལ་ལམ་གྱི་གནད་ཀུན་ཀྱིཿ སེམས་ཀྱི་བཙན་ས་ཟིན་ན་ཡངཿ རྩ་རླུང་ཐིག་ལེ་ལུས་ཀྱི་ཁམསཿ འོད་ཀྱི་སྐུ་རུ་གྲོལ་ནས་ཀྱངཿ ཆོས་སྐུའི་དབྱིངས་སུ་འཕྱོ་བ་ལཿ གདམས་པ་འདི་ནི་མཆོག་ཉིད་དོཿ ས་མ་ཡཱཿ འོད་གསལ་རྫོགས་པ་ཆེན་པོ་ཡིཿ ཉམས་ལེན་གནད་ཀྱི་གཞུང་ཤིང་ངོཿ དབང་རབ་ཚེ་འདིར་གྲོལ་བའི་ཆོསཿ དྲི་མ་མེད་པའི་ཐུགས་ཀྱི་བཅུདཿ ཤིན་ཏུ་ཡང་ཟབ་ཨེ་མ་ཧོཿ ༈ ད་ནི་དབང་པོ་འབྲིང་གི་ལམཿ འཆི་ཁར་བར་དོར་གྲོལ་བ་ཡིཿ གདམས་པ་བསྟན་ནོ་ལེགས་པར་ཉོནཿ རང་བཞིན་སྐྱེ་གནས་བར་དོ་ཞེསཿ གཉིས་སྣང་འཁྲུལ་པའི་བག་ཆགས་ལཿ བདེན་པར་བཟུང་ཞིང་རྣམ་པར་གཡེངསཿ བདག་མེད་བདག་དང་གཞན་མེད་གཞནཿ གཟུང་འཛིན་མཐུ་ལས་བསྐྱེད་པ་ཡིསཿ འཁོར་བ་ལུ་གུ་རྒྱུད་དུ་འཁྱམསཿ སེང་གེའི་གསོབ་ལྟར་མཚངས་རིག་ཅིངཿ གང་ཡང་མཉམ་ཤར་བཟང་ངན་མེདཿ མཉམ་གྲོལ་བྱ་ལམ་རྗེས་མེད་པརཿ རྨི་ལམ་སྒྱུ་མའི་ལམ་ཁྱེར་གནདཿ རྨི་ལམ་བར་དོ་ཞེས་བྱ་བཿ སྟོང་གཟུགས་འཁྲུལ་སྣང་བདེན་པར་བཟུངཿ ཆགས་སྡང་རེ་དོགས་ཉིན་སྣང་ལྟརཿ འཁྲུལ་པ་འཁྲུལ་པའི་དབང་ཤོར་བཿ རང་བཞིན་མེད་པར་མ་རྟོགས་ནཿ བར་དོར་གྲོལ་བར་མི་འགྱུར་ཏེཿ ཉིན་སྣང་འཁྲུལ་བས་མ་བསླུས་ཤིངཿ རྨི་ལམ་ལྟ་བུར་རྟོགས་པ་ཡིཿ རྣལ་འབྱོར་རྨི་ལམ་རྨིས་པའི་ཚེཿ ཉམས་ལེན་རྩིས་དང་མ་བྲལ་བརཿ རིག་པ་གཏད་ཚེ་ངོས་ཟིན་ནཿ སྤྲུལ་བསྒྱུར་རོལ་རྩལ་སྣ་ཚོགས་ནུསཿ ཉིན་སྣང་མཚན་སྣང་འདྲེས་པའི་ཚེཿ བར་དོར་གྲོལ་བར་ང་ཡིས་སྨྲཿ སྟོང་ཉིད་སྤྲོས་དང་བྲལ་བ་ལཿ འཛིན་ཞེན་བྲལ་བའི་རིག་པ་ཤརཿ ༈ དེ་ལ་བླ་མའི་མན་ངག་གིསཿ གཟེར་ཐེབས་ཆོས་ཉིད་རང་ངོ་ཤེསཿ ཉིན་མཚན་སྒོམ་མེད་ལ་བཟླ་བཿ གཞི་ལས་མ་འཁྲུལ་གཞི་ཉིད་རྟོགསཿ ཆོས་སྐུ་རང་སར་ཟིན་པ་སྟེཿ འཆི་ཁ་བར་དོར་གྲོལ་བར་འགྱུརཿ དེ་ཡང་རྫོགས་ཆེན་རྣལ་འབྱོར་བཿ འཆི་རྐྱེན་ཐོག་ཏུ་བབ་པའི་ཚེཿ སྦྱང་བགྲོད་ཆེ་ཆུང་ཤུགས་ཉིད་ལསཿ ཐིམ་རིམ་འཆར་དང་མི་འཆར་གཉིསཿ འབྲིང་གི་རབ་ནི་བླ་མའམཿ ཡི་དམ་ལྷ་ཡི་ལུང་བསྟན་ལསཿ བུ་ཁྱོད་གཤེགས་པའི་དུས་བབ་པོཿ བརྗོད་པའི་མོད་ལ་འཆི་བར་ཤེསཿ རང་ཉིད་རང་དབང་ཐོབ་བཞིན་དུཿ ཚེས་གྲངས་དུས་ཚོད་སྐབས་སྦྱར་ཏེཿ རིག་པ་ཆོས་སྐུའི་ཀློང་དུ་གཏདཿ འོད་གསལ་ཆེན་པོའི་སྣང་བ་འཆརཿ འཕོ་བྱ་འཕོ་བྱེད་ལས་འདས་ཤིངཿ སྐད་ཅིག་ཉིད་ལ་རྫོགས་སངས་རྒྱསཿ གདུང་དང་རིང་བསྲེལ་འཇའ་འོད་དངཿ དྲི་ཞིམ་རོལ་མོའི་སྒྲ་ཡང་གྲགསཿ འབྲིང་གི་ཕྱི་དབུགས་ཆད་པའི་ཚེཿ རིག་པ་དབྱིངས་སུ་མ་ཐིམ་པའིཿ བར་དེར་སྐད་ཅིག་བདུན་གནས་ཏེཿ སྔོན་གྱི་གོམ་འདྲིས་བརྟན་པ་ལཿ ཆོས་ཉིད་འོད་གསལ་ངོ་སྤྲོད་དགོསཿ བླ་མའམ་ནི་མཆེད་གྲོགས་ཀྱིསཿ རྣ་བར་ཁ་གཏད་མིང་ནས་འབོདཿ ༈ ཀྱེ་རིགས་ཀྱི་བུཿ ཁྱོད་ཉིད་གཤེགས་པའི་དུས་ལ་བབ་པོཿ ད་ལྟ་ཅི་ཡང་མ་གྲུབ་པའི་ནམ་མཁའ་གཡའ་དག་པ་ལྟ་བུ་འདི་གཞི་ཡི་འོད་གསལ་རིག་པ་ཆོས་སྐུ་ཀ་དག་གི་ངོ་བོ་ཡིན་པས་ཤེས་པ་གཞན་དུ་མ་ཡེངས་པར་དེ་ལ་གཏོད་ཅིགཿ བླ་མའི་ཐུགས་ཡིན་པས་དེའི་ཀློང་དུ་བསྲེས་ཤིགཿ ངོ་ཤེས་པར་གྱིས་ཤིགཿ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོཿ ༈ ཞེས་སྐད་གདངས་ཆེན་པོས་ལན་གསུམ་བརྗོད་ཅིང་རང་གིས་ཀྱང་རིག་པའི་ངང་གདངས་ལས་ཁོང་གི་རྣམ་ཤེས་རིག་པའི་ངོ་བོ་ཀ་དག་བླ་མའི་ཐུགས་ཀློང་དུ་སྤར་བར་མོས་ལཿ ༈ ཕཊཿ དྲག་པོ་ལན་ལྔ་བརྗོདཿ ༈ འདི་ནི་རྣལ་འབྱོར་བ་ཡི་ངོ་སྤྲོད་དངཿ ཆོས་སྐུ་ལྟ་བ་རྒྱས་འདེབས་འཕོ་བའོཿ དབང་འབྲིང་ཐམས་ཅད་སྐབས་འདིར་གྲོལ་བར་འགྱུརཿ ཐེབས་པའི་རྟགས་སུ་སྣ་ནས་དཀར་དམར་འབྱུངཿ ལུས་ཆགས་དྲི་ཞིམ་བྲོ་ཞིང་འཇའ་འོད་འཆརཿ ནམ་མཁའ་གཡའ་དག་སྒྲ་དང་ས་གཡོ་སྲིདཿ ༈ འབྲིང་གི་ཐ་མར་སྐབས་འདིར་མ་གྲོལ་ནཿ ཉིན་གསུམ་བར་དུ་ལན་རེར་སྐྱར་བའང་བྱེདཿ དེ་ཡིས་གྲོལ་བར་འགྱུར་བའང་འགའ་འགའ་སྲིདཿ མ་པང་བུ་འཇུག་ལྟ་བུའི་གདམས་པ་སྟེཿ འཆི་ཁ་བར་དོར་བླ་མའི་མན་ངག་གནདཿ འདི་ལ་རྟག་ཏུ་ནན་ཏན་ཆེན་པོས་འབདཿ རྟ་ཁ་སྲབ་ཀྱིས་བསྒྱུར་བའི་དུས་ཉིད་དུཿ ཆོས་སྐུའི་ཀློང་དུ་འཕོ་བ་འཕོ་བའི་རྒྱལཿ གོམ་འདྲིས་ཅན་གྱིས་བར་དོར་བགྲོད་མི་དགོསཿ ཚད་ཕེབ་ཐོབ་པའི་སློབ་དཔོན་ལྟ་སྒོམ་ཅནཿ ཚེ་འདི་ཐེ་ཚོམ་ཆུང་ཞིང་དད་ཤུགས་ལྡནཿ སྡིག་ལྡན་ཡིན་ཡང་བཙན་ཐབས་དག་ཞིང་དུཿ ༈ འཆི་ཁར་བར་དོར་འཕོ་བར་བྱེད་པ་ནིཿ གཤིན་པོ་དབུགས་དང་བྲལ་ལ་ཁད་ཉིད་དུཿ ཡི་དམ་ལྷ་ཡི་ང་རྒྱལ་བརྟན་པོ་ཡིསཿ བགེགས་དང་བྲལ་ཞིང་གཤིན་པོའི་ལུས་དེ་ཉིདཿ རྡོ་རྗེ་ཕག་མོའི་སྐུ་རུ་ལམ་གྱིས་བསྒོམཿ སྤྱི་བོའི་ནམ་མཁར་པདྨ་འབྱུང་གནས་ནིཿ རྩ་བའི་བླ་མ་ཐོད་ཕྲེང་རྩལ་དུ་བསྒོམཿ ཁོ་ཡི་ཕྱི་དབུགས་ཆད་དང་ལྷན་ཅིག་ཏུཿ ཨེ་མ་ཧོཿ ༧ ཀུན་བཟང་རྡོ་རྗེ་འཆང་ཆེན་དྲི་མ་མེདཿ རིགས་ལྔའི་སངས་རྒྱས་དགའ་རབ་དཔའ་བོ་དངཿ ཤྲཱྀ་སེང་འཇམ་དཔལ་བཤེས་གཉེན་བཱི་མ་ལཿ པདྨ་ཐོད་ཕྲེང་ལྷ་ལྕམ་མནྡྷ་རཿ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་བརྒྱུད་པར་བཅསཿ རྩ་བའི་བླ་མ་ཁྲག་འཐུང་དཔའ་བོ་ལཿ གསོལ་བ་འདེབས་སོ་དམིགས་ཡུལ་རྗེས་སུ་ཟུངཿ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབསཿ མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པ་དངཿ དམིགས་ཡུལ་རྣམ་ཤེས་དག་པའི་ཞིང་དུ་དྲོངསཿ རིག་པའི་ངོ་བོ་ཨཱཿདཀར་དྲི་མ་མེདཿ དབུ་མའི་ལམ་ནས་སྐར་མདའ་ཆད་པ་བཞིནཿ རིགས་བདག་བླ་མའི་ཐུགས་ཀློང་དབྱེར་མེད་འདྲེསཿ ཨཱ་ཨཱ་ཨཱ་ཨཱ་ཨཱཿ ཕཊཿ ༈ ལྔ་ཚར་བརྗོད་ཅིང་དམིགས་པའི་གཞུར་ལ་དྲངསཿ ཁོ་ཡི་རྣམ་ཤེས་བླ་མའི་ཐུགས་ཀློང་བསྲེཿ དེ་དང་ལྷན་ཅིག་ཁོ་ཡི་ཚེ་འཕོས་ནཿ བཙན་ཐབས་ཉིད་དུ་དག་ཞིང་སྐྱེ་བར་ངེསཿ བླ་མའི་ལྟ་དགོངས་དག་ལ་རག་ལས་སོཿ རང་གཞན་འཆི་ཁ་བར་དོའི་གདམས་པའོཿ ༈ དེ་ཡང་སྐབས་ཀྱི་གདམས་པ་ལཿ རང་གཞན་སྐྱེ་གནས་བར་དོའི་ཚེཿ སྐབས་སུ་ལུས་ཀྱི་སྣང་བ་བྲལཿ ནམ་མཁར་འཕུར་དང་ཞིང་ཁམས་བགྲོདཿ ཆོས་ཉིད་ཉམས་ཀྱི་སྣང་བ་ལཿ དག་པ་སྐུ་གསུམ་ཞིང་ཁམས་དངཿ མ་དག་རིགས་དྲུག་སྣང་ཚུལ་མཐོངཿ སྣ་ཚོགས་པ་ཡི་སྒྲ་ཐོས་ཤིངཿ འཆི་བར་མི་འཇིགས་གདེངས་ཐོབ་བོཿ སྔ་མའི་སྦྱང་བགྲོད་རྟགས་ཡིན་ཏེཿ རྨི་ལམ་བར་དོར་སྤྲུལ་བསྒྱུར་ནུསཿ དག་པའི་ཞིང་ཁམས་འགའ་འགའ་བགྲོདཿ གནོད་སྦྱིན་ཤ་ཟ་སྲིན་པོ་སོགསཿ འགའ་འགས་བཏུད་ཅིང་འཁྲུལ་སྣང་ཞིཿ རྨི་ལམ་སྒྱུ་མའི་རོལ་གར་བཞིནཿ འལ་འོལ་ཕྱད་ཕྱོད་ཉིད་དུ་འགྲོཿ འདི་ལྟ་བུ་ཡི་རྣལ་འབྱོར་པཿ འཆི་ཁ་བར་དོའི་དུས་ཀྱི་ཚེཿ བླ་མས་ལུང་སྟོན་དཔའ་བོ་དངཿ མཁའ་འགྲོའི་ཚོགས་ཀྱིས་བསུ་མ་འོངཿ རིག་པ་མཁའ་སྤྱོད་གནས་སུ་འདྲེནཿ ཐིམ་རིམ་བར་དོའི་སྣང་བ་བྲལཿ ཡི་དམ་ལྷ་དང་མཁའ་འགྲོ་ཡིསཿ བྱིན་བརླབས་ཞབས་ཏོག་ཚུལ་ཉིད་དུཿ ཟག་བཅས་སྙིགས་མའི་ལུས་དེ་ཡངཿ སྤྲུལ་པའི་རྫས་སུ་བྱིན་བརླབས་ནསཿ ཕྱི་ནང་དབུགས་ཀྱི་བར་ཉིད་དུཿ སྤྲུལ་སྐུའི་གནས་སུ་བྱིན་བརླབ་ནུསཿ སླར་ཡང་བརྡ་རྟགས་རྫུ་འཕྲུལ་འབྱོངཿ འབྱུང་ལྔར་ཡུམ་ལྔ་དག་པ་ཡིསཿ ཤ་རུ་རཾ་དང་ཆུ་རུ་རཾཿ མེ་རུ་རཾ་གྱི་རིང་བསྲེལ་དངཿ རུས་པ་རིགས་ལྔའི་བྱིན་བརླབས་ལསཿ སྐུ་དང་ཡིག་འབྲུ་ཕྱག་མཚན་དངཿ ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཡང་འབྱུངཿ དེ་ནི་སེང་གེ་རྩལ་རྫོགས་ཀྱིཿ རྣལ་འབྱོར་ཆེན་པོ་ཞེས་ཀྱང་བྱཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུཿ སླར་ཡང་སྤྲུལ་པའི་དོན་བྱེད་དུཿ ཆོས་སྐུ་ལོངས་སྐུར་ཤར་བ་དངཿ ལོངས་སྐུ་སྤྲུལ་སྐུར་སྒྱུར་བ་ལཿ དབྱིངས་སྣང་མ་དག་སྒྱུ་མར་ཤརཿ རིག་རྩལ་སྤྲུལ་པས་འགྲོ་དོན་བྱེདཿ གཞི་ལ་ཡེ་ཤེས་རླུང་ལྔ་ཡིསཿ སྤྲུལ་པར་ཤར་བའི་སྣང་གཟུགས་ལསཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ དྭངས་མ་སྙིགས་མའི་གཟུགས་ཤར་བཿ ཇི་སྲིད་བར་དུ་འགྲོ་དོན་སྤྱོདཿ ཡུལ་གྱི་སྣང་བ་དག་པའི་ཚེཿ འཇའ་ཚོན་ནམ་མཁར་ཐིམ་པ་བཞིནཿ འོད་སྣང་ལོངས་སྐུའི་ཞིང་དུ་གྲོལཿ རིག་པ་ཡུམ་གྱི་ཀློང་དུ་འདྲེསཿ སྤྲུལ་པ་ཕྲག་བརྒྱས་འགྲོ་དོན་བྱེདཿ འདི་ཡིས་འགྲོ་དོན་མཐའ་རྫོགས་སོཿ འཕོ་མེད་རང་ས་ཟིན་པ་ནིཿ ཚད་ཕེབ་ཟད་སར་འཁྱོལ་བའི་ཚེཿ ཨ་ཧཾ་མི་ཤིགས་ཐིག་ལེའི་ཁམསཿ དྭངས་མ་ལྔ་འདུས་རླུང་དང་འདྲེསཿ སླར་ཡང་འོད་ལྔ་ཡེ་ཤེས་ཀྱིཿ ཟག་བཅས་རྡོ་རྗེའི་སྐུར་ཤར་བའིཿ གཡོ་མེད་ཉིད་དུ་རང་སར་གནསཿ ཡུལ་ལ་མི་འཇུག་ཡུལ་ཅན་གྲོལཿ འཇིགས་མེད་ནམ་མཁའ་དག་དང་མཚུངསཿ དེ་ཚེ་བླ་མས་ལུང་སྟོན་ཞིངཿ དཔའ་བོ་དག་ལ་མཁའ་འགྲོ་དངཿ རྣལ་འབྱོར་མ་ལ་དཔའ་བོ་ཡིསཿ བརྡས་བསྐུལ་ཆོས་ཉིད་ཉམས་སད་ཚེཿ ས་ཆུ་མེ་རླུང་ནམ་མཁའ་ཡིཿ ཏིང་འཛིན་འབྲས་བུ་རང་བྱན་ཆུབཿ དྭངས་མ་འོད་ཀྱི་སྐུ་རུ་དེངསཿ རིག་པ་ལོངས་སྐུར་མངོན་འཚང་རྒྱཿ སྤྲུལ་པ་བརྡ་ཡིས་འགྲོ་དོན་སྤྱོདཿ ཨ་ཧོ་ཆོས་ཉིད་ཡེ་བརྡལ་གྱིཿ རྣལ་འབྱོར་ཆེན་པོ་ངོ་མཚར་ཆེཿ ཀ་དག་གཞི་ཡི་སྣང་བ་དངཿ ལྷུན་གྲུབ་ལམ་གྱི་གྲོལ་ས་ཡིཿ ཁྱད་པར་དྲི་མ་མེད་པའི་རྟོགསཿ དགའ་རབ་དཔའ་བོའི་སྙིང་ནོར་ཏེཿ པདྨ་ཀཱ་རའི་ཁྱད་ཆོས་སོཿ ཡང་ཅིག་འཆི་ཁ་བར་དོ་ལཿ གྲོལ་བའི་རྣལ་འབྱོར་ཁྱེའུ་ཆུངཿ འཆི་བ་ཐོག་ཏུ་བབ་པའི་དུསཿ དུས་ལ་བབ་པའི་མངོན་ཤེས་འཆརཿ རིག་པ་དབྱིངས་སུ་གཏད་མ་ཐགཿ ས་ཉིད་སར་ཐིམ་ལུས་བྱིང་ཞིངཿ ཆུ་ལ་ཐིམ་པས་རི་རབ་ཞིགཿ ཆུ་ཡང་ཆུར་ཐིམ་རྒྱ་མཚོ་འཕྱུརཿ རྡུལ་ཐོན་ཆུ་ཉིད་མེར་ཐིམ་བསཿ ཁ་སྣ་སྐམ་ཞིང་དྲོད་རྟགས་འབྱུངཿ མེ་ཉིད་མེར་ཐིམ་མེ་རི་དངཿ ཚ་གདུང་སྣང་བའང་ཁྱབ་བརྡལ་འབྱུངཿ མེ་ཉིད་རླུང་ལ་ཐིམ་པའི་ཚེཿ ཟུག་གཟེར་དྲག་པོའི་སྣང་བ་དང་ཿ ཅུང་ཟད་འཇིགས་སྐྲག་འབྱུང་བའི་ཚེཿ ༧ བླ་མ་ཡིད་ལ་དྲན་བྱས་ཤིངཿ དྲན་རིག་ངར་ཆ་དང་ལྡན་པསཿ འཁྲུལ་པ་དབྱིངས་སུ་དག་པར་ངེསཿ རླུང་ཉིད་རླུང་ལ་ཐིམ་གྱུར་ཚེཿ རླུང་སྒྲས་སྲིད་གསུམ་གང་བར་འགྱུརཿ རྩ་འདབ་མཐའ་ནས་དྲོད་ལྡོག་ཅིངཿ ཐིམ་རིམ་གཉིས་པ་འཆར་བ་ལཿ གོམ་ཆ་འབྲིང་གི་རྣལ་འབྱོར་པསཿ འདི་ཀུན་སྒྱུ་མ་ལྟ་བུར་འཆརཿ དེ་ཚེ་རགས་པའི་ཐིམ་རིམ་རྫོགསཿ ཕྲ་བའི་ཐིམ་རིམ་སྤྱི་བོ་ཡིཿ ཧཾ་ཡིག་ཐུར་དུ་བབ་པ་ལསཿ དཀར་ལམ་ཟླ་འོད་སྣང་བ་ཤརཿ འདི་ཉིད་རང་ངོ་ཤེས་གྱུར་ནཿ སྦྱོར་སྒྲོལ་རྟོགས་པའི་རྣལ་འབྱོར་པསཿ དགའ་བའི་ཡེ་ཤེས་ཉམས་སུ་མྱོངཿ རླུང་ཉིད་ནམ་མཁར་ཐིམ་པ་སྟེཿ སྣང་བ་མཆེད་པར་བསྡུ་པའོཿ དེ་ནས་ལྟེ་བའི་དམར་ཤས་ཁམསཿ ༧ ཨ་ཐུང་གྱེན་དུ་ལྡོག་པ་ལསཿ དམར་ལམ་ཉི་མའི་སྣང་བ་ཤརཿ ཐབས་དང་ལྡན་པའི་རྣལ་འབྱོར་པསཿ འདི་ཉིད་ངོས་ཟིན་མཆོག་དགའ་སྐྱེསཿ དེ་ཚེ་བླ་མ་རང་སེམས་དངཿ དབྱེར་མེད་གོམ་པའི་རྩལ་རྫོགས་ནཿ སྐད་ཅིག་གསུམ་པར་རྩལ་སྦྱོང་ནུསཿ མཆེད་པ་ཐོབ་པར་ཐིམ་པའོཿ དེས་རྐྱེན་མ་དག་སེམས་ཅན་ལཿ སྲོག་འཛིན་སྙིང་རྗེ་མེད་པ་ཡིཿ བསྐལ་བ་ལས་ཀྱི་རླུང་ཞེས་བྱཿ ཐུགས་ཐིག་རྟོགས་པའི་རྣལ་འབྱོར་ལཿ ༧ ཙིཏྟ་ཤ་ཡི་སྒྲོན་མའི་རྟེནཿ ལྔ་ལྡན་ཆོས་དབྱིངས་ཡེ་ཤེས་རླུངཿ གཡོ་ཞིང་དཀར་དམར་ཁམས་འདྲེས་པའིཿ མུན་ནག་འཐིབ་པོའི་སྣང་བ་ཤརཿ སྡུག་བསྔལ་བདེ་བ་ཆེན་པོ་དངཿ མུན་པའི་རྣལ་འབྱོར་ལ་གོམ་པཿ ༈ ཧེ་རུ་ཀ་ཡི་རྣལ་འབྱོར་པསཿ འདི་ཉིད་ངོ་ཤེས་ལྷན་སྐྱེས་ཀྱིཿ ཡེ་ཤེས་ཆེན་པོའི་རྩལ་རྫོགས་ནསཿ མུན་ཁང་སྒྲོན་མེ་བཏེགས་པ་བཞིནཿ ཐོབ་པ་ཉེར་ཐོབ་ལ་ཐིམ་ཚེཿ གདམས་ངག་བདུན་གྱིས་གྲོལ་འབྲས་ཐོབཿ ༧ བླ་མ་བསྒོམས་ནས་ཞིང་ཁམས་སྡུདཿ ཡི་དམ་བསྒོམས་ནས་དབྱེར་མེད་རྟོགསཿ མཁའ་འགྲོ་བསྒོམས་ནས་རིགས་དྲུག་སྟོངསཿ སྦྱོར་བ་བསྒོམས་ནས་རང་ཞལ་མཇལཿ སྒྲོལ་བ་བསྒོམས་ནས་གཟུང་འཛིན་གཅོདཿ རིགས་དྲུག་བསྒོམས་ཤིང་འཁོར་བ་སྟོངསཿ རིག་པ་གཏོད་ཅིང་གཞི་ཐོག་གྲོལཿ འདི་ནི་ཡང་གསང་ཐུགས་ཐིག་གིཿ སྦས་པའི་མན་ངག་དམ་པའོཿ ༈ དེ་ནས་ཉེར་ཐོབ་འོད་གསལ་ལཿ ཐིམ་པས་ནམ་མཁའ་གཡའ་དག་ལྟརཿ རྐྱེན་གྱིས་མ་གོས་བརྗོད་ལས་འདསཿ ཀ་དག་གཞི་ཡི་སྣང་བ་ནིཿ ཀུན་ཏུ་བཟང་པོའི་དགོངས་ཉམས་ཆེཿ ཤར་ཚེ་ཐི་བྱ་ཚང་འཇུག་ལྟརཿ ངོ་ཤེས་གྲོལ་བ་དུས་མཉམ་དུཿ ཆོས་སྐུའི་ཞིང་དུ་མངོན་འཚང་རྒྱཿ དེ་ལ་རེ་དོགས་མ་མཆིས་ཀྱངཿ མོས་འདུན་འབྲེལ་པས་བསྡུས་པ་ཡིཿ གང་ཟག་འགའ་འགར་གྲོལ་འགྱུར་ཞིངཿ འབྲེལ་ཚད་དོན་ལྡན་ཆེན་པོའོཿ བཙན་ཐབས་འཕོ་བར་བྱེད་པ་ལཿ བར་དོའི་སྣང་བ་མི་འཆར་ཞིངཿ ཐིམ་རིམ་སྐར་མདའ་ཆད་པ་བཞིནཿ འཕོ་བའི་ཤུགས་ཀྱིས་གྲོལ་བ་སྟེཿ སྤྲུལ་སྐུའི་ཞིང་དུ་སྐྱེ་ན་ཡངཿ དྲག་པོའི་གནས་སུ་སྦྱོར་སྒྲོལ་གྱིསཿ བག་ཆགས་ཞིང་གི་ཞག་བདུན་སྦྱོང་ཿ དེ་ནས་ཕྱེད་སྤྲུལ་ལོངས་སྐུ་ཡིཿ ཞིང་ཁམས་ལྔ་ལ་དབུགས་དབྱུང་ནསཿ ཆོས་ཉན་ས་ལམ་སྦྱོང་བགྲོད་མཐརཿ ༈ འོག་མིན་ཁྲོ་བོ་རོལ་པའི་ཞིངཿ དབང་རྫོགས་མངོན་འཚང་རྒྱ་བ་སྟེཿ འདི་ཡང་ཚོགས་གཉིས་འབྲས་བུ་ཡིཿ ཐུས་ཀ་ཅན་གྱི་གང་ཟག་མཆོགཿ ལས་སྨོན་མཐུ་ལས་གྲུབ་པའོཿ ཡང་རབ་སྐལ་ལྡན་ཚེ་འདིར་གྲོལཿ འབྲིང་རབ་འཆི་ཁར་ཆོས་སྐུ་ཡིཿ བར་དོ་འདི་རུ་གྲོལ་བར་འགྱུརཿ སྐལ་ལྡན་ལས་ཅན་བརྩོན་འགྲུས་ཅནཿ གདམས་པ་འདི་ལ་ནན་ཏན་མཛོདཿ ཐིམ་རིམ་སྔོན་མ་གསུམ་གྱི་ཚེཿ ངོ་ཤེས་གདམས་ངག་རྒྱས་ཐེབ་ནཿ མ་པང་བུ་འཇུག་ལྟ་བུ་དངཿ རྗེས་མར་ཐེ་ཚོམ་སྒྲོག་བྲལ་ཞིངཿ ངོ་ཤེས་ཐི་བྱ་ཚང་གཞུག་ལྟརཿ གཞོན་ནུ་བུམ་སྐུའི་ཀློང་དུ་བཞུདཿ གནད་ཀྱི་གདམས་པ་ཨ་ལ་ལཿ ༈ དེ་ལྟར་ཁྲེགས་ཆོད་སྦྱོར་སྒྲོལ་དངཿ ཐོད་རྒལ་ཚད་ཕེབ་སྣང་བ་ལཿ གོམ་ཆ་མཐར་ཕྱིན་མ་གྱུར་པའིཿ དབང་པོ་འབྲིང་གི་འབྲིང་གྱུར་པཿ འོད་གསལ་བར་དོར་གྲོལ་བ་ཡིཿ གདམས་པ་བསྟན་ནོ་ཉོན་ཅིག་པུཿ འོད་གསལ་ངོ་འཕྲོད་གྲོལ་བ་སྟེཿ འོད་གསལ་རང་ངོ་མ་ཤེས་ནཿ ཐིམ་རིམ་སྐད་ཅིག་སྐད་ཅིག་སྟེཿ འོད་གསལ་ཤར་མ་ཐག་ཏུ་བརྒྱལཿ དེ་ཡང་གོམ་སྟོབས་ཆེ་ཆུང་གིསཿ ཞག་གསུམ་ཞག་གཉིས་ཉིན་མཚན་གསུམཿ ཆུ་ཚོད་དྲུག་ཅུ་ལྔ་བཅུ་དངཿ ཉེར་གཅིག་བར་དུ་གནས་པ་སོགསཿ རྐྱེན་གྱི་ཤུགས་ནི་སྣ་ཚོགས་འབྱུངཿ འོད་གསལ་རང་ངོ་མ་འཕྲོད་ནཿ གདོན་དང་བར་ཆད་མི་འཇུག་ཕྱིརཿ བརྒྱལ་ཡུན་ཐུང་བའི་ཐབས་ལ་འབདཿ འཆི་རྐྱེན་ཐོག་ཏུ་བབ་པའི་ཚེཿ རང་ལུས་ཡི་དམ་ལྷ་རུ་བསྒོམཿ དཔའ་བོ་མཁའ་འགྲོར་ཕྲིན་ལས་བཅོལཿ ༈ བླ་མ་མདུན་གྱི་མཁའ་ལ་བསྒོམཿ རིག་པ་ཨཱཿདཀར་རྣམ་པ་ཅནཿ གསོལ་བ་བཏབ་ཅིང་ཧིག་གི་སྒྲསཿ རིགས་བདག་བླ་མའི་ཐུགས་ཀར་སྤརཿ ཐ་མལ་ཀུན་རྟོག་རྒྱུན་བཅད་དེཿ བླ་མ་རང་རིག་དབྱེར་མེད་དུཿ འདུན་པ་གཞུར་ལ་དྲང་བར་བྱཿ དེ་ནས་འོད་གསལ་ལས་སད་ཚེཿ ཀ་དག་གཞི་ཡི་སྣང་བ་ལཿ ལྷུན་གྲུབ་འོད་ལྔའི་གདངས་ཤར་ཞིངཿ འོད་ཀྱི་ཐིག་ལེ་ལྔ་ཚོམ་དབུསཿ མཐིང་གསལ་བཀྲག་དང་ལྡན་པ་ཤརཿ འོད་སྣང་གོམ་པའི་རྣལ་འབྱོར་པསཿ དེ་ཉིད་རང་ངོ་ཤེས་གྱུར་ནཿ ཅི་ཡང་མེད་པའི་རང་རིག་གཤིསཿ མཐའ་དབུས་བྲལ་བའི་ནམ་མཁའ་ལྟརཿ དེ་ཚེ་འོད་ལྔའི་རྩལ་འབར་ནསཿ སྟོན་པ་འོད་མི་འགྱུར་བ་མཐོངཿ དེ་ཡང་རང་གདངས་ཡིན་པར་ཤེསཿ ཤེས་དང་གྲོལ་བ་དུས་མཉམ་དུཿ སྟུག་པོ་བཀོད་དུ་མངོན་འཚང་རྒྱཿ སྐབས་དེར་གྲོལ་བར་མ་གྱུར་ནཿ འོད་གསལ་ཉེར་ཐོབ་ལ་ལྡང་ཚེཿ ཡེ་ཤེས་བཞི་སྦྱོར་སྣང་བ་ནིཿ རྡོ་རྗེ་སེམས་དཔའི་གསང་ལམ་ཆེཿ རྒྱང་རིང་ལམ་ནས་འོད་ཟེར་ནིཿ དཀར་པོ་བཀྲག་དང་ལྡན་པ་ཞིགཿ རང་གི་ཐད་དུ་ལམ་གྱིས་འོངཿ དེ་ལ་རིག་པ་གཏད་པའི་ཚེཿ སྐུ་དང་ཡིག་འབྲུའི་རྣམ་པ་ཤརཿ གོམ་འདྲིས་ཆུང་ན་ཅུང་ཟད་སྔངསཿ འོག་ཏུ་འོད་དཀར་མོག་པོར་འཆརཿ བླ་མར་དམ་ཚིག་མ་ཉམས་ཤིངཿ མོས་གུས་དད་པ་བརྟན་པོ་ཡིཿ རང་སྣང་འདྲེས་པའི་གང་ཟག་ལཿ བླ་མའི་ཐུགས་རྗེའི་ཤུགས་ཉིད་ནསཿ ཆོས་ཉིད་སྟོང་པའི་སྒྲ་འདི་སྒྲོགསཿ ༈ ཀྱེ་རིགས་ཀྱི་བུཿ གསང་བའི་མིང་ནས་བརྗོད་ཅིང་མ་ཡེངས་ཤིགཿ རིག་པ་མ་བཅོས་པའི་ངང་དུ་ཞོག་ཅིགཿ ད་ལྟའི་འོད་སྣང་འདི་མེ་ལོང་ཡེ་ཤེས་ཀྱི་རང་གདངས་གསལ་སྟོང་གཉིས་སུ་མེད་པའི་འོད་པོ་ཆེ་ཡིན་ནོཿ མ་སྔངས་བར་རང་འོད་ཡིན་པར་ངོ་ཤེས་པར་གྱིས་ཤིགཿ ཁྱོད་གོམ་སྟོབས་ཆེ་ན་འོད་ཡེ་ཤེས་ཀྱི་རླུང་དུ་ཚུར་བསྡུས་ཤིགཿ གོམ་སྟོབས་ཆུང་ན་རིག་པ་འོད་སྟེང་མ་ལ་གཏོད་ཅིགཿ དུས་ལ་བབ་པོཿ འོད་མོག་པོ་ནི་ཞེ་སྡང་གི་རང་འོད་དོཿ ཞེས་པའི་སྒྲ་ནི་དད་སྟོབས་ཆེ་ཆུང་གིསཿ ཆེ་ཆུང་གསལ་དང་མི་གསལ་སྣ་ཚོགས་འབྱུངཿ དེ་ཚེ་རང་ངོ་ཤེས་པར་བྱས་ནས་ཀྱངཿ འོད་སྣང་བསྡུས་ན་རྡོ་རྗེ་མི་བསྐྱོད་འཆརཿ ཕར་གཏད་སྐུ་དང་ཡིག་འབྲུ་སྣ་ཚོགས་འཆརཿ གང་ཡང་མི་བསྐྱོད་ཐུགས་ཀློང་རོ་གཅིག་འདྲེསཿ སྐབས་དེར་གོམས་སྟོབས་ཆུང་བས་མ་གྲོལ་ནཿ འོད་སྣང་སེར་པོ་འཆར་ལུགས་སྔར་ལྟར་ལཿ བཀྲག་མདངས་སྔར་ལས་ཆེ་ཞིང་གཟི་འོད་འབརཿ སྔངས་ན་སླར་ཡང་འོག་ཏུ་མོག་སེར་འོདཿ འཆར་ཞིང་བླ་མ་དྲན་མ་ཐག་ཉིད་དུཿ ༈ ཀྱེ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་ཤིགཿ རིག་པ་མ་བཅོས་པའི་ངང་དུ་ཞོག་ཅིགཿ ད་ལྟའི་འོད་སྣང་འདི་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་གསལ་བ་ཐུགས་རྗེའི་འོད་པོ་ཆེ་ཡིན་ནོཿ མ་སྔངས་བར་རང་འོད་ཡིན་པར་ངོ་ཤེས་པར་གྱིས་ཤིགཿ ཁྱོད་གོམ་སྟོབས་ཆེ་ན་འོད་ཡེ་ཤེས་ཀྱི་རླུང་དུ་ཚུར་བསྡུས་ཤིགཿ གོམ་སྟོབས་ཆུང་ན་རིག་པ་འོད་སྟེང་མ་ལ་གཏོད་ཅིགཿ དུས་ལ་བབ་པོཿ འོད་མོག་པོ་ནི་ང་རྒྱལ་གྱི་རང་འོད་དོཿ དད་སྟོབས་ཆེ་ཆུང་སྒྲ་འདི་ཐོས་མ་ཐགཿ བསྡུ་བའམ་ཕར་གཏད་རིན་ཆེན་འབྱུང་ལྡན་མཇལཿ ཤུགས་དྲག་ཆེ་ཆུང་རིན་འབྱུང་ཐུགས་ཀློང་འདྲེསཿ དེ་ཡང་མ་གྲོལ་སྔངས་ཤིང་ཕར་བལྟས་ཚེཿ དམར་གསལ་འོད་ནི་བ་ཐག་འཛིངས་པ་ལྟརཿ ཟེར་གྱི་ཐིག་ལེ་ཕྲོམ་ཕྲོམ་འཕྲོ་བར་འཆརཿ སྔངས་ན་འོག་ཏུ་དམར་མོག་བུན་ནེར་གསལཿ དེ་ཡང་མ་ཤེས་ཆགས་ན་བླ་མ་ཡིསཿ ༈ ཀྱེ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་ཤིགཿ རིག་པ་མ་བཅོས་པའི་ངང་དུ་ཞོག་ཅིགཿ ད་ལྟའི་འོད་སྣང་འདི་སོར་རྟོགས་ཡེ་ཤེས་ཀྱི་རང་གདངས་བདེ་སྟོང་ཉམས་ཀྱི་འོད་པོ་ཆེ་ཡིན་ནོཿ མ་སྔངས་བར་རང་འོད་ཡིན་པར་ངོ་ཤེས་པར་གྱིས་ཤིགཿ ཁྱོད་གོམ་སྟོབས་ཆེ་ན་འོད་ཡེ་ཤེས་ཀྱི་རླུང་དུ་ཚུར་བསྡུས་ཤིགཿ གོམ་སྟོབས་ཆུང་ན་རིག་པ་འོད་སྟེང་མ་ལ་གཏོད་ཅིགཿ དུས་ལ་བབ་པོཿ འོད་མོག་པོ་ནི་འདོད་ཆགས་ཀྱི་རང་འོད་དོཿ ༧ སྒྲ་ཐོས་ངོ་ཤེས་ཚུར་བསྡུས་སྣང་མཐའ་འཆརཿ ཕར་གཏད་སྟོང་གསུམ་འཇིག་རྟེན་སྐུ་ཡིས་གངཿ བདེ་ཆེན་རྒྱལ་པོའི་ཐུགས་ཀློང་དབྱེར་མེད་འདྲེསཿ མ་གྲོལ་འོད་ཀྱི་སྣང་བ་ལྗང་གསལ་ནིཿ དབུས་སུ་དམར་ལམ་ཅུང་ཟད་ཆགས་པ་ཞིགཿ རང་ངོ་མ་ཤེས་འོག་ཏུ་ལྗང་མོག་འཆརཿ དད་མོས་ལྡན་པའི་བླ་མ་དྲན་མ་ཐགཿ ༈ ཀྱེ་རིགས་ཀྱི་བུ་ཆེ་གེ་མོ་ཡེངས་ཤིགཿ རིག་པ་མ་བཅོས་པའི་ངང་དུ་ཞོག་ཅིགཿ ད་ལྟའི་འོད་སྣང་འདི་བྱ་གྲུབ་ཡེ་ཤེས་ཀྱི་རང་མདངས་ཀུན་ལ་དབང་སྒྱུར་འོད་པོ་ཆེ་ཡིན་ནོཿ མ་སྔངས་བར་རང་འོད་ཡིན་པས་ངོ་ཤེས་པར་གྱིས་ཤིགཿ ཁྱོད་གོམ་སྟོབས་ཆེ་ན་འོད་ཡེ་ཤེས་ཀྱི་རླུང་དུ་ཚུར་བསྡུས་ཤིགཿ གོམ་སྟོབས་ཆུང་ན་རིག་པ་འོད་སྟེང་མ་ལ་གཏོད་ཅིགཿ དུས་ལ་བབ་པོཿ འོད་མོག་པོ་ནི་ཕྲག་དོག་གི་འོད་དོཿ ༧ སྒྲ་དེ་ཐོས་མ་ཐག་ཏུ་རང་ངོ་ཤེསཿ རིག་པ་ཕར་བསྐྱེད་འོད་སྣང་ཚུར་ལ་བསྡུཿ དོན་ཡོན་གྲུབ་པའི་ཞལ་མཐོང་བརྡ་ཆོས་སྟོནཿ དེ་ཙམ་མ་ནུས་བློར་གཏད་བླ་མ་ལཿ མོས་གུས་ཤུགས་བསྐྱེད་སྤྲུལ་སྐུའི་ཞིང་འགའ་མཐོངཿ དོན་ཡོད་གྲུབ་པའི་ཐུགས་ཀློང་རོ་གཅིག་འདྲེསཿ འདི་ནི་ཆོས་ཉིད་བར་དོའི་དང་པོ་སྟེཿ ༧ ཡེ་ཤེས་བཞི་སྦྱོར་སྣང་བའི་འོད་ལམ་ལསཿ ཁོང་སེང་ཆེན་པོ་ལོངས་སྐུ་ཆེན་པོའི་ཞིངཿ གྲོལ་ལུགས་གསུམ་གྱྀ་དབང་སྒྱུར་ཆེན་པོའོཿ བླ་མ་རང་སེམས་དབྱེར་མེད་དོན་རྟོགས་ཤིངཿ འོད་གསལ་ཐོད་རྒལ་ཚད་ཕེབ་མ་ཕྱིན་གངཿ འོད་གསལ་ཆེན་པོའི་འབྲས་བུ་མ་ཐོབ་ཀྱངཿ ལམ་གྱིས་གྲོལ་བར་འགྱུར་བ་གདོན་མི་ཟཿ བླ་མའི་ཐུགས་རྗེས་ལོངས་སྐུར་གྲོལ་བ་གངཿ རྗེས་འཛིན་དང་པོ་འདི་ནས་འབྱུང་བ་སྟེཿ སྐྱེ་གནས་བར་དོར་གནས་པའི་སྐབས་འདི་རུཿ མཉམ་བཞག་རྗེས་ཐོབ་དུས་དང་དུས་མིན་སྐབསཿ རྟག་ཏུ་བླ་མའི་སྣང་བ་མི་འབྲལ་ཞིངཿ གསོལ་འདེབས་མོས་གུས་དད་པའི་ཤུགས་བསྐྱེད་ལཿ དམ་ཚིག་སྲོག་ལྟར་བསྲུངས་བའི་ནུས་སྟོབས་ཀྱིསཿ སྣང་བ་བླ་མའི་སྐུ་རུ་ལམ་ལམ་འཆརཿ ༈ སྒྲ་གྲགས་བླ་མའི་གསུང་གི་གདངས་དབྱངས་ཐོསཿ དྲན་རྟོག་བླ་མའི་ཐུགས་སུ་ཤེས་པའི་ངངཿ སྐད་ཅིག་རེར་ཡང་སྣང་བ་བླ་མར་འཆརཿ རྨི་ལམ་བར་དོར་སྐུ་ཡི་རྫུ་འཕྲུལ་དངཿ གསུང་གིས་བརྡ་ཆོས་སྟོན་པ་ཤ་སྟག་ཐོསཿ དུས་དང་དུས་མིན་སྔངས་སྐྲག་འཇིགས་པའི་ཚེཿ བླ་མར་གསོལ་འདེབས་སྣང་བ་མི་འབྲལ་བའིཿ སྐལ་ལྡན་དེ་ནི་འདིའི་དུས་ངོ་སྤྲོད་ཀྱིསཿ གཟེར་ཐེབས་གྲོལ་འགྱུར་ཐེ་ཚོམ་ཡོད་རེ་ཀནཿ ཆོས་ཉིད་བར་དོ་དང་པོའི་མན་ངག་གོཿ ༈ དེ་ནས་ཐོབ་པའི་ཉམས་ཤར་ཚེཿ གླད་པ་དུང་ཁང་གཞལ་ཡས་ནཿ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམསཿ མདུན་མཁར་འོད་ཀྱི་སྐུ་རུ་འཆརཿ དེ་ཡང་འབྲུག་སྟོང་དུས་གཅིག་སྒྲསཿ སྲིད་གསུམ་ཡོམ་ཡོམ་ཤིག་ཤིག་དངཿ འོད་ལྔ་བཀྲག་དང་ལྡན་པ་ཡིསཿ ཞིང་ཁམས་གང་བའི་སྣང་བ་འབྱུངཿ དེ་ཚེ་སྒྲས་སྐྲག་ཟེར་སྔངས་ནཿ རང་ངོ་ཤེས་པར་ཤིན་ཏུ་དཀའཿ སྐྱེ་གནས་བར་དོའི་དུས་འདི་རུཿ འོད་སྣང་གོམ་པའི་སྟོབས་ཆེ་ནཿ འདི་དུས་རང་ངོ་ཤེས་པར་འབྱུངཿ སྒྲ་རྣམས་ཡེ་ཤེས་རླུང་སྒྲ་དངཿ འོད་རྣམས་ཡེ་ཤེས་རང་འོད་དུཿ ངོ་ཤེས་རིག་པའི་རྒྱུན་བསྐྱོང་ནཿ ཁྲག་འཐུང་བུདྡྷ་བཛྲ་དངཿ རཏྣ་པདྨ་ཀརྨ་རྩལཿ ཡབ་ཡུམ་རི་རབ་ཙམ་རེ་འཆརཿ ཕུང་ལྔ་རྣམ་པར་དག་པ་ཡིཿ རིག་རྩལ་ཡིན་པར་ངོ་ཤེས་ནཿ འོད་སྣང་སེང་གེའི་གསོབ་མཐོང་ལྟརཿ རང་བཞིན་མེད་པའི་དབྱིངས་སུ་ཡལཿ དེ་ནས་གོའུ་རཱི་མ་བརྒྱད་དངཿ སེང་ཧ་མ་མོ་བརྒྱད་ཤར་ཚེཿ རང་ངོ་མ་ཤེས་གཤིན་རྗེར་འཁྲུལཿ རྣམ་ཤེས་ཚོགས་བརྒྱད་ཡུལ་བརྒྱད་ཀྱིཿ རང་གདངས་ཡིན་པར་ངོ་ཤེས་ནཿ རྨི་ལམ་སད་ལྟར་དབྱིངས་སུ་ཡལཿ གོམ་སྟོབས་ཆེ་བའི་སེམས་བྱུང་ལསཿ དབང་ཕྱུག་ཉེར་བརྒྱད་སྣང་བའང་འཆརཿ དེ་ལ་ལེགས་པར་བརྟགས་པའི་ཚེཿ ཁྲག་འཐུང་ལྷ་ཚོགས་དེ་དག་ཀྱངཿ འོད་སྣང་ལས་གཞན་གྲུབ་པ་མེདཿ མེ་ལོང་ནང་གི་གཟུགས་བརྙན་དངཿ ནམ་མཁའི་འཇའ་ཚོན་ལྟ་བུ་སྟེཿ རང་སྣང་ལས་གཞན་ལོག་ན་མེདཿ ༈ ཆོས་ཉིད་དགོངས་པའི་རྩལ་རྫོགས་ཤིངཿ དྲོད་ཚད་ལྡན་པའི་རྣལ་འབྱོར་པསཿ འདི་དུས་སྤྲུལ་བསྒྱུར་སྣ་ཚོགས་ནུསཿ དེ་ནས་ཁྲག་འཐུང་ཧེ་རུ་ཀཿ སྐུ་གཅིག་སྲིད་གསུམ་འགེངས་པ་ལཿ ཞལ་དང་ཕྱག་མཚན་སྣ་ཚོགས་སྟོནཿ ཧཱུྃ་ཕཊ་སྒྲ་ཡིས་སྲིད་གསུམ་འགེངསཿ ནམ་མཁའ་ས་གཞི་བར་སྣང་ཀུནཿ རྒྱོབ་སོད་སྒྲ་ཆེན་སྒྲོག་པའི་དུསཿ རང་རིག་ངོ་བོ་ཧེ་རུ་ཀཿ ཁྲག་འཐུང་རྒྱལ་པོར་ངོ་ཤེས་ནཿ རིག་པ་དེ་ལ་གཏད་པ་ཡིསཿ མངོན་རྫོགས་རྒྱལ་པོའི་ཞིང་ཁམས་སུཿ འཚང་རྒྱ་འདི་ལ་ཐེ་ཚོམ་མེདཿ གོམ་སྟོབས་ཆུང་དང་ཉམས་པ་ཅནཿ འདི་དུས་བརྒྱལ་ཞིང་ཞལ་མི་མཐོང་ཿ དེ་ཚེ་དམ་ཚིག་ལྡན་པ་ཡིཿ ཐབས་ལམ་མཐར་ཕྱིན་རྣལ་འབྱོར་པརཿ རྣལ་འབྱོར་མ་ཡི་སྣང་བ་འཆརཿ རོལ་རྩལ་སྣ་ཚོགས་སྟོན་པའི་ཚེཿ ཆོས་ཉིད་གཤིས་དང་མ་བྲལ་བརཿ མཁའ་དབྱིངས་དག་ལ་སེམས་གཏད་ནཿ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེདཿ སྐད་ཅིག་གཅིག་གིས་མྱ་ངན་འདསཿ འདི་ཡང་ཡར་གྱི་ཟང་ཐལ་ལོཿ མན་ངག་བླ་མའི་ཞལ་ལས་ཤེསཿ ༈ ཆོས་ཉིད་གཉིས་པར་མ་གྲོལ་ནཿ མཆེད་པའི་ཉམས་ཤར་ཐ་མལ་འཁྲུལཿ འོད་གསལ་གོམ་སྟོབས་ཆུང་ན་ཡངཿ རིག་པའི་ཡེ་ཤེས་ངོ་འཕྲོད་ཅིངཿ བླ་མར་མོས་གུས་གདེངས་ཚུགས་པའིཿ དམ་ཚིག་ལྡན་པའི་རྣལ་འབྱོར་པཿ འདི་དུས་རིག་འཛིན་ལྷ་ཚོགས་འཆརཿ ད་ལྟའི་གོམ་སྟོབས་ཆེ་ཆུང་གིསཿ སྐུ་མདོག་མ་ངེས་སྣ་ཚོགས་འཆརཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ སྤྲུལ་པའི་གར་སྟབས་སྣ་ཚོགས་བསྒྱུརཿ ནམ་མཁའ་ས་གཞི་་བར་སྣང་ཀུནཿ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་གངཿ ཨ་པ་ལི་དང་ཕེཾ་གྱི་སྒྲསཿ སྲིད་གསུམ་ཡོམ་ཡོམ་ཤིག་ཤིག་འགུལཿ དེ་ཚེ་རང་རིག་བླ་མ་དང་ཿ དབྱེར་མེད་མོས་གུས་ཤུགས་བསྐྱེད་ནསཿ ༈ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུཿ ལྟོས་ཤིག་རང་གི་སེམས་ལ་ལྟོསཿ སྐྱེ་བ་མེད་ལས་ཐམས་ཅད་སྐྱེཿ སྐྱེ་ཙམ་ཉིད་ནས་སྐྱེ་བ་མེདཿ གནས་པ་མེད་ལས་ཐམས་ཅད་གནསཿ གནས་ཙམ་ཉིད་ནས་གནས་པ་མེདཿ འགགས་པ་མེད་ལས་ཐམས་ཅད་འགགསཿ འགགས་ཙམ་ཉིད་ནས་འགགས་པ་མེདཿ འགྲོ་འོང་མེད་ལས་ཐམས་ཅད་འགྲོཿ འགྲོ་འོང་ཉིད་ནས་འགྲོ་འོང་མེདཿ མ་བཅོས་རིག་པ་རང་ཤར་ལཿ བརྗོད་མེད་དེ་བཞིན་ཉིད་ཀྱི་དབྱིངསཿ རྒྱ་ཆད་ཕྱོགས་སུ་མ་ལྷུང་ཞིངཿ ཡེ་གྲོལ་ཆེན་པོ་འདུས་མ་བྱསཿ སྐུ་དང་ཡེ་ཤེས་འཆར་བའི་གཞིཿ ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབཿ ང་དང་གཉིས་སུ་མེད་པའོཿ སྒྲ་དེ་ཐོས་མ་ཐག་ཉིད་དུཿ བླ་ན་མེད་པའི་མོས་གུས་ཐོབཿ རིག་པ་བླ་མའི་ཐུགས་ཀར་གཏོདཿ དེ་དང་གྲོལ་བ་དུས་མཉམ་དུཿ རིག་འཛིན་ཞིང་དུ་མངོན་འཚང་རྒྱཿ དེ་དུས་གཤིས་ལ་མ་གོམ་ཀྱངཿ ཕྱིར་མི་ལྡོག་པའི་དད་པ་ཅནཿ ཐུགས་རྗེས་འདི་དུས་གྲོལ་བའང་ཡོདཿ བླ་མ་པད་འབྱུང་དབྱེར་མེད་དུཿ རྟོགས་པའི་སྐལ་ལྡན་ལ་ལ་ཞིགཿ འདིའི་དུས་སྤྲུལ་པའི་མཁའ་འགྲོ་མཿ དཀར་སེར་དམར་དང་ལྗང་བའི་མདོགཿ འཇའ་ཚོན་དར་གྱི་ལྡིང་གུར་ཐོགསཿ རོལ་མོའི་སྒྲ་ཆེན་རབ་བསྒྲགས་ནསཿ སྤྲུལ་སྐུའི་ཞིང་དུ་འདྲེན་པའང་ཡོདཿ ༧ སྒྲོལ་བ་མཐར་ཕྱིན་རྣལ་འབྱོར་པཿ འདིའི་དུས་ཁྲོ་མོ་རོ་ཟ་མསཿ གྲི་གུག་འབར་བས་ལུས་གཏུབ་ཅིངཿ འཇིགས་སྐྲག་ན་ཚའི་སྣང་བ་འཆརཿ ཞལ་དུ་བསྟབས་ནས་གྲོལ་བའང་ཡོདཿ སྦྱོར་བ་མཐར་ཕྱིན་རྣལ་འབྱོར་པཿ རྣལ་འབྱོར་མ་ཡི་བྷ་ག་རུཿ ཤུགས་ཀྱིས་དྲངས་ནས་གྲོལ་བའང་ཡོདཿ དེ་སོགས་མ་ངེས་སྣ་ཚོགས་སུཿ ད་ལྟའི་སྦྱངས་པའི་སྟོབས་དང་ནིཿ བླ་མའི་ཐུགས་རྗེ་ཁོ་ན་ལསཿ རྐྱེན་གཞན་དག་ལ་རག་མ་ལསཿ ཆོས་ཉིད་བར་དོ་གསུམ་པ་ཡིཿ དུས་འདིར་གཞན་རྐྱེན་ལ་ལྟོས་པའིཿ ངོ་སྤྲོད་ཐེབ་པའི་དུས་ཡིན་ཡངཿ དུས་སྐབས་འགྲིགས་པར་ཤིན་ཏུ་དཀའཿ འོན་ཀྱང་རྟེན་འབྲེལ་བདེན་པ་ཙམཿ ཞག་གསུམ་ཤི་བའི་དུས་ཀྱི་ཚེཿ ཕྱི་རྟགས་སྣ་ནས་བྱང་སེམས་འབབཿ དེ་ཚེ་དམ་ཚིག་ལྡན་པ་ཡིསཿ སྐད་གདངས་ཆེན་པོས་འདི་སྐད་བརྗོདཿ ༈ ཀྱེ་ཧོཿ སྐལ་ལྡན་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིགཿ ཁྱོད་ལ་ཆོས་ཉིད་འོད་གསལ་གྱི་བར་དོ་གསུམ་པ་བླ་མ་མཁའ་འགྲོའི་བསུ་མ་འཆར་བའི་སྐབས་ཡིན་པསཿ འདིའི་དུས་སུ་མ་ཡེངས་ཤིགཿ མདུན་གྱི་ནམ་མཁར་རིག་འཛིན་གྱི་རྒྱལ་པོ་རྡོ་རྗེ་ཆོས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ སྐུ་ལ་རུས་པའི་རྒྱན་དྲུག་གསོལ་ཞིང་ཕྱག་ན་ཐོད་པའི་ཌཱ་མ་རུ་དང་དྲིལ་བུ་འཁྲོལ་ཞིང་ཞལ་ནས་ངོ་སྤྲོད་ཀྱི་སྒྲ་དབྱངས་ལྷང་ལྷང་སྒྲོགས་པ་མ་ཐོས་སམཿ དཔའ་བོ་མཁའ་འགྲོའི་བརྡ་དང་བསུ་མའི་ཞལ་གདམས་མ་ཐོས་སམཿ མ་བྱིངཿ མ་འཐིབ་པར་རིག་པ་བླ་མའི་ཐུགས་ཀར་གཏོད་ཅིགཿ ༈ འོ་རིགས་ཀྱི་བུཿ རྟ་ཁ་སྲབ་ཀྱིས་བསྒྱུར་བའི་དུས་ཡིན་པས་བླ་མའི་གདམས་ངག་ཡིད་ལ་དྲན་པར་གྱིས་ཤིགཿ ཅེས་ལན་གསུམ་བར་དུ་འབོདཿ ཡང་གསང་ཐུགས་ཐིག་རྣལ་འབྱོར་པཿ འདི་དུས་གྲོལ་བར་གདོན་མི་ཟཿ འབྲེལ་པས་བསྡུས་པའི་གང་ཟག་ལཿ འཕོ་བ་མཁའ་སྤྱོད་ལམ་བཟང་བྱཿ གཞན་རྐྱེན་དག་གིས་སྤྲུལ་སྐུའི་ཞིངཿ བཙན་ཐབས་ཉིད་དུ་འཕེན་པར་འགྱུརཿ ཤིན་ཏུ་གོམ་སྟོབས་ཞན་པ་ཡིསཿ ཆོས་ཉིད་བར་དོར་མ་གྲོལ་ནཿ སྣང་བ་ཡུད་ལ་སད་གྱུར་ཅིངཿ སྲིད་པ་བར་དོར་ཉིང་མཚམས་སྦྱརཿ དབང་པོ་ཀུན་ཚང་ཐོགས་མེད་ལུསཿ འདི་དུས་གཞན་རྐྱེན་མཐུ་ཆེ་བསཿ བླ་མའམ་ནི་མཆེད་གྲོགས་ཀྱིསཿ དགོངས་པ་གཏད་ཅིང་ངོ་སྤྲོད་བྱཿ དེ་ཚེ་འཆི་བ་ངོ་ཤེས་ཤིངཿ མེ་དང་ཉི་མར་གྲིབ་མ་མེདཿ རྐང་རྗེས་མེད་ཅིང་མིས་མི་མཐོངཿ སྣང་བ་ཕྱད་ཕྱོད་ཡལ་ཡོལ་དུཿ བར་དོའི་རིག་པ་དགུ་འགྱུར་གསལཿ དེ་དུས་མན་ངག་དགོངས་པའི་གནདཿ སྔོན་གྱི་གོམ་པའི་སྟོབས་ཤུགས་ལསཿ རྗེས་དྲན་ལྔ་པོ་གཅིག་གིས་གྲོལཿ དེ་ཡང་བླ་མ་དྲན་གྱུར་ནཿ རྩེ་གཅིག་མོས་པས་གསོལ་བ་བཏབཿ རང་ལུས་ཡི་དམ་ལྷ་རུ་བསྒོམཿ རིག་པ་མ་བཅོས་ངང་དུ་བཞགཿ རྣམ་ཤེས་ཨཱཿདཀར་དྲི་མེད་བསྒོམཿ མདུན་མཁར་བླ་མ་ཡབ་ཡུམ་བསྒོམཿ ༈ ཨོཾ་སྐྱེ་བ་མེད་པ་ཆོས་ཀྱི་སྐུཿ ཨཱཿའགགས་པ་མེད་པ་ལོངས་སྤྱོད་རྫོགསཿ ཧཱུྃ་སྣ་ཚོགས་ཤར་བ་སྤྲུལ་པའི་སྐུཿ ཀྱེ་སྐུ་གསུམ་དབྱེར་མེད་བླ་མ་རྗེཿ ཧོ་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངཿ ཧྲཱིཿམ་དག་འཁོར་བའི་འཁྲུལ་སྣང་ཞིགཿ ཕཊཿབླ་མའི་ཐུགས་དང་དབྱེར་མེད་ཤོགཿ ཅི་ནུས་བརྗོད་ཅིང་རིག་པ་གཏདཿ ལན་གྲངས་བདུན་གྱིས་མངོན་འཚང་རྒྱཿ དེ་ཚེ་མདུན་གྱི་ནམ་མཁའ་ལཿ བླ་མ་རང་གིས་གང་མཐོང་བཿ དེ་དང་མཐུན་པའི་ཚུལ་བསྟན་ནསཿ ལུང་སྟོན་ངོ་སྤྲོད་ལམ་སྣ་འདྲེནཿ ཡང་གསང་ཐུགས་ཐིག་སྐལ་བ་ཅནཿ འདི་དུས་མི་གྲོལ་མི་སྲིད་དོཿ རྗེ་བཙུན་པདྨ་ཀཱ་ར་ལཿ སྟོན་པ་དྲི་མ་མེད་པ་ཡིསཿ དབང་པོ་ཐ་མའི་གྲོལ་ཚུལ་གསུངསཿ ༧ སྲིད་པ་བར་དོའི་དུས་དེ་རུཿ མོས་གུས་ཅན་ལ་བླ་མ་ཤརཿ བསྐྱེད་རིམ་བརྟན་ལ་ཡི་དམ་ཤརཿ ཆགས་པ་ཅན་ལ་མཁའ་འགྲོ་ཤརཿ བརྟན་ཆ་ཐོབ་ལ་ཞིང་ཁམས་འཆརཿ དམ་ཚིག་ལྡན་ལ་མཆེད་ལྕམ་འཆརཿ དེ་དང་དེ་ཡིས་གྲོལ་བ་སྟེཿ འདི་དུས་སྤྲུལ་སྐུའི་ཞིང་དུ་སྐྱེཿ དེ་ཡང་ཁྱོད་ཀྱི་སྤྲུལ་པའི་གནསཿ ད་ལྟ་ཟ་བྱེད་སྲིན་པོའི་གླིངཿ རྔ་ཡབ་པདྨ་འོད་གླིང་ངམཿ བདེ་བ་ཅན་དང་པོ་ཏ་ལཿ གཡུ་ལོ་བཀོད་དང་ལྕང་ལོ་ཅནཿ མ་ངེས་གནས་སུ་མངོན་འཚང་རྒྱཿ ༈ དེ་ནས་ཕྱེད་སྤྲུལ་ལོངས་སྐུའི་ཞིངཿ དེ་ནས་ཁྲོ་བོ་རོལ་པའམཿ སྟུག་པོ་བཀོད་དུ་དེ་གྲོལ་ལོཿ ཞེས་གསུངས་ཞལ་གྱིས་བཞེས་པའོཿ ༧ སྲིད་པ་བར་དོར་གང་ཟག་ནིཿ ཐུགས་ཐིག་ལམ་དུ་མ་ཞུགས་པཿ གཞན་དག་རྗེས་སུ་འཛིན་འདོད་ནཿ འོད་ཀྱི་དྲྭ་བས་ལུས་བཅིང་ཞིངཿ རང་དང་རིག་པ་དབྱེར་མེད་བསྲེཿ དེ་ནས་དབྱིངས་སུ་སྤར་བའམཿ ༈ སྡིག་ལྡན་འཛིན་པ་རང་གྲོལ་གྱིཿ མན་ངག་ལས་གཞན་རྗེས་འཛིན་དཀའཿ རྩ་བའི་དམ་ཉམས་མཐོང་མི་འགྱུརཿ གཞན་དག་མཁའ་འགྲོ་མ་ལ་གཏོདཿ དབང་རབ་ལས་ཅན་སྐལ་བར་ལྡནཿ སྐྱེ་འཆི་གཉིས་ལ་རང་དབང་ཐོབཿ རྫུ་འཕྲུལ་ལྡན་པ་འགའ་ཞིག་གིསཿ འོད་གསལ་ངོས་བཟུང་ཆོས་ཉིད་ཀྱིཿ བར་དོ་གསུམ་པོ་བསམ་བཞིན་བགྲོདཿ སྲིད་པ་བར་དོའི་དུས་འདི་རུཿ སྤྲུལ་བསྒྱུར་འོད་ཀྱི་ལུས་བཟུང་ནསཿ ཞིང་ཁམས་འགའ་དང་འགར་བགྲོད་ཅིངཿ བླ་མའི་དྲུང་དུ་དབང་བཞི་རྫོགསཿ སླར་ཡང་ལོག་ཅིང་ངན་སོང་གནསཿ ཉུལ་ཞིང་ཆོས་ཀྱི་སྒྲ་སྐད་སྒྲོགསཿ སེམས་ཅན་དཔག་མེད་ལམ་སྣ་འདྲེནཿ འགའ་རེར་རང་རིག་བླ་མ་དངཿ དབྱེར་མེད་དབང་བཞིའི་རྩལ་རྫོགས་ཤིངཿ ངན་སོང་ཉུལ་ཞིང་ལམ་སྣ་འདྲེནཿ གཟུགས་མེད་དག་གི་འགྲོ་དོན་སྤྱོདཿ བར་དོའི་སེམས་ཅན་དཔག་མེད་འདྲེནཿ རང་སྣང་སྤྲུལ་པའི་ཞིང་ཁམས་སུཿ བསམ་བཞིན་ལོ་འགར་གནས་པའང་ཡོདཿ འགའ་ཞིག་འགྲོ་དོན་མ་རྫོགས་པསཿ སླར་ཡང་བསམ་བཞིན་སྐྱེ་བ་ལེནཿ དེ་ཡང་རིགས་ལ་བརྟག་པ་ནིཿ ཕ་མ་ཆོས་ཀྱི་སྐལ་པ་ཅནཿ ཡང་ན་དམུ་རྒོད་འདུལ་བའི་ཕྱིརཿ བག་ཆགས་ལུས་སུ་བརྫུ་བ་ལཿ ཞིང་བགྲོད་གདམས་པ་ཐོབ་ནས་སླརཿ ཕ་མའི་འདུ་འཕྲོད་མཐོང་བའི་ཚེཿ ཆགས་སྡང་ཀུན་སློང་གཏན་སྤངས་ནསཿ བླ་མ་ཡབ་ཡུམ་སྦྱོར་བར་བསྒོམཿ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིཿ དགའ་བདེའི་ངང་དུ་ལྷུམས་སུ་ཞུགསཿ གཞན་གྱི་མངལ་སྒོ་དགག་པ་ནིཿ འདུ་འཕྲད་གང་དུ་མཐོང་བའི་ཚེཿ རིག་པ་དབྱིངས་སུ་གཏོད་པའོཿ དག་དང་མ་དག་སེམས་ཅན་ཀུནཿ སྒྱུ་མ་རྨི་ལམ་ཆུ་བུར་ལྟརཿ དོན་ལ་གྲུབ་པ་མེད་པ་ཡིཿ མཚངས་རིག་མངལ་སྒོ་ཆོད་པ་སྟེཿ བར་མ་དོ་རུ་གནས་གྱུར་ཀྱངཿ སྤྲུལ་པ་སྐུ་ཡིས་འགྲོ་དོན་སྤྱོདཿ བར་དོའི་གནད་ཀྱི་གདམས་པ་ནིཿ སྙིགས་མའི་དུས་འདིར་ཚེ་ཐུང་ཞིངཿ བསྒྲུབ་པའི་ལོང་མེད་སྙིང་རུས་ཆུངཿ ཚེ་འདིར་གྲོལ་བ་ཉུང་སྲིད་པསཿ འདི་ནི་རྩ་ཚིག་རྒྱས་པར་བཀོདཿ བླ་མའི་ཞལ་གདམས་ཐེབ་པར་གྱིསཿ དྲི་མ་མེད་པའི་ཁྱད་ཆོས་སོཿ མན་ངག་གསང་བའི་ཞལ་གདམས་ནིཿ འཆི་ཁ་བར་དོའི་དུས་ཀྱི་ཚེཿ ཤི་རྐྱེན་ཐོག་ཏུ་བབ་མ་ཐགཿ འཁོར་བ་བདེན་གྲུབ་མ་ཡིན་ཏེཿ རྨི་ལམ་སྒྱུ་མར་ཤེས་གྱིས་ལཿ ཉིན་སྣང་རིག་པའི་རང་ངོར་ལྟོསཿ འཁྲུལ་པ་བདག་མེད་ངང་དུ་ཞོགཿ མཚན་སྣང་ཚངས་པའི་བུ་ག་རུཿ ནམ་མཁའ་སྔོ་སང་དཀྱིལ་ཉིད་དུཿ བླ་མའམ་ནི་མཁའ་འགྲོ་བསྒོམཿ གསང་བར་ཤེས་པ་རྩེ་གཅིག་གཏདཿ ན་ཚ་ཟུག་གཟེར་དྲག་པོ་ལཿ བག་ཆགས་སྦྱང་མོས་དགའ་སེམས་བསྐྱེདཿ ཟུག་རྔུ་བདེན་མེད་ངང་དུ་བཏངཿ གཟུགས་ཀྱི་སྣང་བ་གང་མཐོང་ཡང་ཿ བླ་མའི་སྣང་བ་ལམ་ཁྱེར་གྱིསཿ སྒྲ་རུ་གྲགས་པ་གང་བྱུང་ཀུནཿ ༧ ཨ་ར་ལི་དང་ཕེམ་སྒྲ་བསྒོམཿ བག་ཆགས་ལུས་ཀྱི་རྒྱ་བྲལ་ནསཿ རིག་པ་མཁའ་སྤྱོད་འགྲོ་བ་ལཿ དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ནསཿ ཕྱི་སྣོད་དཔལ་རི་དག་ཞིང་བསྒོམཿ ལུས་ཀྱི་ནང་ཁོང་ཐམས་ཅད་ཀུནཿ འོད་ཟེར་ལྔ་ལྡན་གྱིས་ཁེངས་ཤིངཿ སྤྱི་བོར་ཚངས་བུག་རྒྱ་མཐོང་ལྟརཿ ཁ་ཕྱེས་རིག་པ་ཨཱཿདཀར་བསྒོམཿ རྒྱུན་དུ་དབྱིངས་སུ་ཡང་ཡང་གཏདཿ རྩལ་སྦྱོང་ཁོ་ནར་འབད་པ་ཡིསཿ ཞིང་ཁམས་བགྲོད་པའི་ལམ་མྱུར་ཞིངཿ ༧ བླ་མའི་སྣང་བ་མ་བྲལ་བརཿ བར་དོའི་ངོ་སྤྲོད་ཐེབས་པ་སླཿ སྔར་གྱི་མི་དགེའི་སྡིག་པ་དངཿ འཁྲུལ་སྣང་ཉམས་པ་ཆགས་ཞེན་ཀུནཿ འདི་ནས་ཡིད་ལ་མི་བྱའོཿ འཆི་ཁར་བར་དོར་གྲོལ་བའི་རྟགསཿ ཟླ་དྲུག་ཟླ་བདུན་དུས་ཉིད་ནསཿ བག་ཆགས་རྒྱུན་ཆད་བཟའ་བཏུང་དངཿ དྲོད་གྲང་སྣང་བ་ཀུན་འགགས་ཤིངཿ ངག་གི་སྨྲ་བ་རྒྱུན་ཆད་དམཿ ཡང་ན་འཆོལ་བུའམ་མགུར་དབྱངས་ལེནཿ དེ་ནི་ཆོས་སྐུའི་གྲོལ་རྟགས་སོཿ ཆོས་ཉིད་བར་དོར་གྲོལ་བའི་རྟགསཿ ལུས་ཉིད་བཞུགས་སྟངས་མི་འབྲལ་ཞིངཿ འོད་གསལ་དག་པའི་སྣང་ངོར་བལྟཿ རྨི་ལམ་རྒྱུན་ཆད་ཞིང་ཁམས་མཐོངཿ ངག་ནས་ཆོས་ཚིག་སྣ་ཚོགས་སྒྲོགསཿ ཉོན་མོངས་ལྔ་ཡི་རྟོག་པ་ཟདཿ བདེ་སྟོང་ངང་དུ་ཉིན་མཚན་འདའཿ སྤྲུལ་སྐུའི་ཞིང་དུ་གྲོལ་བའི་རྟགསཿ སྙིང་རྗེ་ཆེ་ཞིང་ཉམས་སྣང་དུཿ མཁའ་འགྲོ་མ་ཡིས་ལུང་སྟོན་ཞིངཿ ཉིན་མཚན་འདྲེས་ཉམས་རྨི་ལམ་ཟིནཿ སྤྲུལ་བསྒྱུར་ནུས་ཤིང་ལུས་ཡང་བདེཿ མུན་པའི་རྣལ་འབྱོར་རྩལ་རྫོགས་ཤིངཿ འཆི་ཁར་ངོ་སྤྲོད་དག་ལ་དགའཿ བླ་མར་མོས་གུས་གདེངས་ཚུགས་ཤིངཿ མཆེད་ལ་བརྩེ་གདུང་ལྷག་པར་ལྡནཿ ཀུན་ལ་ཕན་སེམས་སྔར་བས་ཆེཿ འདི་ཉིད་རྗེས་དྲན་སྟོབས་ཀྱིས་གྲོལཿ ༧ དེ་ཡང་བར་དོའི་གདམས་པ་རྣམསཿ སློབ་དཔོན་མཁས་པའི་ཞལ་ཤེས་ཀྱིསཿ ཚེ་འདིར་མཐར་ཕྱིན་ཉམས་སུ་བླངཿ མན་ངག་སེམས་ལ་ཟིན་གྱུར་ནཿ བར་དོར་མ་པང་བུ་འཇུག་མཚུངསཿ ད་ལྟའི་གོམ་སྟོབས་ཞན་གྱུར་ནཿ འཆི་ཁ་དང་ནི་ཆོས་ཉིད་དུསཿ གྲོལ་བ་ཉིན་མོའི་སྐར་མ་ཙམཿ ཁྲེགས་ཆོད་རིག་པ་ངོ་འཕྲོད་ཚེཿ འོད་གསལ་ཐོད་རྒལ་ཆེན་པོ་ཡིཿ སྣང་བ་བཞི་ཡི་ཉམས་ལེན་གནདཿ མཐར་ཕྱིན་ལམ་གྱི་མཆོག་ཡིན་ཏེཿ མན་ངག་སྡེ་ཡི་དགོངས་པའི་གནདཿ ཡང་གསང་ཐུགས་ཐིག་ཆོས་ཀྱི་བཅུདཿ རྣལ་འབྱོར་གྲོལ་བའི་གསང་ཆེན་ཆོསཿ ཐོད་རྒལ་ཁོ་ནར་རག་ལས་པའིཿ གྲོལ་འདོད་དག་གིས་ཐུགས་ལ་འཆང་ཿ ཉི་ཟླ་མར་མེར་ཐོག་མ་ཙམཿ རྟག་ཏུ་ནམ་མཁའ་མུན་པར་གནདཿ ཁྱད་པར་མུན་པའི་རྣལ་འབྱོར་ནིཿ ཤིན་ཏུ་ཡང་གསང་ཐུགས་ཐིག་གིཿ བར་དོར་གྲོལ་བའི་མན་ངག་སྟེཿ དྲི་མ་མེད་པའི་ཐུགས་ཀྱི་བཅུདཿ དགའ་རབ་དཔའ་བོའི་ཁྱད་འཕགས་ནོརཿ པདྨ་ཀཱ་རའི་སྙིང་གི་ཁྲགཿ དེ་ཡང་དཀར་ཁྲིད་ཁྲ་ཁྲིད་དངཿ ནག་ཁྲིད་ལུགས་གསུམ་བསྟན་པ་སྟེཿ དེ་ཚེ་དབྱིངས་སྣང་ཐིག་ལེ་དངཿ རིག་པ་རྣམ་གསུམ་དག་པའི་ཚེཿ འཆི་ཁ་བར་དོར་གྲོལ་བ་ཡིཿ རྟགས་མཚན་མངོན་དུ་རིག་པའོཿ ཐོད་རྒལ་ཉམས་ལེན་མཐར་ཕྱིན་ནསཿ ཚད་ཕེབ་ཆེན་པོའི་སྣང་བའི་དུསཿ ཚེ་འདིར་ལོངས་སྤྱོད་རྫོགས་པའི་ཞིངཿ ཉུལ་བ་མངོན་དུ་གྱུར་པ་སྟེཿ སྒྱུ་ལུས་ཟག་པ་ཟད་པ་ཡིསཿ རྡུལ་ཕྲན་ཆ་མེད་ཅེས་བྱ་བཿ སྤྲུལ་པ་སྣ་ཚོགས་སྟོན་ནུས་ཤིངཿ ཟད་པ་ས་ཆུ་མེ་རླུང་གིཿ ཏིང་ངེ་འཛིན་ལ་རང་དབང་ཐོབཿ འབྱུང་བ་ལྔ་ཡིས་མི་འཇིགས་ཤིངཿ གྲུབ་རྟགས་ཡ་མཚན་གྲུབ་པ་སོགསཿ འོད་གསལ་ཐོད་རྒལ་ཆེན་པོ་ཡིཿ ཐུན་མོང་མ་ཡིན་དགོངས་པའི་གནདཿ འདི་ཡིས་ལམ་གྱིས་སྟོན་པའོཿ ཟག་བཅས་མངོན་པར་ཤེས་པ་དངཿ འཇིག་རྟེན་མཁའ་འགྲོའི་བསླུ་བྲིད་སོགསཿ ༧ ཆོས་ཉིད་མངོན་སུམ་ནས་བཟུང་སྟེཿ ཉམས་སྣང་གོང་འཕེལ་བར་དུ་འབྱུངཿ དེ་དང་དེ་ཡིས་རྐྱེན་བྱས་ཏེཿ རེ་དོགས་ཆེ་ཞིང་དགའ་སྡུག་མངཿ ཆགས་སྡང་སེར་སྣ་སྔར་བས་འཕེལཿ ཁོ་ཡི་དབང་དུ་གྱུར་པ་སྟེཿ སྲིད་པ་རུ་ལོག་ཏིང་འཛིན་དངཿ བླ་མའི་མཚན་སྔགས་མང་དུ་བསྒྲངསཿ བདུད་རྩི་དྲི་ཆེན་བཅུད་ལེན་བསྟེནཿ དེ་ཚེ་དེ་ལས་གྲོལ་བར་འགྱུརཿ གཞན་གྱིས་དད་གུས་ལོངས་སྤྱོད་འཕེལཿ དེ་ཚེ་སྤྲོ་བའི་སེམས་མི་སྐྱེཿ ཆགས་མེད་མཆོད་སྦྱིན་དག་ལ་འབདཿ ཆགས་སྡང་འཛིན་པ་རིམ་བཞིན་ཞིགཿ སྣང་བ་རྨི་ལམ་སྒྱུ་མར་ཤརཿ ཐེ་ཚོམ་མེད་ཅིང་རེ་དོགས་བྲལཿ སྤྱོད་པ་སྤང་བླང་འཛིན་ཞེན་ལསཿ འདས་ཤིང་འདི་བྱ་འདི་བྱེད་ཀྱིཿ རྣམ་རྟོག་དབྱིངས་སུ་ཟད་པའི་ཚེཿ བདུད་དང་འཇིག་རྟེན་མཁའ་འགྲོ་ཡིཿ བར་ཆད་རྐྱེན་ལས་གྲོལ་བའོཿ ༧ ལུས་ཀྱི་བདེ་སྡུག་སྣང་བ་དྭངསཿ ངག་གིས་སྨྱོ་གཏམ་འཆོལ་བུར་སྨྲཿ སེམས་ཀྱིས་ཉོན་མོངས་ཤར་ཐོག་གྲོལཿ དེ་ནི་སྨྱོན་པའི་བརྟུལ་ཞུགས་ཅནཿ སྣང་བ་གཟེངས་བསྟོད་མཆོང་རྒྱུག་དངཿ ངག་གིས་གང་དྲན་སྣ་ཚོགས་པཿ ཕུ་ཆུ་བསྲུབ་བཞིན་སྨྲ་བ་དངཿ སྣང་བ་ཡད་ཡུད་ཕྱད་ཕྱོད་དུཿ བཏང་ན་རྫོགས་རིམ་ཕྲ་བ་ཡིཿ རྣལ་འབྱོར་འགྲུབ་ཅིང་རྫུ་འཕྲུལ་སྟོནཿ ཁམས་གསུམ་དབང་སྡུད་སྲིད་གསུམ་གནོནཿ ཧེ་རུ་ཀ་ཡི་བརྟུལ་ཞུགས་འཆངཿ ལ་ལ་རོ་སྙོམས་ཆེན་པོ་ཡིསཿ ཟས་སུ་གཙང་དམེ་མེད་པར་ཟཿ སྤྱོད་པ་ངོ་ཚ་དང་བྲལ་ཞིངཿ གང་ལའང་ཆགས་མེད་ཞེན་པ་མེདཿ འཇིགས་པ་བྲལ་ཞིང་བརྟུལ་ཞུགས་སྤྱོདཿ ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིསཿ ཀུན་དང་མི་མཐུན་ལོག་པར་ལྟཿ འདི་ནི་བརྟུལ་ཞུགས་ཆེན་པོ་སྟེཿ གྲུབ་པ་བརྙེས་པའི་གང་ཟག་གོཿ དེ་སོགས་ཚད་ཕེབ་དུས་འདི་རུཿ གྲུབ་རྟགས་རྫུ་འཕྲུལ་རྐང་མགྱོགས་དངཿ རིལ་བུ་མིག་སྨན་རིག་འཛིན་སོགསཿ བགྲོད་པར་བྱེད་པའི་དུས་ཡིན་ནོཿ འཕོ་བ་རྡོ་རྗེའི་སྐུ་མཆོག་ཉིདཿ གྲུབ་མཛད་ཚེ་དབང་རིག་འཛིན་ཡངཿ ཚད་ཕེབ་ཆེན་པོའི་མཐའ་འདི་རུཿ འཕོ་ཆེན་འཕོ་མེད་རྣམ་གཉིས་ལཿ འཇུག་ལུགས་རྣམ་པ་གཉིས་སུ་གསུངསཿ དེ་ཡང་འཕོ་བ་ཆེན་པོ་ནིཿ ཆོས་ཅན་འཁྲུལ་པའི་སྣང་བ་ཀུནཿ ཆོས་ཉིད་ཀློང་དུ་ཟད་པའི་ཚེཿ འཇུག་ལུགས་རྣམ་པ་གསུམ་དུ་བཤདཿ ཡི་དམ་ལ་གཏད་འཇུག་པ་དངཿ མཁའ་འགྲོ་ལ་གཏད་འཇུག་པ་དངཿ རྗེས་འཛིན་ལ་གཏད་འཇུག་པ་གསུམཿ ཡི་དམ་འཇུག་ལུགས་ཞལ་མཐོང་ཞིངཿ དེ་ཡང་རང་དང་དབྱེར་མེད་དུཿ འགུགས་བསྟིམ་འཆིང་གྲོལ་མེད་པར་རྟོགསཿ སྣང་བ་ཐམས་ཅད་འོད་ལྔ་ཡིཿ ཟེར་མདངས་སྤྲོ་བསྡུ་ལན་བདུན་ཤརཿ རང་རིག་ཡི་དམ་ལྷ་ཉིད་དངཿ དབྱེར་མེད་དུ་མ་རོ་གཅིག་འཆརཿ མཁའ་འགྲོ་ལ་གཏད་བདེ་བ་ཆེཿ ཡེ་ཤེས་ཆེན་པོའི་རྩལ་རྫོགས་ཚེཿ སྐྱེ་རྒའི་ཡེ་ཤེས་འོད་ལུས་འགྲུབཿ རང་རིག་རྩལ་ལ་བྱང་ཆུབ་ནསཿ གང་ཤར་སྤྲོ་བསྡུ་མེད་པར་རྟོགསཿ ༧ རྗེས་འཛིན་སྙིང་རྗེ་ཆེན་པོ་ཡིསཿ འགྲོ་དོན་མ་རྫོགས་དེ་སྲིད་དུཿ སྣང་བ་ཡེ་ཤེས་ཕྲས་བཏབ་བཞིནཿ ཀུན་རྫོབ་སྣང་བའི་ཆོས་སོ་ཅོགཿ དག་པ་རང་གྲོལ་ཆེན་པོར་ཤརཿ ཐོབ་ཉམས་མཆེད་པའི་ཡེ་ཤེས་ཀྱིསཿ སྐྱེ་འཆི་གཉིས་དང་དག་མ་དགཿ རང་དབང་བསྒྱུར་ཅིང་འགྲོ་དོན་སྤྱོདཿ རྫས་ཀྱི་རིག་འཛིན་ལ་བརྟེན་ནཿ སླར་ཡང་ཚེ་ལ་དབང་བ་ཡིཿ རིག་འཛིན་མཆོག་ཉིད་བསྒྲུབ་པའི་ཚེཿ བཅུ་དྲུག་ལྡན་པའི་མཚལ་ཆེན་ནམཿ བྱིན་རླབས་རིལ་བུ་བཅུད་ལྡན་ལསཿ བདུད་རྩིར་སྦྱང་བའི་སྒྲུབ་ལུགས་འདིཿ སྙིགས་མའི་དུས་འདིར་དཀོན་པར་ཟདཿ དམ་ཚིག་ལྡན་པའི་རྣལ་འབྱོར་པསཿ ཁྲེགས་ཆོད་ཚད་འཁྱོལ་ཐོད་རྒལ་གྱིཿ སྒྲུབ་ལུགས་འདི་ནི་སྙིགས་མའི་དུསཿ ཡང་གསང་ཐུགས་ཐིག་རྣལ་འབྱོར་ལཿ མངོན་གྱུར་དྲི་མ་མེད་པའི་དྲིནཿ རྩ་བའི་ཡི་གེ་འདི་ཉིད་ལསཿ མན་ངག་ཐུགས་ལས་ཐུགས་སུ་བརྒྱུདཿ འཕོ་མེད་ཟད་སར་སྐྱེལ་བ་ནིཿ ཆོས་ཅན་འཁྲུལ་བའི་རྟོག་ཚོགས་ཀུནཿ ཡེ་ཤེས་ཆེན་པོའི་དབྱིངས་སུ་གྲོལཿ སྣང་བ་འོད་ཀྱི་ཐིག་ལེའི་ཁམསཿ ཟེར་མདངས་ལྔ་ལ་འུབ་ཆུབ་ནསཿ མདངས་ཀྱི་སྒྲོན་མ་རྣམ་པ་གསུམཿ ནང་གདངས་སྒྲོན་མ་གསུམ་ལ་གྲོལཿ དེ་ཡང་ཆོས་སྐུའི་དབྱིངས་སུ་འཁྱིལཿ ཆོས་ཅན་ཆོས་ཉིད་ཀློང་དུ་འདྲེསཿ ཆོས་ཉིད་འོད་གསལ་ཆེན་པོ་ལཿ གཞོན་ནུ་བུམ་སྐུར་འདྲེས་པའི་ཚེཿ སྒྱུ་ལུས་འབྱུང་ལྔའི་ཀློང་དུ་ཐིམཿ སྒྲ་ཚིག་བརྗོད་མེད་ལོངས་སྤྱོད་རྫོགསཿ རིག་པ་ཀ་དག་ཆེན་པོའོཿ སྙིགས་མའི་ལྷག་མ་འཇོག་པའངཿ ལྷུན་གྲུབ་རང་རྩལ་རྫོགས་མ་རྫོགསཿ མན་ངག་གཟེར་གྱི་གནད་ལས་འབྱུངཿ ཤིན་ཏུ་རྣལ་འབྱོར་བརྟུལ་ཞུགས་ཅནཿ ཆོས་ཟད་སྣང་བ་ཤར་བའི་ཚེཿ རིག་པ་རྩ་ཁམས་ཡི་གེར་གཏདཿ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱིཿ ༧ རང་སྣང་ལོངས་སྐུའི་ཞིང་བཀོད་དངཿ ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་མཐོངཿ དེ་ཡང་རང་བྱུང་རང་ཤར་ལྷཿ རིག་གདངས་ཆེན་པོར་ངོ་ཤེས་ནཿ སྒྱུ་ལུས་སྤྲུལ་པའི་སྐུ་རུ་ཤརཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ འབྱུང་བ་ལྔ་ལ་ཐོགས་པ་མེདཿ ཐོགས་བཅས་ཀུན་ལ་ཟང་ཐལ་རྒྱུཿ མཁའ་ལ་བྱ་ལྟར་འཕུར་བ་དངཿ ཉིན་སྣང་སྤྲུལ་པས་འགྲོ་དོན་སྤྱོདཿ མཚན་སྣང་ལོངས་སྤྱོད་རྫོགས་ཞིང་དུཿ རིགས་མཆོག་ལྔ་ཡི་དགོངས་པ་ལེནཿ སྟོང་གསུམ་སྟོང་གི་འཇིག་རྟེན་ནཿ སྒྱུ་མ་ལྟ་བུའི་རོལ་གར་རྩེདཿ འདི་ཡང་ཡང་གསང་ཐུགས་ཐིག་གིཿ འབྲས་བུ་ཐོབ་པའི་གང་ཟག་ནིཿ ལྷུན་གྲུབ་རིག་འཛིན་སར་ཕྱིན་པའིཿ པདྨ་ཀཱ་ར་ཇི་བཞིན་ཏེཿ ཚོགས་གཉིས་འབྲས་བུའི་ཐུས་ཀ་དངཿ བརྟུལ་ཞུགས་ཅན་གྱིས་འགྲུབ་པར་ངེསཿ ཨེ་མ་ངོ་མཚར་རྨད་ཀྱི་ཆོསཿ ༧ ལྟ་བའི་ཡང་རྩེ་རྫོགས་པ་ཆེཿ ཡང་གསང་ཐུགས་ཐིག་དགོངས་པའི་གནདཿ ཁྱད་འཕགས་ཡིད་བཞིན་ནོར་བུའོཿ འཕོ་ཚེ་འོད་ལུས་མ་སྤངས་བརཿ ལོངས་སྐུའི་ཞིང་དུ་བགྲོད་པ་དངཿ སྤྲུལ་ཞིང་འགྲོ་དོན་བྱེད་པ་དངཿ འོད་ལུས་ན་བུན་དྭངས་པ་བཞིནཿ ཆོས་སྐུའི་ཀློང་དུ་བགྲོད་པ་སོགསཿ ཡི་དམ་མཁའ་འགྲོའི་བསྐུལ་མ་དངཿ གསོལ་བཏབ་འབྲས་བུ་སྨིན་པ་འོཿ ༈ ཨ་ལ་ལ་ཧོཿ ཆོས་དབྱིངས་བདེ་ཆེན་ཕོ་བྲང་དུཿ ཀུན་བཟང་འོད་མི་འགྱུར་བ་ཡིསཿ རྡོ་རྗེ་འཆང་ཆེན་དྲི་མ་མེདཿ དགོངས་པ་ཟང་ཐལ་བརྡ་ཆོས་བསྟནཿ སྟུག་པོ་བཀོད་དུ་རིགས་ལྔའི་འཁོརཿ རྒྱལ་ཚབ་རྡོ་རྗེ་སེམས་དཔའ་ཡིསཿ བརྡ་ཆོས་བསྟན་ཅིང་སྤྲུལ་སྐུའི་ཞིངཿ སླར་ཡང་དྲི་མེད་གཞོན་ནུར་སྤྲུལཿ སྟོབས་ལྡན་ཁྲག་འཐུང་ཧེ་རུ་ཀསཿ ཁྲག་འཐུང་ཁྲོ་བོ་རོལ་པའི་ཞིངཿ རིག་འཛིན་མཁའ་འགྲོའི་ཚོགས་བཅས་ལཿ དབང་བཞི་བསྐུར་ཅིང་སྦྱོར་སྒྲོལ་གྱིཿ གསང་བ་ཡོངས་རྫོགས་ཆོས་འདི་བསྟནཿ དུས་ནི་རྟག་པ་རྒྱུན་གྱི་ནིཿ འཁོར་ལོ་ཆེན་པོར་འགྲོ་དྲུག་ཁམསཿ མ་སྟོངས་བར་དུ་རྒྱུན་མི་ཆདཿ དེ་ཡི་ཐུགས་རྗེའི་རྩལ་ཤུགས་ལསཿ སྔོན་ཚེ་ཀུན་ཏུ་བཀོད་པའི་དུསཿ མེ་ཏོག་འདམ་མཛེས་ཁྲོད་ཉིད་དུཿ དྲང་སྲོང་གསང་བའི་བརྡ་ཆོས་བསྟནཿ དེ་ཚེ་ལས་ཅན་དག་པའི་འཁོརཿ འབུམ་ཕྲག་བདུན་བཅས་མངོན་སངས་རྒྱསཿ ད་ལྟའི་སྒྲོན་མེའི་བསྐལ་པ་འདིརཿ ཉི་མ་སྣང་བྱེད་ཆེན་པོ་རུཿ གསང་བདག་དགའ་རབ་དཔའ་བོ་ཡིསཿ དྲང་སྲོང་རིག་འཛིན་མཁའ་འགྲོ་མརཿ རིག་འཛིན་ཐུགས་ཀྱི་ཐིག་ལེ་བསྟནཿ གཟུགས་ཅན་གཟུགས་མེད་དག་པའི་འཁོརཿ འབུམ་ཕྲག་བདུན་གྱིས་འབྲས་བུ་ཐོབཿ ལྷུན་གྲུབ་རིག་འཛིན་ས་ལ་གནསཿ དེ་ནས་འགྲོ་དོན་དུས་བབ་ཚེཿ རྡོ་རྗེ་གདན་གྱི་ནུབ་བྱང་མཚམསཿ སྤྲིན་ནག་འདུས་པའི་དུར་ཁྲོད་དུཿ དགའ་རབ་ཤྲཱི་སེང་པད་འབྱུང་གིསཿ ཐུགས་ཀྱི་ཐིག་ལེའི་ཆོས་འཁོར་བསྐོརཿ ལྷ་དང་རིག་འཛིན་མཁའ་འགྲོ་མཿ གནོད་སྦྱིན་སྲིན་པོ་ཀླུ་དང་མིཿ གཟུགས་ཅན་གཟུགས་མེད་བྱེ་བ་གྲོལཿ འགའ་འགའ་རིག་འཛིན་ས་ལ་གནསཿ འགའ་འགའ་ཆོས་སྐུར་མངོན་སངས་རྒྱསཿ འགའ་འགའ་ཡེ་ཤེས་གཟུགས་སུ་གྲུབཿ འགའ་འགའ་འཕོ་བ་ཆེན་པོར་བཞུགསཿ སྦྱོར་སྒྲོལ་གསང་བའི་གནས་མཆོག་སྟེཿ ༧ ཤཱཀ་ཐུབ་བསྟན་པས་མ་རྫོགས་པརཿ དེ་སྲིད་འགྲོ་བའི་དོན་སྤྱོད་ཅིངཿ ཡང་གསང་སྒྲུབ་པའི་ཞིང་བཀོད་དོཿ ད་ལྟ་ཟ་བྱེད་སྲིན་པོའི་གླིངཿ རྔ་ཡབ་དཔལ་རིའི་རྩེ་མོ་རུཿ པད་འབྱུང་ཧེ་རུ་ཀ་དཔལ་རྗེཿ སྟོབས་ལྡན་དཔའ་བོའི་སྐུར་བཞེངས་ནསཿ ལས་ཅན་དག་པའི་རིག་འཛིན་འགའཿ མཁའ་འགྲོའི་མ་ཚོགས་དང་བཅས་ལཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཐིགཿ རང་གྲོལ་ཆེན་པོའི་བརྡ་ཆོས་སྟོནཿ སྐུ་གསུམ་ཞིང་གི་མཁའ་འགྲོ་མའིཿ གཙོ་མོ་རྡོ་རྗེ་རྣལ་འབྱོར་མཿ འབུམ་ཕྲག་མཁའ་འགྲོ་ཀུན་ཀྱི་རྗེཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཀློངཿ སྤྲིན་ནག་འདུས་པའི་དུར་ཁྲོད་ནསཿ འོད་སྣང་སྤྲུལ་པའི་ཤོག་དྲིལ་བདུནཿ བདེ་བ་ཆེན་པོར་རྒྱས་བཏབ་སྟེཿ མ་འོངས་བསྐལ་པའི་སྙིགས་མ་ལཿ ལྔ་བཅུ་ཁ་རལ་དུས་ཀྱི་མཐརཿ སེམས་ཅན་དུག་ལྔ་སྟོབས་ཆེ་ཞིངཿ ལས་སུ་མི་དགེ་སྣ་ཚོགས་སྤྱོདཿ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཉམསཿ དགོན་གནས་ཇག་པའི་འདུ་ས་བྱེདཿ དམ་སྲི་མི་བདུན་དབུས་སུ་ཤོརཿ རྒྱ་གར་མུ་སྟེགས་ཕྱི་བས་འཛིནཿ དུ་རུ་ཁ་དང་འཇང་དམག་ལྡངཿ རྡོ་རྗེ་གདན་གྱི་ཆོས་འཁོར་ཉམསཿ བྱང་ཕྱོགས་ཁུ་ལུང་ནག་པོ་ལྔཿ བྷོ་ཊར་པདྨའི་རིང་ལུགས་ཉམསཿ དཀར་ཕྱོགས་ཕམ་ཞིང་ནག་ཕྱོགས་རྒྱལཿ སྨོན་ལམ་ལོག་པའི་དམ་སྲིའི་དཔུངཿ ཆོས་པའི་སྙིང་ཞུགས་བསྟན་སེལ་སློངཿ བླ་མའི་སྙིང་ཞུགས་ལོག་ཆོས་སྟོནཿ མི་དཔོན་སྙིང་ཞུགས་སྡིག་རྒྱུན་སྤེལཿ རིགས་རྒྱུད་འཆོལ་ཞིང་རིགས་ངན་གྱིསཿ བོད་ཀྱི་རྒྱལ་ས་འཛིན་པའི་དུསཿ ཆོས་འཁོར་རྣམ་གསུམ་རབ་གནས་ཉམསཿ ཡུལ་སའི་ཤོད་དུ་རྡོ་ནག་རྡོལཿ རིག་འཛིན་འགའ་འགའ་ས་མཐར་སྤྱུགསཿ བྱང་སེམས་འགའ་འགའ་རང་སྲོག་འགུམཿ མཚོན་འཁྲུགས་བསྐལ་པ་དར་བའི་ཚེཿ ཧས་པོ་རི་ཡི་བྱང་ཕྱོགས་སུཿ ཨ་ཙར་པདྨ་ཀཱ་ར་ཉིདཿ བརྟུལ་ཞུགས་ཕལ་པའི་གཟུགས་སུ་སྦྲུལཿ རེ་འགའ་ཐོ་ཅོ་རྩིང་སྤྱོད་ཀྱིསཿ མི་མིན་འབྱུང་པོ་དམ་འོག་འཛུདཿ རེ་འགའ་ཧེ་རུ་ཀ་དཔལ་གྱིསཿ རྒྱལ་འདྲེ་དམ་སྲིའི་དམྱལ་ཐག་གཅོདཿ རེ་འགའ་ཁྱི་ཕག་སྤྱོད་པ་ཡིསཿ འགྲོ་བ་མང་པོ་དགེ་ལ་བསྒྱུརཿ རེ་འགར་རིག་འཛིན་སྤྱོད་པ་ཡིསཿ གཏེར་རྙིང་སྐྱོང་ཞིང་གཏེར་གསར་སྤེལཿ དེ་ཚེ་ཌཱཀྐི་ཝ་ར་ཧིཿ མ་དང་སྲིང་མོ་གྲོགས་ཀྱི་ཚུལཿ རྣམ་བཞིའི་ལས་ཀྱི་ཕྲིན་ལས་སྒྲུབཿ དངོས་ཅན་དངོས་མེད་བླ་མ་དངཿ ཡི་དམ་མཁའ་འགྲོའི་ཚུལ་ཉིད་ཀྱིསཿ བརྡས་བསྐུལ་ཡང་གསང་ཐུགས་ཐིག་གིཿ ཆོས་ཀྱི་སྒོ་འཕར་ཕྱེ་བའི་ཚེཿ ཤིན་ཏུ་གསང་བའི་མན་ངག་ཆོསཿ གསང་བ་ལས་ཀྱང་ཆེས་གསང་བཿ ལུས་མེད་མཁའ་འགྲོའི་གདམས་པའི་གནདཿ ཞིང་ཁམས་འགའ་འགར་མ་གྲགས་ནཿ རྒྱ་བོད་གནས་སུ་ལྟ་ཅི་སྨོསཿ བཻ་ཌཱུརྻ་ཡི་བརྡ་རིས་ལསཿ བྱུང་བའི་དྲི་མ་མེད་པའི་བཀའཿ འདིར་འཕྲད་ལོ་བདུན་གསང་རྒྱས་མཐརཿ ཕག་མོ་རང་གི་བརྡས་བསྐུལ་ཚེཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཞེསཿ པདྨ་བཛྲ་རང་དང་འཕྲདཿ ཕ་ནོར་བུ་ཡིས་ལོན་པའི་དུསཿ ལྷ་ལྕམ་མེ་ཏོག་མནྡཱ་རའིཿ རྣམ་སྤྲུལ་ཕག་ཆེན་རིག་འཛིན་གྱིཿ གོ་འཕང་བརྙེས་པའི་ཌཱཀྐི་མསཿ ཆོས་འདིས་འགྲོ་དོན་བྱེད་པར་འགྱུརཿ གཟུགས་མེད་དུང་ཕྱུར་བཅུ་གསུམ་གྲོལཿ འབྲེལ་པས་བསྡུས་པ་བྱེ་མའི་གྲངསཿ གཟུགས་ཅན་བརྒྱ་དང་ཉེར་གཅིག་ཙམཿ གྲོལ་འགྱུར་ཐེ་ཚོམ་ཡོད་རེ་ཀནཿ འདི་ཉིད་མཐོང་གྲོལ་ཐོས་གྲོལ་ཏེཿ ཆོས་འདི་རེག་གྲོལ་ཆེན་མོའོཿ ཇི་སྲིད་འབྲེལ་པས་བསྡུས་པ་ཀུནཿ ངན་སོང་འཁོར་བའི་སྒོ་ཆོད་ནསཿ དག་པ་སྐུ་གསུམ་ས་ལ་གནསཿ ཉམས་ལེན་གང་ཟག་སྐལ་ལྡན་ཀུནཿ ལོང་མེད་ཚེ་འདིར་མ་གྲོལ་ནཿ འཆི་ཁ་ཆོས་ཉིད་བར་དོར་གྲོལཿ དབང་པོ་ཤིན་ཏུ་དམར་གྱུར་ཀྱངཿ སྲིད་པ་བར་དོའི་དང་པོ་རུཿ གྲོལ་འགྱུར་ཐེ་ཚོམ་ཡོད་རེ་ཀནཿ མདོ་རྒྱུད་བསྟན་བཅོས་མན་ངག་ཀུནཿ ནུབ་ཀྱང་ཕངས་པར་མི་འགྱུར་ཏེཿ ༈ ཆོས་འདིའི་ཤོ་ལོ་ཀ་གཅིག་ཉམསཿ དེ་ཚེ་དེ་དོན་རྗོད་བྱེད་པའིཿ སྐྱེས་བུ་འཛམ་གླིང་འབྱུང་མི་འགྱུརཿ རིག་འཛིན་མཁའ་འགྲོའི་སྲོག་སྙིང་ལསཿ ཕངས་བའི་ཆོས་འདི་གཅེས་པར་འཆོངསཿ དམ་ཉམས་བླ་མར་སྡང་བ་དངཿ སྔགས་ལ་ལོག་པར་ལྟ་བ་ལཿ རླུང་ཕྱོགས་ཙམ་ཡང་མ་བསྒྲགས་ཤིགཿ སུས་ཀྱང་འདི་དོན་མི་རྟོགས་ཀྱངཿ མཁའ་འགྲོ་འཁྲེན་པའི་ཆད་པ་འབྱུངཿ དེ་ཕྱིར་སྙིང་གི་དཀྱིལ་དུ་སྤོསཿ མཁའ་འགྲོ་རང་གི་གདམས་པའོཿ ༈ ས་མ་ཡཱཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ ཁ་ཐཾཿ གུ་ཧྱཿ ཡེ་ཤེས་མཁའ་འགྲོའི་སྲོག་གི་རྒྱཿ ཡི་དམ་ལྷ་ཡི་དངོས་གྲུབ་རྒྱཿ རིག་འཛིན་བླ་མའི་དམ་ཚིག་རྒྱཿ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཕག་མོ་དང་ཿ རྡོ་རྗེ་རིན་ཆེན་པདྨ་ལས་མཁའ་འགྲོཿ སྔགས་ཀྱི་སྲུང་མ་སྲིད་གསུམ་དབང་སྒྱུར་བའིཿ སྐྱེ་རྒྱུད་བདག་པོ་ཡབ་ཡུམ་རཱ་ཧུ་ལཿ གཙོ་གྱུར་བཀའ་ཡི་སྲུང་མའི་ཚོགས་རྣམས་དངཿ གནོད་སྦྱིན་རྒྱལ་པོ་དྲེགས་ལྡན་མཆེད་གཉིས་དངཿ བཀའ་འཁོར་གཏེར་གྱི་སྲུང་མ་དམ་ཚིག་ཅནཿ སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་སྲུངསཿ བསྐལ་པའི་ཐ་མར་ཟབ་ཆོས་འདི་ཉིད་ཀྱིཿ འགྲོ་དོན་རྫོགས་ཚེ་བཻཌཱུར་ཡི་གེའི་སྐོརཿ ཡི་གེ་འབྲུ་གཅིག་བོད་དུ་མ་ལུས་པརཿ ཨོ་རྒྱན་མཁའ་འགྲོའི་གླིང་དུ་ཁྱེར་ལ་ཤོགཿ བཻཌཱུར་ཡི་གེ་གང་དུ་ཡོད་པ་དེརཿ ཁྱེད་ཅག་ཉིན་ཞག་ཕྲུག་གཅིག་དུས་དྲུག་ཏུཿ མེལ་ཚེ་གྱིས་ཤིག་ཁྲག་འཐུང་རྒྱལ་པོའི་བཀའཿ དམ་ལས་འདས་ན་ཆེ་མཆོག་ཧེ་རུ་ཀའིཿ བཀའ་ཡི་ཆད་པས་སྙིང་ཁྲག་ཐང་ལ་འཕོསཿ རྡོ་རྗེ་དམྱལ་བའི་གནས་སུ་ལྟུང་གྱུར་ནསཿ བསྐལ་ཆེན་འབུམ་ཕྲག་བདུན་དུ་གནས་ཏ་རེཿ སྐྱེ་རྒྱུད་བདག་པོ་ཁྱོད་ཀྱི་ཆོས་སྐལ་ཏེཿ དུས་ཀུན་བླ་རྡོ་འདི་དང་མ་བྲལ་ཞིགཿ ས་མ་ཡཱཿ ན་རཀ་ཀནཿ རཀྵནྟུཿ ཨ་ལ་ལཿ ཨེ་མ་ཧོཿ མཉྫུ་ཀུབྟ་མ་ཧཱ་དྷེ་ཝ་ཨུ་མ་དྷེ་ཝི་ཙིཏྟ་ཧྲིང་ཧྲིངཿ ཏིཥྛ་ལྷནཿ བཛྲ་སྭཱ་ཧཱཿ བདག་འདྲ་ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ ཡི་དམ་རྡོ་རྗེ་ཕག་མོའི་དྲིན་ཉིད་ལསཿ སྟོན་པ་དྲི་མ་མེད་པའི་ཞལ་མཇལ་ཞིངཿ ཟབ་གསང་གདམས་པའི་སྙིང་པོ་འདི་ཉིད་ཐོབཿ རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་འདྲེསཿ གསང་བདག་སྟོན་པ་དགའ་རབ་དཔའ་བོ་ཡིསཿ བཻཌཱུརྻ་ཡི་ཡི་གེའི་ཞལ་བཤུས་ཤིངཿ སྟོན་པས་ལན་གསུམ་ཞུས་ཤིང་དག་པར་བྱསཿ བདེ་བའི་བདག་ཉིད་ཌཱཀི་མ་ལ་གཏདཿ ད་ནི་མི་ལུས་ཐོབ་པ་དོན་དང་ལྡནཿ ཡིད་བཞིན་ནོར་བུ་ལག་ཏུ་ལོན་པ་སྟེཿ ད་ནི་བོད་ཡུལ་འགྲོ་དོན་རྫོགས་པའི་དུསཿ ལུས་རྒྱའི་སྦུབས་ནས་ཕྱག་ཆེན་རིག་འཛིན་འགྲུབཿ བར་དོར་ལྷུན་གྲུབ་རིག་འཛིན་རྩལ་རྫོགས་ནསཿ ཡབ་ཡུམ་གཞོན་ནུ་བུམ་སྐུའི་ཀློང་ཆེན་པོརཿ ཁྱུང་ཆེན་ནམ་འཕང་གཅོད་བཞིན་དེངས་ནས་འགྲོཿ ངོ་མཚར་ཆེའོ་ཡེ་ཤེས་ཌཱཀྐིའི་དྲིནཿ ཆོས་འདིས་འགྲོ་དོན་གླིང་བཞི་ཁྱབ་ནས་ཀྱངཿ མ་དག་འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནསཿ ལོངས་སྐུ་ཆེན་པོ་མངོན་འཚང་རྒྱ་བར་ཤོགཿ ྅྅྅ངོ་མཚར་བའི་རྒྱཿ མེ་ཁམས་རྟ་ཡི་ལོར་བརྡ་རྟགས་ཤར་བཞིན་ལོ་བདུན་གསང་རྒྱས་བཏབ་ནས་ཤིང་ཁམས་གདུག་པ་སྟག་གི་ལོར་ཡེ་ཤེས་ཌཱཀྐི་བརྡས་བསྐུལ་བཞིན་མདུན་མཁར་སྟོན་པ་དངོས་སུ་བྱོན་ནས་བཻཌཱུརྻའི་ཡི་གེའི་ངོས་ནས་བརྡ་བཀྲོལ་བཞིན་དག་པར་ཕབ་པས་ཆད་ལྷག་འགལ་འཁྲུལ་མེད་ཅིངཿ ཡི་གེ་ཚིག་རེར་མཁའ་འགྲོ་འབུམ་གྱི་སྟོང་སྲོག་གནས་པའི་བཀའ་རྒྱ་དང་རབ་གནས་མཛད་སོང་བའི་ཞབས་ཏོག་བདག་འདྲ་ཁྲག་འཐུང་ལས་ཀྱི་དཔའ་བོས་བགྱིས་ལྟར་ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའི་དགེ་ཚོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཞིང་སླར་ཡང་འཛམ་གླིང་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག་གུཿ ཿ