DKYD-KABUM-08-NYA-005

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ཡང་གསང་མཁའ་འགྲོ་ཐུགས་ཐིག་ལསཿ ཨ་ཏི་ཡེ་ཤེས་སྙིང་པོའི་རྒྱུད་ཅེས་བྱ་བ་བཞུགས་སོཿ ཿ ༄༅། །྅྅྅ ཨུ་རྒྱན་མཁའ་འགྲོའི་སྐད་དུ་ནིཿ མ་ཧཱ་སནྷི་སུ་ཁ་ཛྙཱ་ན་གརྦྷ་ཏནྟྲ་ན་མཿ བྷོ་ཊའི་ལྗོངས་ཀྱི་སྐད་དུཿ རྫོགས་པ་ཆེན་པོ་བདེ་བའི་ཡེ་ཤེས་སྙིང་པོའི་རྒྱུད་ཅེས་བྱ་བཿ དཔལ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོཿ འོག་མིན་ལྷུན་རྫོགས་ཞིང་ཁམས་སུཿ སྟོན་པ་ཀུན་ཏུ་བཟང་པོ་ལཿ ཉིད་ལས་མི་གཞན་དག་པའི་འཁོརཿ ཡེ་ཐོགབསམ་གྱིས་མི་ཁྱབ་དུསཿ སྨྲ་བསམ་བརྗོད་བྲལ་ཆོས་འདི་གསུངསཿ ཨེ་མ་ཧོཿ རིག་པ་ཅིར་ཡང་མ་གྲུབ་པཿ མང་མ་ཐོག་གི་སྤྱི་གཞི་སྟེཿ ཡེ་ཤེས་རླུང་གིས་མ་བསྐྱོད་ཅིངཿ འདུས་མ་བྱས་པ་ནང་གསལ་གདངསཿ ཐིམ་ལ་མ་རྨུག་བུམ་པའི་སྐུཿ གཙོ་དང་འཁོར་གྱི་རྣམ་པ་བྲལཿ ཆོས་མེད་གཟུང་དང་འཛིན་པའང་ཞིགཿ ཆོས་སྐུ་ཐིག་ལེ་ཉག་གཅིག་གོཿ དེ་ལས་ཡེ་ཤེས་རླུང་གཡོས་པའིཿ གདངས་འཕྲོས་འོད་ཤར་ཟེར་ལྔ་བྱུངཿ ཀ་དག་རང་བྱུང་རིག་པ་ལསཿ ལྷུན་གྲུབ་སྒོ་བརྒྱད་ཕྱིར་གྱེས་པསཿ ཡིད་གཡོས་ཤེས་པ་ཕྲ་མོར་རྒྱུསཿ སྒོ་ལྔའི་ཡུལ་ཉིད་འཛིན་མེད་ཤརཿ བྷུདྡྷ་བཛྲ་རཏྣ་དངཿ པདྨ་ཀརྨ་ལྔ་ཤར་བཿ ཀུན་བཟང་ཉིད་ལས་ཐ་མི་དདཿ འཛིན་པ་བྲལ་བའི་ཞལ་ཕྱག་ཤརཿ འོད་ལྔའི་མདངས་ལས་གྲུབ་པ་སྟེཿ ཡེ་ཤེས་ལྔ་ཡི་སྙིང་པོ་ལསཿ སྟོང་ཉིད་ཡུམ་གྱི་ངོ་བོ་རུཿ ཁ་སྦྱོར་ཡན་ལག་བདུན་ལྡན་དུཿ བདེ་བར་རོལ་པ་ལོངས་སྤྱོད་རྫོགསཿ རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡིཿ གཟུང་འཛིན་མཚན་མ་ཀུན་བྲལ་ཞིངཿ བཀོད་པ་ལྷུན་རྫོགས་རང་སྣང་གིསཿ རྒྱན་དང་མཚན་ཉིད་ཕུན་སུམ་འཚོགསཿ རང་སྣང་ལོངས་སྐུ་ཆེན་པོའི་ཞིངཿ འོག་མིན་སྟུག་པོ་བཀོད་པའི་གནསཿ སྟོན་པ་རང་ཤེས་རིག་པའི་གསལཿ ཀུན་ཏུ་བཟང་པོ་ཡབ་ཡུམ་ཤརཿ ལོངས་སྐུ་རིགས་མཆོག་རྣམ་པ་ལྔཿ རང་ལས་སྤྲུལ་པའི་རིགས་ཀྱི་འཁོརཿ བསམ་གྱིས་མི་ཁྱབ་བརྗོད་མི་ལངཿ རྟག་པ་རྒྱུན་གྱི་འཁོར་ལོའི་དུསཿ དགོངས་པ་ཟང་ཐལ་ཆོས་བསྟན་པཿ དམིགས་སུ་མེད་ཀྱང་བརྗོད་དུ་མེདཿ སྤྲོས་བསྡུ་བྱ་བ་བྱེད་པོ་བྲལཿ ཨ་ཧོ་ཡེ་དག་ཆོས་ཟད་ལསཿ ལྷུན་གྲུབ་འོད་དང་ཟེར་ཤར་བཿ སྐུ་དང་ཡེ་ཤེས་བདེ་བ་ཆེཿ ཕྱི་གསལ་ནང་གསལ་ཡེ་ཤེས་འོདཿ ལོངས་སྤྱོད་རྫོགས་སྐུར་ལྷུན་གྱིས་གྲུབཿ དེ་ལས་རབ་ཏུ་ཡིད་གཡོས་པསཿ ཡེ་ཤེས་འོད་ལྔ་ཕྱིར་ཤར་ཞིངཿ ང་བདག་འཛིན་པ་ཕྲ་མོ་ཞུགསཿ བདག་ཉིད་གཅིག་པའི་མ་རིག་པསཿ གཟུང་བའི་ཡུལ་ལ་ཞེན་པ་ཤོརཿ ལྷན་ཅིག་སྐྱེས་པའི་མ་རིག་པཿ རྟོག་ཅིང་སྤྱོད་པའི་རྩལ་ཤར་བཿ གཟུགས་ཚོར་འདུ་བྱེད་འདུ་ཤེས་དངཿ རྣམ་ཤེས་ལྔ་རུ་ཡོངས་གྲུབ་པཿ རྣམ་སྣང་རིན་འབྱུང་སྣང་མཐའ་ཡསཿ དོན་གྲུབ་རྡོ་རྗེ་མི་བསྐྱོད་པཿ ཡེ་ཤེས་ཡུལ་ལ་ཞུགས་པ་ཡིསཿ ས་ཆུ་མེ་རླུང་ནམ་མཁའི་ཁམསཿ བསྐྱེད་པའི་ཡུམ་ཆེན་ལྔ་རུ་ཤརཿ སྟོང་ཆེན་ཡུམ་གྱི་རང་བཞིན་ལཿ གསལ་ཆ་ཡབ་ཀྱི་ངོ་བོར་རྫོགསཿ གཉིས་མེད་བདེ་བའི་ཡེ་ཤེས་ལསཿ སྤྲུལ་པའི་ཞིང་ཁམས་ཆེན་པོ་ནིཿ ཤར་ན་མངོན་པར་དགའ་བ་དངཿ ལྷོ་ཕྱོགས་ཡོན་ཏན་དཔལ་དང་ལྡནཿ ནུབ་ན་པདྨ་བརྩེགས་པ་སྟེཿ བྱང་ཕྱོགས་ལས་རབ་ཡོངས་སུ་གྲུབཿ དབུས་ན་འོག་མིན་ལྷུན་རྫོགས་ཤིངཿ ཕྱེད་སྤྲུལ་ལོངས་སྐུའི་ཞིང་ཁམས་སུཿ སྟོན་པ་ལོངས་སྤྱོད་རྫོགས་སྐུར་ལྔཿ འཁོར་ནི་སྤྲུལ་པ་སྐུ་ཡི་ཚོགསཿ གཟིགས་པ་ཆེན་པོའི་དུས་ཀྱི་ཚེཿ སྒྲ་ཚིག་བརྗོད་པ་བྲལ་བ་ཡིཿ བརྡ་རྟགས་སྣ་ཚོགས་ཆོས་སྟོན་ནོཿ ཤེས་བྱའི་སྒྲིབ་པ་ཡོངས་སྤངས་ཤིངཿ ཡེ་སངས་རྒྱས་པའི་དགོངས་པ་ལཿ ཡང་སངས་རྒྱས་ཤིག་འདོད་པ་འཁྲུལཿ གྲོལ་བ་བྱ་བའང་རྡུལ་ཙམ་མེདཿ ཐོབ་འདོད་བློ་འདི་རང་གྲོལ་ལོཿ ལོངས་སྐུ་ཆེན་པོའི་ཞིང་ཁམས་སུཿ སྤྲུལ་པའི་བརྡ་སྒྱུར་ཆེན་པོ་ལསཿ ཁྲག་འཐུང་རོལ་པའི་གར་བསྒྱུར་བཿ དྲག་པོའི་ཕོ་བྲང་རྒྱན་བཀོད་རྫོགསཿ དབུས་ཕྱོགས་མེ་རི་འབར་བའི་ཞིངཿ སྟོན་པ་ཁྲག་འཐུང་རྒྱལ་པོ་ནིཿ གཞོན་ནུ་དཔའ་བོ་སྟོབས་ལྡན་རྒྱལཿ ཁྲག་འཐུང་ཁྲོ་བོ་ཁྲོ་མོ་དངཿ རིགས་ལྔ་ཌཱཀྐི་རིགས་འཛིན་འཁོརཿ སྦྱོར་སྒྲོལ་བླ་ན་མེད་པའི་དུསཿ གསང་བ་ཆེན་པོའི་ཆོས་སྒྲ་སྒྲོགསཿ ཤེས་རབ་ཡུམ་གྱི་པདྨ་ལཿ ཐབས་མཆོག་བདེ་ཆེན་སྦྱོར་བའི་སྒྲསཿ ལས་རླུང་འཛིན་གྲོལ་བདེ་བ་ཆེཿ ཀ་དག་ངང་དུ་མངོན་འཚང་རྒྱཿ ལས་རླུང་རྣམ་པར་རྟོག་པའི་ཁམསཿ དག་དང་མ་དག་འཛིན་པ་བྲལཿ མ་རིག་གཟུང་འཛིན་ཞེན་གཅོད་དགྲཿ འཆོལ་བ་ཆེན་པོའི་ཀློང་དུ་བསྒྲལཿ ཨ་ཧོཿ གཟུགས་སྐུ་གཉིས་ལས་རང་ཤར་བའིཿ གང་འདུལ་སེམས་ཅན་རྣམས་ཀྱི་ཁམསཿ འདུལ་བྱེད་སྤྲུལ་པའི་ཞིང་ཁམས་ནིཿ མོས་བློ་དང་མཐུན་མང་ཤར་ལཿ སྤྲུལ་པའི་སྟོན་པའང་དེ་ཉིད་གྲངསཿ ལས་ཅན་དག་པའི་འཁོར་རྣམས་ལཿ རང་རང་འདུལ་བའི་དུས་ཀྱི་ཚེཿ ཆོས་ཉིད་རང་སྒྲས་བརྡ་ཆོས་སྟོནཿ ཉོན་མོངས་ལྔ་ཡིས་རྒྱུ་བྱས་ཏེཿ མ་རིག་གསུམ་གྱིས་རྐྱེན་དབང་སྒྱུརཿ འཁྲུལ་པའི་བག་ཆགས་ཨ་འཐས་པསཿ ཁམས་གསུམ་འཁོར་བའི་གཟུགས་སུ་གྲུབཿ ཚོགས་དྲུག་ཡུལ་ལ་ཞེན་པ་ཡིཿ ཉོན་ཡིད་བདག་ཏུ་བཟུང་བའི་མཐུསཿ ལུགས་འབྱུང་རྟེན་འབྲེལ་བཅུ་གཉིས་ཤརཿ རྣམ་པར་ཤེས་པ་ཚོགས་བརྒྱད་པོཿ ཀུན་གཞིར་བག་ཆགས་སྟུག་པོ་ཡིསཿ སྙིང་པོ་རང་བྱུང་ཡེ་ཤེས་སྒྲིབཿ སེམས་བྱུང་ལྔ་བཅུ་རྩ་གཅིག་གིསཿ ཁམས་གསུམ་འཁོར་བ་སྣ་ཚོགས་བྱུངཿ སྡུག་བསྔལ་འཁྲུལ་པའི་རང་གཟུགས་འདིཿ ཉམ་ཉེས་བཟོད་དཀའ་ཀྱེ་མ་ཧུདཿ དེ་ལས་ཕྱི་སྣོད་འཇིག་རྟེན་ཁམསཿ ནང་བཅུད་འགྲོ་བ་རིགས་དྲུག་གྲུབཿ སྡུག་བསྔལ་ཉིང་འཁྲུལ་འཁོར་བའི་གནསཿ འདུལ་བྱེད་སྟོན་པ་ཐུབ་པ་དྲུགཿ སྣ་ཚོགས་སྤྲུལ་པའི་སྐུ་རུ་སྟོནཿ འཁོར་ནི་གདུལ་བྱ་རིགས་དྲུག་པོཿ དུས་ནི་བསྐལ་ཆེན་ཆེན་པོ་གཅིགཿ གང་འདུལ་སྣ་ཚོགས་ཆོས་སྟོན་ནོཿ ཨ་ཏི་རྒྱུད་ཀྱི་རྒྱལ་པོ་ལསཿ སྐུ་གསུམ་འཁོར་འདས་བྱུང་ཚུལ་བསྟན་པའི་སྐབས་དང་པོའོཿ འོག་མིན་ཆེན་པོའི་གནས་མཆོག་ཏུཿ སྟོན་པ་རྡོ་རྗེ་འཆང་ཆེན་གྱིསཿ ཉིད་ལས་མི་གཞན་རིགས་ལྔའི་འཁོརཿ བསམ་གྱིས་མི་ཁྱབ་བརྗོད་མི་ལངཿ རྫོགས་ལྡན་དང་པོའི་དུས་ཀྱི་ཚེཿ བརྡ་ཚིག་བརྗོད་པ་བྲལ་བ་ཡིཿ དགོངས་པ་ཟང་ཐལ་ཆོས་འདི་གསུངསཿ ཨེ་མ་ཧོཿ གཞི་ལས་འཁྲུལ་མ་མྱོང་བ་ཡིཿ ཀ་དག་རང་བྱུང་ཡེ་ཤེས་འདིཿ ཚིག་དང་དཔེ་ཡིས་མི་མཚོན་ཏེཿ ཡོད་པ་མ་ཡིན་ངས་པ་མཐོངཿ མེད་པ་མ་ཡིན་འཁོར་འདས་གཞིཿ གང་དུའང་མ་གྲུབ་ངོས་བཟུང་བྲལཿ སྐྱོན་གྱིས་མ་གོས་ཀ་ནས་དགཿ ནང་གསལ་ཐིམ་ལ་མ་རྨུག་པའིཿ རིག་ཤེས་དབྱིངས་སུ་འཇུག་པ་ལསཿ འོད་དང་ཟེར་མདངས་ཀློང་དུ་གབཿ དཔའ་འོད་འགྲོ་བ་ཤེས་པ་ལཿ མ་གཡོ་མི་དམིགས་སྨྲ་བསམ་བྲལཿ ཡེ་ནས་ཤེས་པའི་རླུང་མ་གཡོཿ ཝ་ལེར་འཁྱིལ་བ་ཡེ་གཞིའོཿ དེ་ལས་ཕྲ་མོ་རླུང་གཡོས་པསཿ ལྷུན་གྲུབ་སྒོ་བརྒྱད་རང་གསལ་བཿ གསལ་གདངས་མ་འགགས་ཀྱི་ལེ་བཿ ཤེས་པ་ཕྲ་མོ་སྙིང་པོ་ཅནཿ མེད་པའང་མ་ཡིན་ཀུན་ཏུ་གསལཿ སྤྲིན་བྲལ་ནམ་མཁའི་ངོ་བོ་ལཿ དར་གྱི་ཟ་འོག་བཀྲམ་པ་ལྟརཿ སྣང་ཡང་དངོས་སུ་མ་གྲུབ་སྟེཿ དཔྱོད་བྱེད་ཤེས་པས་བདག་མ་བཟུངཿ ཡུལ་ལ་འཛིན་པའང་མ་ཞུགས་ཏེཿ འཛིན་མེད་རང་གསལ་ཆེན་པོ་ལཿ སྣང་མེད་འོད་ལྔའི་གཟུག་ཤར་བཿ སྐུ་དང་ཐིག་ལེ་ཡིག་འབྲུའི་གཟུགསཿ མ་དག་གཟུགས་སྒྲ་ཡིད་ཀྱི་ཁམསཿ རྣམ་པར་དག་པ་འབྱུང་བའི་གཞིཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའོཿ གཞི་དེ་རྟོགས་པར་བྱ་བའི་ཕྱིརཿ ལམ་གྱི་ཉམས་སུ་ལེན་ཚུལ་འདིཿ གཏུམ་དྲག་རོལ་པའི་དུར་ཁྲོད་དུཿ སྟོན་པ་གཞོན་ནུ་སྟོབས་ལྡན་སྣངཿ རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ བསམ་གྱིས་མི་ཁྱབ་དུས་ཀྱི་ཚེཿ ཆོས་ཉིད་རང་སྒྲས་དོན་བསྟན་པཿ གསང་བའི་བདག་པོས་འདི་སྐད་གསོལཿ ཀྱེ་མ་སྟོན་པ་རྡོ་རྗེ་འཆངཿ གཞི་ལས་འཁྲུལ་མ་མྱོང་བ་ལཿ རང་སྒྲ་ཆེན་པོས་བརྡ་ཆོས་བསྟནཿ མ་རྟོགས་འཁྲུལ་པའི་འགྲོ་བ་རྣམསཿ གྲོལ་བའི་ལམ་མཆོག་བསྟན་དུ་གསོལཿ གཞོན་ནུ་དཔའ་བོས་འདི་སྐད་གསུངསཿ ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོནཿ ང་ཡི་དགོངས་པ་རྟོགས་པའི་ཕྱིརཿ ལམ་གྱི་རིམ་པ་ཐ་དད་པཿ ཐེག་པ་རིམ་པ་དགུ་ཤར་བཿ གང་ཟག་དབང་པོ་རབ་འབྲིང་ཐཿ མཐའ་མ་ལ་ཡང་གསུམ་ཡོད་དེཿ མཐའ་མའི་མཐའ་མ་འདུལ་བ་དངཿ འབྲིང་ལ་མདོ་སྡེ་རབ་མངོན་པཿ འདུལ་བ་ལུས་ངག་གཙོར་བཏོན་པའིཿ ཉིས་བརྒྱ་ལྔ་བཅུ་ལ་སོགས་ཁྲིམསཿ བསྲུངས་ཤིང་ཉེས་སྤྱོད་སྡོམ་པ་ཡིསཿ བསྐལ་པ་གྲངས་མེད་སོ་བདུན་ནསཿ གྲོལ་བར་འགྱུར་བ་ཁོ་ནའོཿ མདོ་སྡེ་སྒོ་གསུམ་མཉམ་པར་སྦྱོངསཿ ཀུན་རྫོབ་བདེན་པ་གཙོར་བཏོན་པའིཿ ཡང་ལོག་སྤང་བྱར་ངེས་པ་ལཿ གཉིས་མེད་ཆ་ན་དོན་དམ་པའིཿ བདེན་པར་ཤེས་པའི་གྲངས་མེད་བདུནཿ གྲོལ་བར་འགྱུར་བ་ལ་ལ་ཙམཿ མངོན་པའི་སེམས་ཕྱོགས་གཙོར་བཏོན་པསཿ ཆོས་དང་གང་ཟག་བདག་མེད་ཀྱིསཿ ཕྱོགས་ཙམ་རྟོགས་པའི་སྨོན་སེམས་གཞིཿ འཛིན་པས་རབ་བཅིང་མཆོག་མ་རྟོགསཿ གྲངས་མེད་གསུམ་ནས་གྲོལ་བའོཿ འབྲིང་གི་ཐ་མ་ཀྲྀ་ཡ་དངཿ འབྲིང་གི་ཨུ་པ་རབ་ཡོ་གཿ ཀྲྀ་ཡ་གཙང་སྦྲ་གཙོར་བཏོན་པསཿ ཐ་མལ་ལྷ་ལ་དངོས་གྲུབ་ཞུཿ བྱང་ཆུབ་སྨོན་སེམས་གཙོར་བཏོན་ཞིངཿ འཇུག་པ་ཡིད་ཀྱིས་སྨོན་པ་ཙམཿ ལུས་ངག་གཙོར་བཏོན་འཛིན་བཅས་ཏེཿ མི་ཚེ་ཉི་ཤུ་གཅིག་ནས་གྲོལཿ ཨུ་པ་ལྷ་དང་སྤུན་ཟླའི་ཚུལཿ ཡབ་ཡུམ་མིང་སྲིང་ལྟར་བསྟེན་ཞིངཿ བཟླས་པ་གཙོ་བོར་འཛིན་པ་སྟེཿ སྨོན་པ་འགྲུབ་ཅིང་འཇུག་སེམས་གཙོཿ ཀུན་ནས་ཀུན་ཏུ་དཀྲིས་པ་ཡིསཿ ཉོན་མོངས་གཉེན་པོར་བརྟེན་པའི་ཕྱིརཿ མི་ཚེ་དགུ་ནས་གྲོལ་བའོཿ ཡོ་ག་རྣལ་འབྱོར་ལུགས་དང་མཐུནཿ ལྷ་དང་རང་ཉིད་གཉིས་མེད་ཀྱངཿ གཙོ་བོར་སེམས་ཕྱོགས་གཙོར་བཏོན་ཞིངཿ ལྷ་ཡང་ཡེ་ཤེས་སྤྱན་དྲངས་ནསཿ དམ་ཡེ་དབྱེར་མེད་གཅིག་ཏུ་འདྲེསཿ ལུས་ལྷ་ངག་སྔགས་སེམས་ཏིང་འཛིནཿ གསལ་བ་གསུམ་གྱི་ལམ་ཁྱེར་ལཿ སྣང་སེམས་བརྟན་པ་རབ་ཐོབ་ཅིངཿ འཇུག་པའང་རེས་འཇོག་ཚུལ་དུ་བསྒྲུབསཿ མི་ཚེ་ལྔའམ་གསུམ་ནས་གྲོལཿ རབ་མཐའ་མ་ཧཱ་ཡོ་ག་དངཿ རབ་འབྲིང་ཨ་ནུ་རབ་ཨ་ཏིཿ ཕ་རྒྱུད་མ་ཧཱ་ཡོ་ག་ནིཿ མ་དག་ཕུང་ཁམས་སྦྱོང་བའི་ཕྱིརཿ བསྐྱེད་རིམ་གཙོར་འདོན་ཡབ་ཡུམ་སྦྱོརཿ ཤ་ལྔ་བདུད་རྩི་ལྔ་ལ་སྤྱོདཿ ཕྱི་སྣོད་ཡེ་ནས་གཞལ་ཡས་ཁངཿ ནང་བཅུད་ཡི་དམ་ལྷ་ཡི་སྐུཿ སྒྲར་གྲགས་སྔགས་ལ་དྲན་རྟོགས་ཐུགསཿ ཁྱེར་སོ་གསུམ་གྱི་གཞིར་འཇུག་ཅིངཿ ལྟ་བ་སྟོང་ཉིད་སྤྲོས་བྲལ་ངངཿ སྒོམ་པ་ཡི་དམ་ལྷ་ཡི་དལཿ སྤྱོད་པ་ཐ་མལ་སྐྱོན་དང་བྲལཿ འཇུག་པ་བྱང་ཆུབ་སེམས་མཆོག་འགྲུབཿ ཚེ་གཅིག་གྲོལ་བའི་འབྲས་བུ་ཐོབཿ ཨ་ནུ་རྫོགས་པའི་རིམ་པ་ནིཿ རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུཿ གནས་པ་རྩ་ལ་གཡོ་བ་རླུངཿ བཀོད་པ་བྱང་ཆུབ་སེམས་ཀྱི་ཁམསཿ ཐབས་ཀྱིས་སྦྱོང་ཞིང་ཤེས་རབ་བསྟེནཿ རྩ་འབྱོང་རླུང་ཆུན་ཁམས་ལས་རླུངཿ ཆོས་ལོངས་སྤྲུལ་པའི་སྐུར་སྦྱོང་ཞིངཿ ལྟ་བ་སྟོང་ཆེན་ནམ་མཁའི་ཁམསཿ སྒོམ་པ་བདེ་བའི་སྙིང་པོ་ཅནཿ སྤྱོད་པ་ལྷན་སྐྱེས་ཡེ་ཤེས་བསྒྲུབཿ མཚན་བཅས་རྫོགས་རིམ་ཆེན་མོ་སྟེཿ བྱང་ཆུབ་སེམས་མཆོག་མངོན་གྱུར་པཿ ཐབས་ལ་བརྟེན་ཚེ་གྲོལ་བའོཿ ཨ་ཏི་རྫོགས་པ་ཆེན་པོ་ནིཿ སེམས་ཀློང་མན་ངག་སྡེ་གསུམ་སྟེཿ བསྐྱེད་དང་རྫོགས་པའི་འཛིན་པ་བྲལཿ ཡེ་ནས་བདེ་གཤེགས་སྙིང་པོའི་ཁམསཿ མ་རིག་ཉོན་མོངས་ཤེས་བྱ་ཡིཿ དྲི་མ་དགུ་ཡི་སྦུབས་སུ་གཞུགསཿ དྲི་མ་དེ་བྲལ་སངས་རྒྱས་སོཿ རྟོགས་ཕྱིར་རིག་པ་གཙོར་བཏོན་པའིཿ སེམས་སྡེའི་འཁོར་འདས་ཆོས་རྣམས་ཀུནཿ སེམས་ཉིད་འདུས་མ་བྱས་པ་ཡིཿ རོལ་གར་སྣང་བའི་ཆོ་འཕྲུལ་ཏེཿ ཐམས་ཅད་སེམས་སུ་ཤེས་པ་ཡིསཿ སངས་རྒྱས་གཞན་ན་མ་གྲུབ་རྟོགསཿ ཀློང་སྡེར་འཁོར་དང་འདས་པའི་ཆོསཿ ཆོས་ཉིད་ཀུན་བཟང་བྷ་གའི་ཀློངཿ ཆོས་སྐུ་སྐྱེ་བ་མེད་པ་ལཿ ལོངས་སྤྱོད་རྫོགས་སྐུ་འགགས་མེད་གདངསཿ ཐུགས་རྗེའི་སྤྲུལ་སྐུ་འགྲོ་འོང་བྲལཿ རོལ་རྩལ་སྣ་ཚོགས་རྒྱན་དུ་ཤརཿ གང་ཤར་འཛིན་མེད་ཞེན་འཛིན་ཞིགཿ གྲོལ་བའང་མཉམ་གྲོལ་བཟང་ངན་མེདཿ འདུས་མ་བྱས་པ་རིག་པའི་ཀློངཿ བཙན་ས་ཟིན་ཚེ་གྲོལ་བའོཿ མན་ངག་ཐིག་ལེ་སྐོར་གསུམ་གྱིསཿ དགོངས་པ་མཆོག་གསང་ཆེན་པོ་ནིཿ གཟུང་དང་འཛིན་པ་རབ་བྲལ་ཞིངཿ ཤེས་རིག་མ་འགགས་ས་ལེ་བཿ རིག་པ་རང་གྲོལ་གཉུག་མའི་གཤིསཿ སྤང་བླང་ཡེ་ཟད་རྫོགས་པ་ཆེཿ གཞི་རྩ་བྲལ་བ་དགོངས་པའི་ཀློངཿ རྩལ་གྱི་རྣམ་རྟོག་གང་ཤར་བཿ འགགས་མེད་ཆུ་ལ་རི་མོ་བཞིནཿ འདས་པའི་རྟོག་པ་བྱ་རྗེས་བྲལཿ མ་འོངས་དགག་སྒྲུབ་བཟང་ངན་མེདཿ ད་ལྟ་བ་ཡང་རེ་དོགས་ཞིགཿ མ་ཡེངས་མི་བསྒོམ་མི་འབྲལ་བཿ མངོན་གྱུར་ཁྲེགས་ཆོད་ལམ་གྱི་གནདཿ དེ་ལས་ཡང་གསང་ལམ་གྱི་མཆོགཿ ས་ལམ་ཡོན་ཏན་འཕེལ་བའི་ཕྱིརཿ སྦྱོར་བ་བདེ་སྟོང་ལམ་ཁྱེར་དངཿ སྒྲོལ་བ་ཐུགས་རྗེས་རྗེས་འཛིན་པཿ འོད་གསལ་སྣང་བ་བཞི་ཡི་ལམཿ མཐར་ཕྱིན་གདོད་མའི་གཞི་ཐོག་ཏུཿ གྲོལ་བར་བྱེད་པའི་ལམ་མཆོག་གོཿ རང་བཞིན་རྫོགས་པ་ཆེན་པོ་ཡིཿ གནད་ཀྱི་གདམས་པའི་མཐར་ཐུག་པཿ ཐིག་ལེ་སྐོར་གསུམ་མཆོག་ཏུ་འདུསཿ རིམ་དགུའི་ཐེག་པའི་ལམ་བགྲོད་ནསཿ འབྲས་བུ་འདི་ལ་འཇུག་པའོཿ འོག་མ་གོང་མའི་ཉེར་ལྡོག་ཏེཿ གོང་མ་འོག་མའི་ཐོབ་བྱའོཿ མཐར་ཐུག་སངས་རྒྱས་ཐམས་ཅད་ཀྱིཿ བགྲོད་པ་གཅིག་པུའི་ལམ་མཆོག་ནིཿ ཉག་གཅིག་ཨ་ཏི་རང་བྱུང་ལཿ འབྲས་བུའི་ཐུས་ཀ་མཆོག་ཡིན་ནོཿ ཐེག་པ་རིམ་དགུའི་ལམ་བགྲོད་པའིཿ རྒྱུད་དོན་སྐབས་ཏེ་གཉིས་པའོཿ སྤྲུལ་པ་སྐུ་ཡི་གནས་མཆོག་ནིཿ འོག་མིན་གཏུམ་དྲག་རོལ་པའི་གནསཿ སྟོན་པ་རྡོ་རྗེ་འཆང་ཆེན་པོཿ དྲི་མ་མེད་པའི་སྐུར་སྟོན་ཞིངཿ གྲོལ་བར་བྱ་བའི་དུས་ཀྱི་ཚེཿ སྐུ་གསུམ་དག་པའི་འཁོར་རྣམས་ལཿ ཡང་གསང་ཆེན་པོའི་ཆོས་སྟོན་ཚེཿ ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མསཿ སྟོན་པ་མཆོག་ལ་འདི་སྐད་གསོལཿ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགསཿ བདག་དོན་གཟུགས་ཀྱི་སྐུར་ཤར་བཿ ཐུགས་རྗེ་བརྩེ་བས་རབ་དགོངས་ལཿ ཐེག་དམན་ལམ་གྱི་རིམ་པ་ཀུནཿ བགྲོད་པའི་དཀའ་ཚེག་ཐང་ཆད་པསཿ སྐལ་ལྡན་དག་པའི་འཁོར་ཚོགས་ལཿ འབད་རྩོལ་ལས་འདས་འབྲས་བུའི་ལམཿ མཆོག་གསང་ཆེན་པོར་བསྟན་དུ་གསོལཿ ཞུས་ཚེ་སྟོན་པ་རབ་དགྱེས་ཤིངཿ ཐུགས་ལས་འོད་ཟེར་ལྔ་ལྡན་གྱིསཿ སྐུ་གསུམ་གནས་ཀུན་ཡོངས་ཁྱབ་ཅིངཿ སངས་རྒྱས་བྱེ་བ་ཕྲག་བརྒྱར་སྤྲུལཿ རེ་རེ་ལ་ཡང་འབུམ་འབུམ་གྱིསཿ གྲངས་མེད་སྤྲུལ་པས་འགྲོ་དོན་མཛདཿ སླར་ཡང་ཐུགས་ཀྱི་ཀློང་དུ་བསྡུཿ ལྗགས་ལས་འཕྲོས་པའི་འོད་ཟེར་གྱིསཿ སྣེ་ལས་རང་བྱུང་ཡི་གེ་ཤརཿ ཆོས་ཉིད་སྟོང་པའི་སྒྲ་འདི་སྒྲོགཿ སྐྱེ་བ་མེད་ལས་ཐམས་ཅད་སྐྱེསཿ སྐྱེས་ཙམ་ཉིད་ནས་སྐྱེ་བ་མེདཿ འགགས་པ་མེད་ལས་ཐམས་ཅད་འགགསཿ འགགས་པ་ཉིད་ནས་འགགས་པ་མེདཿ གནས་པ་མེད་ལས་ཐམས་ཅད་གནསཿ གནས་པ་ཉིད་ནས་གནས་པ་མེདཿ འགྲོ་འོང་མེད་ལས་འགྲོ་དང་འོངཿ འགྲོ་འོང་ཉིད་ན་འགྲོ་འོང་མེདཿ རང་བྱུང་བརྡ་ཡི་ཚིག་འདི་ཡིསཿ རིགས་དྲུག་འཁོར་བའི་གནས་སྟོང་ཤོགཿ ཅེས་པའི་སྒྲ་ཡིས་ས་གསུམ་གཡོཿ སླར་ཡང་ལྗགས་ཀྱི་དབང་པོར་བསྡུཿ སྐུ་ལས་འཕྲོས་པའི་འོད་ཟེར་ནིཿ ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུཿ གདུལ་བྱའི་དོན་དུ་རང་ཤར་བཿ ཞི་ཆགས་ཁྲོ་བོའི་རྣམ་རོལ་གརཿ བསམ་གྱིས་མི་ཁྱབ་བརྗོད་མི་ལངཿ གང་ལ་གང་འདུལ་དེར་སྟོན་ཚུལཿ འདུལ་དང་རྗེས་འཛིན་ཚར་གཅོད་པསཿ འགྲོ་བའི་ཁམས་རྣམས་ཡོངས་གྲོལ་མཛདཿ སླར་ཡང་སྐུ་ཡི་ཀློང་དུ་བསྡུཿ དེ་ནས་སྣ་ཚོགས་སྤྲུལ་སྒྱུར་གྱིསཿ རྫུ་འཕྲུལ་ཟློས་གར་རབ་བསྒྱུར་ཅིངཿ བླ་ན་མེད་པའི་ཆོས་འདི་བསྟནཿ ཨེ་མ་ཧོཿ ལེགས་པར་གསོན་དང་རྣལ་འབྱོར་མཿ ཐེག་བརྒྱད་བློ་ཡྀ་གྲུབ་མཐའ་སྟེཿ བདེན་བཞི་མཐར་ཕྱིན་འགོགས་པ་དང་ཿ ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམཿ མཐར་ཕྱིན་བདེན་གཉིས་ལམ་སྦྱང་ནསཿ ཚོགས་གཉིས་ནས་བཟུང་རབ་དགའི་སརཿ མཐོང་ལམ་བདེན་པ་མངོན་གྱུར་ནསཿ སྒོམ་ལམ་ཁམས་གསུམ་ས་དགུར་བགྲོདཿ མི་སློབ་ལམ་མཆོག་ཀུན་ཏུ་འོདཿ བར་གྱི་བགྲོད་བྱ་ཐམས་ཅད་ཀུནཿ འབད་དང་རྩོལ་བར་མ་བསྟེན་པརཿ མིག་འཕྲུལ་ལྟ་བུར་མྱུར་བའི་ལམཿ འོག་མ་སྐད་ཅིག་སྐད་ཅིག་ལཿ དོན་གྱི་བགྲོད་པའི་མན་ངག་གནདཿ ཐིག་ལེ་སྐོར་གསུམ་གསང་བ་ནིཿ ཨ་ཏི་རང་བྱུང་དགོངས་པ་བསྟནཿ དབང་པོ་རབ་འབྲིང་ཐ་མ་གསུམཿ གཅིག་ཆར་ཐོད་རྒལ་རིམ་གྱིས་པཿ རྟོགས་པར་བྱ་བའི་གནད་མཆོག་ནིཿ ཨ་ཧོ་འཁོར་འདས་ཆོས་རྣམས་ཀུནཿ ཡེ་ནས་གྲུབ་པ་མ་མཆིས་ཀྱངཿ འཁྲུལ་པ་མ་རིག་གློ་བུར་པསཿ རྐྱེན་གྱིས་བསྒྱུར་ཅིང་གཟུང་འཛིན་རྒྱུསཿ སྒོ་ལྔའི་ཡུལ་ལ་གཟུགས་སྒྲ་དྲིཿ རོ་དང་རེག་བྱ་སྣ་ཚོགས་ཤརཿ ཡིད་ཀྱིས་བླངས་ཤིང་ཉོན་ཡིད་ཀྱིསཿ བདག་ཏུ་བཟུང་བར་བྱས་པ་ལསཿ ཀུན་གཞིའི་རྣམ་པར་ཤེས་པ་ཡིསཿ བག་ཆགས་ཨ་འཐས་ཞེན་པས་བཅིངཿ རང་ངོ་རང་གིས་མ་ཤེས་པསཿ ཁམས་གསུམ་རིགས་དྲུག་སྣ་ཚོགས་གཟུགསཿ མ་དག་འགྲོ་བའི་ཁམས་ཤར་བཿ སྡུག་བསྔལ་ཨ་འཐས་ཞེན་པས་བཅིངསཿ རང་ངོ་རང་གིས་ཤེས་པའི་ཚེཿ མ་རིག་གཞི་སྟོང་རིག་པའི་ཁམསཿ མངོན་གྱུར་འཁྲུལ་བའི་ཆོས་སོ་ཅོགཿ རྨི་ལམ་སད་པའི་གནས་སྐབས་བཞིནཿ ཡེ་ནས་མ་གྲུབ་གཞི་རྩ་བྲལཿ སྤྲིན་མེད་ནམ་མཁའ་དངས་བ་ལྟརཿ གང་ལའང་དམིགས་སུ་མེད་པའི་ཚེཿ ཆོས་སུ་འཛིན་པའི་ཡུལ་སྟོང་ངོཿ ཀུན་གཞིའི་བག་ཆགས་ཡེ་ཟད་ཅིངཿ ཉོན་ཡིད་བདག་ཏུ་འཛིན་པའི་སེམསཿ འདུས་མ་བྱས་པ་རིག་པའི་ཀློངཿ ཅིར་ཡང་མ་གྲུབ་ས་ལེ་བཿ མཐའ་བཞིའི་སྤྲོས་པ་ཀུན་དང་བྲལཿ གཟུང་དང་འཛིན་པ་དབྱིངས་སུ་ཡལཿ མཐའ་བྲལ་ཆེན་པོ་དོན་གྱི་གཤིསཿ དགོངས་པ་རང་བྱུང་རང་ཤར་བཿ སྐུ་གསུམ་འཆར་གཞི་མ་འགགས་གདངསཿ རྟོགས་པར་བྱ་བའང་མི་དམིགས་ཏེཿ མ་རྟོགས་འཁྲུལ་པ་ཡེ་ནས་ཟདཿ ཚོགས་དྲུག་ཡིད་ཀྱིས་འཇུག་པ་ཞིགཿ ས་ལེ་སང་ངེ་ཧྲིག་གེ་བཿ ལེན་པའི་བློ་ཡང་མི་འཇུག་སྟེཿ སྤང་བར་བྱ་བའང་རྡུལ་ཙམ་མེདཿ དེ་ཚེ་མཐའ་བྲལ་ཆེན་པོ་སྟེཿ ས་ལམ་ཡོན་ཏན་གཅིག་ཆར་རྫོགསཿ ཁྲེགས་ཆོད་ཟབ་གནད་འདི་ཁོ་ནཿ ཐབས་ཀྱིས་རྟོགས་པར་བྱ་བ་ནིཿ བྷ་གའི་དཀྱིལ་འཁོར་ལ་བསྟེན་ནསཿ མཆོག་དབང་དོན་གྱི་ངོ་འཕྲོད་དོཿ འབྲིང་གི་སྣང་བ་བཞི་ཡི་ལམཿ ཐོག་མར་ནམ་མཁའ་དངས་པའི་ངོརཿ རྣམ་དག་དབྱིངས་ཀྱི་སྒྲོན་མའི་གཞིརཿ ཐིག་ལེ་སྟོང་པའི་སྒྲོན་མ་ཤརཿ རྒྱང་ཞགས་ཆུ་ཡི་སྒྲོན་མའི་ལམཿ ཙིཏྟ་ཤ་ཡི་སྒྲོན་མའི་ཀློངཿ ཡེ་ཤེས་བཞི་ཡི་སྒྲོན་མའི་གདངསཿ རྡོ་རྗེ་ལུ་གུ་རྒྱུད་དུ་ཤརཿ གཡོ་ཐོབ་གོམ་བརྟན་མཐར་ཕྱིན་ནསཿ སྒྲོན་མ་དབྱིངས་སུ་དག་པའི་ཚེཿ ཆོས་ཟད་བློ་འདས་ངང་དུ་རྫོགསཿ དེ་ཚེ་གྲོལ་གཞིའི་ཀ་དག་འགྲུབཿ ཐ་མའི་དམིགས་མེད་བསྐྱེད་རིམ་དངཿ སྣང་མེད་རྫོགས་རིམ་ཆེན་པོ་ཡིསཿ བག་ཆགས་འཁོར་བའི་སྒྲིབ་པ་སྦྱངཿ སྦྱོར་བ་ལྷན་སྐྱེས་ཡེ་ཤེས་དངཿ སྒྲོལ་བ་སྙིང་རྗེ་ཆེན་པོ་ཡིསཿ མཆོག་འཛིན་ཞེན་པ་རང་ཞིག་ནསཿ གཟུངས་དང་འཛིན་པ་གྲོལ་བའི་ཚེཿ བླ་མའི་མན་ངག་ཟབ་མོ་ལཿ བརྟེན་ནས་མྱུར་ལམ་རིམ་བགྲོད་ཅིངཿ འཚོགས་ཤིང་དུས་ལ་བབ་པའི་ཚེཿ བསྐལ་པ་སྟོང་གི་མུན་པ་ཡངཿ ཉི་མ་གཅིག་གིས་འཇོམས་པ་བཞིནཿ ལྷག་མཐོང་ཡེ་ཤེས་རྩལ་འབར་བསཿ ལོངས་སྤྱོད་རྫོགས་སྐུར་མངོན་འཚང་རྒྱཿ སྤྲུལ་པ་སྐུ་ཡི་དོན་སྤྱོད་ཅིངཿ ཆོས་ཀྱི་སྐུ་རུ་གྲོལ་བའོཿ འབྱུང་ལྔ་ཡུམ་གྱི་ངང་ཤར་ཞིངཿ ཕུང་ལྔ་དག་པའི་རིགས་མཆོག་ལྔཿ ཤེས་ཡུལ་སེམས་དཔའ་སེམས་མ་དང་ཿ དབང་ཡུལ་ཁྲོ་བོ་ཁྲོ་མོ་རུཿ ཡེ་ནས་ལྷུན་རྫོགས་དོན་གྱི་ལྷཿ འདི་གོ་ཆོས་ཉིད་དམིགས་སུ་མེདཿ སྣང་བ་འཁྲུལ་ཚེ་རིགས་དྲུག་གནསཿ གྲོལ་བའི་ཚེ་ན་ལོངས་སྤྱོད་རྫོགསཿ སྒྱུར་བར་བྱེད་པ་སྤྲུལ་པའི་སྐུཿ མ་རིག་ཉོན་མོངས་སེམས་ཅན་ཏེཿ རིག་ཚེ་སངས་རྒྱས་ཉིད་དུ་འགྱུརཿ གློ་བུར་པ་ཡི་རྐྱེན་བསྒྱུར་བཿ སྐད་ཅིག་གཅིག་གི་བྱེ་བྲག་བྱེདཿ སྐད་ཅིག་གཅིག་གི་རྫོགས་སངས་རྒྱསཿ འཁྲུལ་མ་མྱོང་བའི་རིག་པ་ལཿ གློ་བུར་གཟུང་དང་འཛིན་པ་ཞུགསཿ དེ་ལ་དེར་འཛིན་མེད་པའི་ཚེཿ གཉུག་མ་གཤིས་ཀྱི་ངང་དུ་གཞིགཿ སྤྱོད་པ་ཕྲ་མོས་རྐྱེན་བསྒྱུར་བསཿ ལས་རླུང་རྣམ་རྟོག་འཕེལ་བའོཿ གཞི་དང་ལམ་དང་འབྲས་བུ་གསུམཿ རིག་པ་གཅིག་གི་ངོ་བོར་རྫོགསཿ ཀ་དག་ཆེན་པོའི་རིག་པ་ལཿ རྟོགས་དཔྱོད་བྲལ་བར་ལམ་སྦྱང་བའིཿ འབྲས་བུ་ཐིག་ལེ་ཉག་གཅིག་གོཿ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུཿ མི་འགྱུར་མངོན་པར་བྱང་ཆུབ་སྐུཿ རིག་ཚེ་རང་བྱུང་ཡེ་ཤེས་གཤིསཿ ལམ་གྱི་ཀ་དག་ཆེན་པོར་འདུསཿ སྟོང་པ་ཆེན་པོ་ཆོས་ཀྱི་སྐུཿ རིག་གདངས་མ་འགགས་ལོངས་སྤྱོད་རྫོགསཿ ཐུགས་རྗེའི་རྩལ་ཤར་སྤྲུལ་པའི་སྐུཿ རྣམ་གསུམ་དབྱེར་མེད་གཞི་རྩ་བྲལཿ མི་འགྱུར་རྡོ་རྗེའི་སྐུ་མཆོག་སྟེཿ མཐར་ཕྱིན་མངོན་པར་བྱང་ཆུབ་སྐུཿ དེ་ལ་དེར་འཛིན་བྲལ་བ་ཡིསཿ རླུང་ལྔ་དབྱིངས་སུ་ཐིམ་པའི་ཚེཿ ཡེ་ཤེས་བླ་མའི་ས་ཐོབ་ནསཿ སྟོན་འཁོར་དགོངས་པ་དབྱེར་མེད་འདྲེསཿ ཡང་གསང་བླ་ན་མེད་པ་ཡིཿ ཐེག་པའི་རྩེ་རྒྱལ་མན་ངག་སྡེའིཿ དབང་པོ་རབ་འབྲིང་ཐ་མ་ཡིཿ བགྲོད་པའི་ལམ་མཆོག་བསྟན་པའི་སྐབས་གསུམ་པའོཿ སྟོན་པ་གཞོན་ནུ་སྟོབས་ལྡན་ལཿ ལས་ཀྱི་ཁྲག་འཐུང་ཧེ་རུ་ཀསཿ གུས་པས་ཕྱག་དང་མཆོད་པར་བཅསཿ གདུང་བའི་དབྱངས་ཀྱིས་འདི་སྐད་གསོལཿ ཀྱཻཿ རིགས་ཀྱི་བདག་པོ་ཧེ་རུ་ཀཿ ཡང་གསང་རྫོགས་པ་ཆེན་པོའི་ལམཿ མ་ནོར་ཉམས་སུ་ལེན་པ་ལཿ དབང་རབ་སྐད་ཅིག་གྲོལ་མཛད་པཿ སློབ་དཔོན་དགོངས་རྒྱུད་བྱིན་རླབས་ཏེཿ འབྲིང་དང་ཐ་མའི་དོན་གྱི་ཕྱིརཿ གསང་བའི་ཐབས་མཆོག་བསྟན་དུ་གསོལཿ གདུལ་བྱ་སེམས་ཅན་ཉོན་མོངས་པའིཿ བག་ཆགས་འཐུག་པོས་ཀུན་དཀྲིས་ཕྱིརཿ གློ་བུར་རྣམ་རྟོག་ཤུགས་དྲག་པསཿ ཁྱོད་ཀྱི་གསང་བ་རྟོགས་པར་དཀའཿ བརྩེ་བར་དགོངས་ལ་རྗེས་སུ་ཟུངཿ གསོལ་བས་སྟོན་པས་ཐུགས་དགྱེས་ཤིངཿ སྦྱོར་བའི་སྒྲ་ཡིས་སྲིད་གསུམ་ཁྱབཿ བྱིན་རླབས་འོད་ཕུང་རབ་གཡོས་པསཿ འགྲོ་བ་དྲུག་གི་སྡུག་བསྔལ་སྦྱངཿ ཞིང་ཁམས་བསྐུལ་ཅིང་བྱིན་རླབས་བསྡུསཿ འཁོར་ཚོགས་ཆོས་ཉིད་ངང་དུ་བརྒྱལཿ སླར་ཡང་བརྒྱལ་སངས་དད་གུས་ཀྱིསཿ འཁོད་ཚེ་སྟོན་པས་འདི་སྐད་གསུངསཿ ཀྱེ་ཧོ་གསོན་དང་དག་པའི་འཁོརཿ ང་ཡི་རང་བཞིན་ཆོས་ཀྱི་དབྱིངསཿ མ་ནོར་ཇི་བཞིན་རྟོགས་པ་ལཿ ཀུན་འབྱུང་འདྲེན་པའི་ཐེག་པ་དངཿ དཀའ་ཐུབ་རིག་བྱེད་ཐེག་པ་དངཿ དབང་བསྒྱུར་ཐབས་ཀྱི་ཐེག་པ་གཉིསཿ ཐེག་བརྒྱད་བློ་ཡི་གྲུབ་མཐའ་སྟེཿ གཟུང་འཛིན་རག་པ་ཞིག་ན་ཡངཿ ཕྲ་བའི་དྲི་མ་མ་དག་པའིཿ བཅོས་མ་བློ་ཡི་ཞེན་པས་བཅིངསཿ མ་ཧཱ་ཡོ་གའི་ལྷར་འཛིན་དངཿ ཨ་ནུ་ཡོ་གའི་གསལ་སྟོང་གཉིསཿ ཡིད་དཔྱོད་འཛིན་པ་བྲལ་ན་ཡངཿ ཤེས་ཉམས་སྒྲིབ་པ་ཕྲ་མོ་ཡིསཿ ང་ཡི་རང་བཞིན་རྟོགས་པར་དཀའཿ ཨ་ཏི་ཡོ་གའི་ཐེག་པ་ལཿ སེམས་དང་ཀློང་གི་སྡེ་གཉིས་པོརཿ ཤེས་སྒྲིབ་རག་པའི་སྐྱོན་སྤང་ཡངཿ ཕྲ་བའི་ཡེ་ཤེས་ལ་ཞེན་པསཿ བློ་འདས་ཆོས་སྐུར་མ་རེག་ཕྱིརཿ ཐབས་ཀྱི་ལམ་མཆོག་མ་ཟིན་པརཿ སྤྲུལ་སྐུའི་ཞིང་དུ་རེ་ཞིག་འཁོརཿ སྙིང་ཐིག་འོད་གསལ་མན་ངག་སྡེའིཿ ཐུགས་ཐིག་འོད་གསལ་ཆེན་པོ་ཡིཿ གནད་འདི་སུས་ཀྱང་རྟོགས་པར་དཀའཿ ཆོས་འདི་འཕྲད་པར་མི་འགྱུར་ཞིངཿ འཕྲད་ཀྱང་ཉམས་སུ་ལེན་མི་ནུསཿ ཅི་ཕྱིར་ལས་རླུང་སྟོབས་བཙན་ནོཿ དབང་རབ་སྐལ་པར་ལྡན་པ་ཡིཿ ཚོགས་གཉིས་འབྲས་བུ་ཐུས་ཀ་ཅནཿ འཕྲད་པ་ཙམ་གྱིས་གྲོལ་བ་སྟེཿ དབང་རབ་ཐེ་ཚོམ་བྲལ་བ་ཡིསཿ བློ་བརྟན་མོས་གུས་མཆོག་གྱུར་པཿ བླ་མའི་ཞབས་ཏོག་མཐར་ཕྱིན་ཏེཿ ཚོགས་ཤིང་དུས་ལ་བབས་པའི་ཚེཿ ཐུགས་བརྒྱུད་དགོངས་པའི་བྱིན་རླབས་འཕོསཿ སྐད་ཅིག་གཅིག་གིས་གྲོལ་བའོཿ སྤྲོས་པ་མེད་པ་དོན་གྱི་དབངཿ ཚིག་དང་དཀྱིལ་འཁོར་གྱིས་མི་མཚོནཿ བརྡ་རྟགས་ཐབས་ཀྱིས་ཐོབ་པའོཿ རིག་པའི་ཡེ་ཤེས་གཞི་ལ་རྫོགསཿ སྣང་བཞིའི་ལམ་མཆོག་གཅིག་ཆར་བགྲོདཿ བདེ་སྟོང་འོད་གསལ་སྦུབས་སུ་འཇུགཿ ཆོས་ཟད་བློ་འདས་ངང་དུ་གྲོལཿ ལ་ལ་ཙམ་ལས་ཀུན་ཏུ་མིནཿ འདི་ལ་འོག་མའི་ལམ་གྱི་འཆིངཿ བྷ་གའི་དཀྱིལ་འཁོར་རྟེན་ཙམ་ལསཿ བླ་མའི་དགོངས་རྒྱུད་ཁོ་ནས་གྲོལཿ དབང་འབྲིང་བརྟུལ་ཞུགས་ནུས་པ་ཅནཿ སྦྱངས་པ་སྔོན་སོང་རིགས་ཀྱི་བུཿ སྨིན་པར་བྱེད་པ་དབང་ཡིན་ཏེཿ བུམ་པའི་དབང་གི་དཀྱིལ་འཁོར་ལཿ བརྟེན་ནས་ལུས་སྨིན་ཞེན་རྟོགས་སྦྱོངཿ བསྐྱེད་རིམ་འཛིན་པས་མ་བཅིང་བཿ རིག་པ་རང་བྱུང་ཡེ་ཤེས་ལསཿ བསྐྱེད་རིམ་ལྷ་ཡི་ཕྱག་རྒྱའི་སྐུཿ ཆུ་ལས་ཉ་འཕར་ཇི་བཞིན་དུཿ ཡེ་ནས་ཡིན་ལ་ཡིན་པར་ཤེསཿ ཨ་འཐས་ཞལ་ཕྱག་འཛིན་པ་བྲལཿ མངོན་དུ་གྱུར་ཚེ་རྟག་མཚན་རྫོགསཿ གསང་བའི་དབང་གི་དཀྱིལ་འཁོར་ལཿ བརྟེན་ནས་ངག་སྨིན་རླུང་སྦྱང་ཞིངཿ སྒྲ་ཚིག་བརྗོད་པ་སྔགས་སུ་ཤརཿ ཐ་མལ་འཁྲུལ་གཏམ་འཛིན་པ་བྲལཿ འབད་རྩོལ་བཟླས་པས་ཞེན་པ་ཞིགཿ རང་སྒྲར་ཤར་ཚེ་རྟགས་མཚན་མཐོངཿ བྷ་གའི་དཀྱིལ་འཁོར་ལ་བསྟེན་པའིཿ ཤེས་རབ་ཡེ་ཤེས་དབང་མཆོག་གིསཿ ཡིད་ཀྱིས་སྒྲིབ་དག་བག་ཆགས་ཀུནཿ མུན་པ་ཉི་མས་བསལ་བཞིན་གྱུརཿ གཟུང་དང་འཛིན་པ་ཡོངས་བྲལ་ཞིངཿ སྤང་བླང་ཡེ་ཟད་འབྲས་བུར་སྨིནཿ སེམས་ཉིད་ཡེ་ནས་སངས་རྒྱས་ལཿ གློ་བུར་དྲི་མ་དག་པ་ཡིཿ ཆོས་ཉིད་རྩལ་དང་ཆོས་ཉིད་གདངསཿ མངོན་གྱུར་རྟགས་ཚད་གྲུབ་པའོཿ ཐབས་ཀྱི་ལམ་མཆོག་བླ་མེད་པཿ འཛིན་འདྲེན་དགྲམ་པའི་སྤྲོས་པ་ཞིགཿ དགའ་བཞི་ཞུ་བདེའི་འགྲོས་ལ་བསྟེནཿ ལྷན་སྐྱེས་ཡེ་ཤེས་རྩལ་རྫོགས་ཚེཿ བློ་ཡི་སྤྲོས་པ་ཡོངས་དག་ནསཿ ང་ཡི་ཁྲེགས་ཆོད་དགོངས་པ་རྟོགསཿ དེ་ཚེ་བདེ་བའི་ཡེ་ཤེས་ལཿ འོད་གསལ་སྣང་བའི་ཟེར་ལྔར་ཤརཿ གནད་ཀྱི་བཅུད་ནི་གཟེར་ཐེབ་ཅིངཿ རིག་པ་རྩལ་གྱི་དབང་བསྐུར་ནསཿ འོད་སྟོང་དཀྱིལ་འཁོར་ལ་བསྟེན་པསཿ སྒྲོན་མ་བཞི་ཡི་ངོ་སྤྲད་ཚེཿ འབྱུང་ལྔ་ཡུམ་ཆེན་ལྔ་རུ་དགཿ ཕུང་ཁམས་སངས་རྒྱས་ལྔར་རྫོགས་ཤིངཿ དབང་ཡུལ་སེམས་དཔའ་སེམས་མར་སྨིནཿ དེ་ཡང་འཛིན་པས་མ་བཅིང་བའིཿ ཡེ་གྲུབ་ཆེན་པོར་ཡང་རྟོགས་ཤིངཿ ཆོས་ཅན་ཆོས་ཉིད་ཀློང་དུ་འདྲེསཿ ཆོས་ཉིད་གཞོན་ནུ་བུམ་སྐུར་གྲོལཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུཿ འཇའ་ལུས་བསྒྲེས་རྒུད་བྲལ་བ་ཡིསཿ ཡེ་ཤེས་སྙིང་པོ་འོད་ཀྱི་གདངསཿ ང་དང་དགོངས་པ་དབྱེར་མེད་ཅིངཿ གནས་འདིར་མངོན་འཚང་རྒྱ་བའོཿ ཐ་མའི་གང་ཟག་ལམ་འདི་ཡིཿ སྐལ་བར་ལྡན་པ་གང་ཡང་རུངཿ ཐོག་མར་ངེས་འབྱུང་བློ་བསྐུལ་ཞིངཿ སྡོམ་གསུམ་གཅིག་ཆར་རྫོགས་པ་ཡིཿ གསང་སྔགས་ལམ་གྱི་རྒྱུད་སྦྱངས་ཤིངཿ སྒྲིབ་པ་འདགས་པའི་ཐབས་ལ་འབདཿ བུམ་གསང་ཤེར་དབང་རིམ་བཞིན་བསྐུརཿ དམ་ཚིག་སྲོག་ལྟར་གཅེས་པར་སྲུངཿ ཐེ་ཚོམ་དྲི་མ་བྲལ་བའི་ཚེཿ རྩ་རླུང་ཐིག་ལེའི་ཁམས་སྦྱངས་ནསཿ ལྟ་བ་མཆོག་འཛིན་ཞེན་གྲོལ་ཕྱིརཿ སྒོམ་པ་གཉུག་མའི་ཡེ་ཤེས་ཀྱིསཿ རང་གྲོལ་ཆེན་པོའི་རྩལ་སྦྱོང་ཕྱིརཿ རིགས་ལྔའི་རྟགས་ལྡན་ནེ་གུ་མཿ བརྟགས་འགུགས་སྦྱང་པ་སྔོན་སོང་བསཿ བསླབ་པ་གསུམ་དང་འདུ་ཤེས་གསུམཿ མཁས་པ་གསུམ་གྱིས་བསྟན་བྱ་ཞིངཿ འབྲས་བུ་མ་ཐོབ་བར་དུ་འབདཿ མཆོད་དང་འཛིན་འདྲེན་དགྲམ་པ་སོགསཿ དུས་སྐབས་མཁས་པས་ཉམས་སུ་བླངཿ དེ་ཡིས་ཞེན་འཛིན་གྲོལ་བའི་ཚེཿ གདུལ་བྱ་རྗེས་སུ་འཛིན་པ་ལཿ ཞི་ཁྲོ་ཆགས་པའི་རྣམ་འགྱུར་གྱིསཿ གང་ལ་གང་འདུལ་ཐབས་སྟོན་པཿ སེམས་ཅན་གྲོལ་བ་ཞེས་བྱ་སྟེཿ སྟོང་ཉིད་སྙིང་རྗེ་ཆེན་པོ་ཡིསཿ སྡུག་བསྔལ་ཕྲལ་ཞིང་དག་ཞིང་དུཿ འགོད་པར་བྱེད་པའི་ཐབས་མཆོག་གོཿ འོད་གསལ་ཉིད་ལ་འཁྲིག་ཚུགས་ཚེཿ རིག་པ་རྩལ་གྱི་དབང་མཆོག་གིསཿ སྣང་བཞིའི་ལམ་མཆོག་རིམ་བཞིན་བགྲོདཿ བདེ་བ་ཆེན་པོའི་བོག་འདོན་ཞིངཿ ངོ་བོ་རང་བཞིན་ཐུགས་རྗེ་གསུམཿ རིམ་བགྲོད་ཆོས་ཟད་བློ་འདས་ཆེརཿ མངོན་པར་རྫོགས་པར་སངས་རྒྱས་ཚེཿ འཇའ་ལུས་འོད་སྐུར་གྲོལ་བ་དངཿ དྭངས་མ་འོད་སྐུར་གྲོལ་བ་དངཿ གདོས་བཅས་ལྷག་མ་བྲལ་བའི་ཚེཿ ཀ་དག་ཆོས་སྐུར་གྲོལ་བ་གསུམཿ འདི་ཡི་རབ་འབྲིང་ཐ་མ་སྟེཿ སྦྱང་བགྲོད་མན་ངག་ཐབས་ཀྱི་ཁྱདཿ ཐབས་ཀྱི་ལམ་ལ་མ་བསྟེན་པརཿ ང་ཡི་འབྲས་བུ་མཐོང་མི་འགྱུརཿ འཁྲུལ་པའི་སེམས་ཅན་གང་ཡང་རུངཿ ཁམས་གསུམ་དག་ཏུ་འཁོར་བའི་ཚེཿ ཉོན་མོངས་བག་ཆགས་རྒྱུ་བྱས་ཏེཿ མ་རིག་འཛིན་པའི་བློ་ཡི་རྐྱེནཿ ཡེ་ནས་ཡུལ་ལྔར་འཇུག་པ་ཡིསཿ འཁྲུལ་པའི་གནས་སུ་ཁ་འབྱམས་ནཿ དེ་ལས་ལྡོག་པར་བྱེད་པ་ལཿ ཐོག་མར་ངེས་འབྱུང་ཡིད་ཆེས་དངཿ བར་དུ་དད་དང་སྙིང་རྗེས་ཟུངཿ ཐ་མ་སྟོང་ཉིད་བདེ་བ་ཆེཿ དེ་ནི་ཐབས་ཀྱིས་ཟིན་པ་སྟེཿ ཤེས་རབ་ཡེ་ཤེས་མཆོག་རྟོགས་ཤིངཿ འཁྲུལ་སྣང་བག་ཆགས་དྲི་མ་དགཿ ཉོན་མོངས་གཟུང་འཛིན་སྒྲོག་གྲོལ་ཞིངཿ མ་རིག་པ་ཡི་གཉིད་ལས་སདཿ ལོངས་སྤྱོད་རྫོགས་པའི་དགོངས་པ་འགྲུབཿ ཆོས་སྐུར་འཚང་རྒྱ་གདོན་མི་ཟཿ ལམ་འདིར་མ་རྟོགས་གང་ཡང་རུངཿ ཡང་དག་ཐབས་ཀྱིས་མ་ཟིན་པའིཿ དཀའ་ཐུབ་ངལ་བཅས་བསྐལ་ཆེན་མཐརཿ གྲོལ་བར་རེ་བ་ཐང་རེ་ཆདཿ མི་ཚེའི་གྲངས་སུ་བགྲང་བའངཿ གློ་བུར་རྐྱེན་གྱིས་བསྒྱུར་སླ་བསཿ ཉོན་མོངས་ལས་རླུང་ཤུགས་དྲག་ཕྱིརཿ གྲོལ་བར་འགྱུར་བ་འཕྱང་མོ་ཉུགཿ དེ་ཕྱིར་མཆོག་གི་འདུལ་བྱ་ཀུནཿ ཐབས་ཀྱི་ལམ་མཆོག་འདི་ལ་འབོདཿ ཨ་ཏི་རྒྱུད་ཀྱི་རྒྱལ་པོ་ལསཿ རྣམ་པར་གྲོལ་བའི་ཐབས་ཀྱི་ལམ་བསྟན་པའི་སྐབས་བཞི་པའོཿ སླར་ཡང་རྡོ་རྗེ་འཛིན་པ་ཡིསཿ སྟོན་པ་མཆོག་ལ་འདི་སྐད་གསོལཿ བཅོམ་ལྡན་འདས་ཁྱོད་ཐུགས་རྗེའི་གཏེརཿ གཞི་དང་སྐུ་གསུམ་སྣང་བའི་ཚུལཿ རིམ་དགུའི་ཐེག་པའི་བྱེ་བྲག་དངཿ ཨ་ཏི་ཡོ་གའི་ལམ་གྱི་གནདཿ འགྲོ་བའི་དོན་དུ་ཡོངས་གསུངས་པཿ བཀའ་དྲིན་ཆེའོ་རྗེས་ཡི་རངསཿ སླར་ཡང་རབ་འབྲིང་ཐ་མའི་དོནཿ ལམ་གྱི་མཐུན་འགྱུར་གྲོགས་བྱེད་ཕྱིརཿ བསྲུང་བར་བྱ་བའི་དམ་ཚིག་དངཿ ཉམས་ན་ཕྱིར་བཅོས་བཤགས་པའི་ཐབསཿ གསོ་བར་མི་རུང་འདས་པའི་ཚདཿ གསུངས་ཤིང་གདམས་པ་བསྟན་དུ་གསོལཿ ཞུས་ཚེ་སྟོན་པ་རབ་དགྱེས་ཤིངཿ ཨེ་མ་ཧོཿ ངོ་མཚར་ཆེའོ་གསང་བའི་བདགཿ ལེགས་སོ་དཔལ་ལྡན་རྡོ་རྗེ་འཛིནཿ གོས་སྔོན་འཆང་བ་དམ་ཚིག་བདགཿ དཀྱིལ་འཁོར་བདག་པོར་དབང་བསྐུར་རོཿ རབ་འཕྲོས་ཁྲོ་བོ་འཆོལ་བའི་ཚེཿ གདུག་པ་འདུལ་བར་རབ་བསྔགས་ཤིངཿ མཁའ་འགྲོ་མ་ཡི་སྲོག་གི་བདགཿ དམ་ཚིག་བྱེད་པོར་མངའ་གསོལ་ལོཿ ལེགས་པར་གསོན་དང་འཁོར་གྱི་ཚོགསཿ དབང་རབ་མཆོག་གི་སྐལ་པ་ཅནཿ མོས་གུས་ཁོ་ནའི་བྱིན་རླབས་ཀྱིསཿ བླ་མའི་ཐུགས་རྗེས་གྲོལ་བ་སྟེཿ ཡང་དག་མཆོག་གི་དད་པ་དངཿ བཟོད་བླག་མེད་པའི་བྱང་ཆུབ་སེམསཿ ཐེ་ཚོམ་བྲལ་བའི་བརྟུལ་ཞུགས་གསུམཿ སྡོམ་དང་དམ་ཚིག་མཆོག་ཡིན་ཏེཿ དེ་ལས་གཞན་དུ་ངས་མ་གསུངསཿ རང་གྲོལ་ཆེན་པོའི་དོན་རྟོགས་ཚེཿ ཡེ་བསྲུང་ཆེན་པོ་བསྲུང་དུ་མེདཿ འཁོར་འདས་མཉམ་པ་ཉིད་དུ་ཕྱལཿ རང་གྲོལ་རིག་པའི་ཀློང་དུ་གཅིགཿ ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབཿ དམ་ཚིག་རྡོ་རྗེའི་གནས་བཞི་སྟེཿ ཉམས་དང་བཤགས་པའི་མཁན་པོ་བྲལཿ དགེ་བར་འཛིན་པའི་རེ་བ་དངཿ མི་དགེར་ཤེས་པའི་རྟོག་པ་གཉིསཿ བྲལ་ཚེ་ཀུན་ཏུ་བཟང་པོ་དངཿ རྡོ་རྗེ་དམྱལ་བའི་སེམས་ཅན་གཉིསཿ ཁྱད་པར་སྣང་བ་རྡུལ་ཙམ་མེདཿ སྡུག་བསྔལ་རང་བཞིན་མེད་ཤེས་པསཿ མནར་དང་མནར་བ་འགྱུར་བའང་ཡོདཿ འདི་ནི་བསྲུང་མཚམས་བྲལ་བའོཿ མཉམ་མེད་རྡོ་རྗེ་རྒྱལ་པོ་མཆོགཿ དབང་འབྲིང་སྐུ་གསུང་ཐུགས་གསང་དངཿ ཡན་ལག་དམ་ཚིག་ཉེར་ལྔ་ཟུངཿ དེ་ཡང་སྐུ་གསུང་ཐུགས་གསུམ་ལསཿ སྤང་དང་བསྒྲུབ་བྱ་རྣམ་པ་གཉིསཿ བླ་མ་ཡབ་ཡམ་སྤུན་སྲིང་དངཿ རྡོ་རྗེ་མཆེད་དང་ལྕམ་དྲལ་འཁོརཿ བརྙེས་དང་སྒྲོ་སྐུར་ལོག་ལྟ་སྤངཿ ཕ་མར་གྱུར་པའི་སེམས་ཅན་ལཿ སྲོག་འཕྲོག་བརྡེག་བཙོག་མ་བྱིན་ལེནཿ རྫུན་ཕྲ་ཞེ་གཅོད་ཚིག་རྩུབ་པཿ བརྣབ་སེམས་གནོད་སེམས་ཁོང་ཁྲོ་སྤངཿ སློབ་དཔོན་སྐུ་དང་བསྐྱེད་རིམ་བསྒོམཿ མཆེད་ལ་གུས་ལྡན་འགྲོ་ལ་བྱམསཿ སློབ་དཔོན་ཆོས་དང་མཆེད་ལ་བསྟོདཿ བཟླས་པ་རྒྱུན་མི་གཅད་པ་དངཿ ཀུན་ལ་སྙན་སྨྲ་ཆོས་སྒྲ་སྒྲོགསཿ དད་དང་བརྩེ་གདུང་སྙིང་རྗེ་དངཿ ཡང་དག་ལྟ་བ་བསྒྲུབ་བྱའོཿ གདུལ་བྱ་མ་ཡིན་འགྲོ་ཀུན་ལཿ གསང་བར་འོས་དང་སློབ་དཔོན་གྱིསཿ གཉེར་དུ་གཏད་དང་མན་ངག་གསངཿ སྣོད་མིན་ལོག་ལྟ་ཐེ་ཚོམ་ཅནཿ རྟོག་གེ་ཡིད་དཔྱོད་ཅན་དག་ལཿ ཨ་ཏིའི་ལྟ་སྒོམ་སྤྱོད་གསུམ་དངཿ ཡི་དམ་ལྷ་སྔགས་ཏིང་ངེ་འཛིནཿ སྦྱོར་སྒྲོལ་ལ་སོགས་གསང་བའི་ཆོསཿ ཉམས་སུ་ལེན་པའི་གནད་ཀུན་གསངཿ བླ་མ་ཡབ་ཡུམ་མཆེད་ལྕམ་ལཿ ལོག་ལྟའི་རྒྱུ་དང་སེམས་ཅན་ལཿ གནོད་པར་འགྱུར་བ་ཐམས་ཅད་གསངཿ ཡན་ལག་དམ་ཚིག་ཉི་ཤུ་ལྔཿ ལམ་འདིར་དོན་གྱིས་ཚང་བ་སྟེཿ བླ་མེད་ཨ་ཏིའི་དགོངས་དོན་ནོཿ ས་མ་ཡ་འབུམ་བསྲུང་བ་དང་ཿ བསྒྲུབ་པར་བྱ་བའི་དམ་ཚིག་ཀུནཿ འདི་ཡིས་མ་བསྲུང་གང་ཡང་མེདཿ ཕན་པར་འགྱུར་ན་སྡིག་པའང་སྤྱདཿ གནོད་ན་དགེ་བའང་འདོར་བྱ་སྟེཿ དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཛིནཿ དམ་ཚིག་ཀུན་ཀྱི་བདག་པོ་སྟེཿ ལུས་དང་སྲོག་ཉིད་འདོར་གྱུར་ཀྱངཿ བཀའ་ཡི་ཟུར་ཙམ་བཅག་པ་དངཿ ལོག་ལྟ་སྒྲོ་སྐུར་བརྙེས་གྱུར་ནཿ རྨེ་ཤ་ཅན་གྱི་ལུས་བདུན་མཐརཿ ཐར་མེད་རྡོ་རྗེ་དམྱལ་བར་ལྟུངཿ གཞན་དག་མནར་མེད་རྒྱུ་ཡིན་ཏེཿ ལས་ཀྱི་དབང་གིས་བསྐལ་པའི་གྲངསཿ དེ་ཕྱིར་དམ་ཚིག་སྲོག་ལྟར་བསྲུངཿ སྡོམ་གསུམ་གཅིག་ཆར་ཐོབ་པའི་ཕྱིརཿ མི་ཉམས་དོན་གྱིས་བསྲུང་བའོཿ ཐབས་ལམ་མཆོག་གི་དམ་ཚིག་ནིཿ ཤེས་རབ་རིགས་གྱུར་བརྙས་མི་བྱཿ མཁའ་འགྲོ་མ་ལས་དངོས་གྲུབ་ཞུཿ གཞན་ལུས་བདེ་བའི་དཀྱིལ་འཁོར་ཉིདཿ ཡེ་ཤེས་ལྷ་ཡི་གཞལ་ཡས་ཁངཿ རང་ལུས་དམ་ཚིག་དཀྱིལ་འཁོར་མཆོགཿ བརྙས་དང་དཀའ་ཐུབ་གདུང་མི་བྱཿ རྒྱན་གོས་ཟས་དང་བཅུད་ཀྱིས་མཆོདཿ དམ་ཡེ་གཉིས་མེད་ཆེན་པོ་རུཿ བདེ་བ་ཆེན་པོར་སྦྱོར་བ་དངཿ གསང་བའི་དཀྱིལ་འཁོར་མཆོད་བྱ་ཞིངཿ བཀུར་སྟི་རིམ་གྲོ་སྲི་ཞུས་བསྙེནཿ བརྙས་དང་ལོག་པར་ལྟ་བ་སྤངསཿ ཐེ་ཚོམ་མ་དད་དངོས་འཛིན་ཕྲལཿ གཟུགས་ཅན་གཟུགས་མེད་མཁའ་འགྲོའི་ཚོགསཿ ཚོགས་འཁོར་ཟས་ཀྱིས་མཉེས་བྱ་ཞིངཿ འབྱུང་བ་ལྔ་ནི་ཡུམ་ཆེན་ལྔཿ སྨད་པར་མི་བྱ་མཆོད་ཅིང་བསྙེནཿ འགྲོ་ཀུན་སྒྲོལ་བར་བྱ་བའི་ཕྱིརཿ ལོག་སྒྲུབ་བཟོད་ཅིང་སྐྱོ་ངལ་སྤངཿ ཁ་དོགས་ལྔ་པོར་སྨད་མི་བྱཿ རང་བྱུང་ཡེ་ཤེས་རྒྱུན་སྐྱོང་ཞིངཿ བྱང་ཆུབ་སེམས་དང་མི་འབྲལ་ལོཿ ཐ་མའི་གང་ཟག་མོས་པ་ཅནཿ ས་ལམ་རིམ་གྱིས་བགྲོད་པ་སྟེཿ སྡོམ་པའི་རྩ་བ་ལྔ་ཉིད་དངཿ བྱང་སེམས་སྨོན་འཇུག་བསླབ་པས་བསྡམཿ རིག་འཛིན་སྔགས་ཀྱི་སྡོམ་པའི་གཞིཿ རྩ་བའི་ལྟུང་བ་བཅུ་བཞི་དངཿ ཡན་ལག་སྦོམ་པོ་བརྒྱད་གསུངས་ཤིངཿ དབང་བཞིའི་དམ་ཚིག་རིམ་པ་ལཿ རྩ་བ་སྐུ་གསུང་ཐུགས་གསང་དངཿ མི་སྤོང་ལྔ་དང་དང་ལེན་ལྔཿ སྤྱད་བྱ་ལྔ་དང་བསྒྲུབ་བྱ་ལྔཿ ཤེས་པར་བྱ་བ་ལྔ་ཉིད་དེཿ ཡན་ལག་དམ་ལས་མི་འདའ་ཞིངཿ རྡོ་རྗེ་གསུམ་དང་མི་འབྲལ་བརཿ ཐབས་གསང་མཆོག་དང་དམ་ཚིག་གནསཿ ས་མ་ཡ་འབུམ་དོན་འདུས་པའིཿ རྩ་བ་ཡན་ལག་ཉམས་མི་བྱཿ དེ་ལྟར་རབ་འབྲིང་ཐ་མའི་བློསཿ བསྲུང་བར་བྱ་བའི་དམ་ཚིག་གནདཿ ངེས་དོན་སྙིང་པོར་དྲིལ་བའོཿ ཐོབ་པར་བྱེད་པ་དབང་ཡིན་ཏེཿ མི་ཉམས་གནས་པ་དམ་ཚིག་མཆོགཿ རྡོ་རྗེའི་རིགས་ཀྱི་ཌཱཀྐི་དངཿ གསང་བའི་བདག་པོའི་སྤྲུལ་སྒྱུར་པཿ སྙིང་ལ་གནས་ཤིང་བྱ་ར་བྱེདཿ ཉམས་པར་གྱུར་ཚེ་ཚིག་པ་སྟེཿ ཟ་བྱེད་རྡོ་རྗེ་མཁའ་འགྲོ་ཉིདཿ ཞེ་སྡང་རྡོ་རྗེའི་སྐུར་གྱུར་ནསཿ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལཿ ནད་མཚོན་གདོན་གྱིས་མནར་འགྱུར་ཞིངཿ མནར་མེད་དམྱལ་བའི་རྒྱུ་ཉིད་དོཿ བསྲུང་བའི་ཡོན་ཏན་བསམ་མི་ཁྱབཿ ང་ཡི་སྲས་ཀྱི་ཐུ་བོ་པཿ རྡོ་རྗེ་འཛིན་པས་རྗེས་འཛིན་ཅིངཿ ཌཱཀྐི་མ་ཚོགས་གྲོགས་སུ་འདུདཿ དམ་ཅན་སྲུང་མའི་ཕྲིན་བསྒྲུབ་པོཿ ཉམས་པར་གྱུར་པ་གང་ཡང་རུངཿ ཆོས་ལ་ཡིད་མི་ཆེས་པའི་སྐྱོནཿ སློབ་དཔོན་བརྙེས་ཤིང་ལོག་པར་ལྟཿ ལུས་ངག་ཡིད་ཀྱིས་གནོད་པ་བྱསཿ གནོང་འགྱོད་བྲལ་ཞིང་རང་བདེན་འཛིནཿ ཕྱིན་ཆད་སྡོམ་པའི་སེམས་མེད་པཿ རང་དགར་བག་མེད་སྡིག་ཏོ་ཅནཿ ནམ་ཡང་བཤགས་པའི་སྐབས་མེད་དོཿ སྒོ་གསུམ་བག་མེད་རྐྱེན་དབང་གིསཿ ལས་རླུང་དྲག་པོའི་ཤུགས་བསྐྱོད་པའིཿ དམ་ལས་ཉམས་པ་རྒྱུ་གང་ཞིགཿ རྡོ་རྗེ་སློབ་དཔོན་བརྙས་བྱས་ནཿ ལན་གྲངས་བདུན་གྱི་བར་དག་ཏུཿ ལོ་གཅིག་ཚུན་དུ་བཤགས་པར་ནུསཿ གཞན་དུ་རྩ་བ་ཡན་ལག་ཀུནཿ ལན་གྲངས་ཉི་ཤུ་རྩ་གཅིག་བརཿ ལོ་གསུམ་ཚུན་དུ་བཤགས་པར་ནུསཿ དེ་ཡང་སྔར་བྱས་ཉེས་པ་ལཿ རང་ཉིད་སུན་འབྱིན་དྲག་པོ་ཡིསཿ ཁོང་དུ་དུག་སོང་ཇི་བཞིན་དུཿ གནོང་ཞིང་འགྱོད་པ་དྲག་པོས་སླེབཿ ཕྱིན་ཆད་མནར་མེད་སྡུག་བསྔལ་གྱིསཿ གཟིར་ཡང་མི་བགྱིད་དམ་བཅའ་བཿ སྙིང་ལ་མདའ་བརྒྱབ་ཇི་བཞིན་བྱཿ དམ་ཚིག་སྲོག་ལྟར་བསྲུང་བ་ཡིསཿ དམ་བཅའ་བརྟན་པོས་གཞིར་བཞག་སྟེཿ སྐུ་ཡི་དམ་ཚིག་ཉམས་པ་ལཿ ཚོགས་དང་སྦྱིན་སྲེག་ཞབས་ཏོག་བསྒྲུབཿ དཀའ་ཐུབ་བཅུད་ལེན་འཁྲུལ་འཁོར་གནདཿ གསུང་གི་དམ་ཚིག་ཉམས་པ་ལཿ བཟླས་བརྗོད་སྔགས་དང་སྨྲ་བཅད་བྱཿ ཐུགས་ཀྱི་དམ་ཚིག་ཉམས་པ་ལཿ མར་མེ་གཏུམ་མོ་ཏིང་འཛིན་བསྒོམཿ ཚྭ་ཚྭ་ཐིག་ལེའི་རྣལ་འབྱོར་དངཿ ཡང་དག་ལྟ་བས་ངེས་པར་འདགསཿ རྩ་བའི་དམ་ཚིག་ཉམས་པ་ལཿ མཆོད་སྦྱིན་སྲོག་བསླུ་བསྐང་བཤགས་དངཿ སྒོ་གསུམ་འབད་པ་དྲག་པོ་ཡིསཿ བསྐྱེད་རིམ་ལྷ་དང་བཟླས་པ་སྔགསཿ རྫོགས་རིམ་རྩ་རླུང་ཐིག་ལེས་སྦྱོངཿ ཡན་ལག་དམ་ཚིག་ཉམས་པ་ལཿ ཕྱག་དང་མཎྜལ་བསྐོར་བ་དངཿ ཡི་གེ་བརྒྱ་པ་ཚོགས་བསྐང་བྱཿ རྩ་བའི་དམ་ཚིག་ཆེན་པོ་ནིཿ སློབ་དཔོན་ཐུགས་དཀྲུགས་བྱུང་བའི་ལསཿ སྲོག་ལ་བབས་ཀྱང་མི་བྱ་ཞིངཿ སེམས་ཀྱི་ཀུན་རྟོགས་ཕྲན་བུའངཿ འབུར་འཇོམས་སུན་འབྱིན་དྲག་པོ་བྱཿ དབང་མེད་པ་ཡིས་ཉམས་གྱུར་ནཿ གཅེས་པར་བཟུང་བའི་ནོར་རྫས་དངཿ བུ་དང་ཆུང་མ་ནོར་གྱི་དབྱིགཿ ལུས་སྲོག་འཕང་པ་མེད་པ་ཡིསཿ བཤགས་པ་དྲག་པོས་རྩིས་ཟིན་ནཿ ཕྱིར་བཅོས་རིན་ཆེན་བུམ་པ་བཟང་ཿ སློབ་དཔོན་ཉིད་ཀྱི་དྲུང་བཤགས་པཿ རིན་པོ་ཆེ་ཡི་སྣོད་གཞོམ་པཿ བཟོ་མཁས་རང་གིས་བཅོས་བཞིན་ནོཿ སློབ་དཔོན་ཐུགས་དགོངས་རྫོགས་པ་དངཿ ཉམས་པའི་སེམས་འཛིན་དག་པའི་ཚེཿ ཉམས་པ་བྱང་བའི་རྟགས་མཚན་ནོཿ མཁའ་ལ་འཕུར་དང་ལུས་བརྗེ་བཿ དཀྱིལ་འཁོར་ཆེན་པོར་འཇུག་པ་སོགསཿ ཐུན་མོང་རྟགས་མཚན་བསམ་ལས་འདསཿ ཨ་ཏི་ཡེ་བསྲུང་ཆེན་པོ་ནིཿ ཉམས་སུ་མེད་ཕྱིར་བཤགས་པའང་བྲལཿ ཡེ་གྲོལ་ཆེན་པོ་ཆོས་ཀྱི་སྐུཿ བདེ་བའི་ཡེ་ཤེས་རྩལ་ཤར་བཿ འདི་དོན་རྟོགས་ཚེ་བཤགས་པའི་རྒྱལཿ ཟབ་པའི་མཐར་ཐུག་ཨེ་མ་ཧོཿ དབང་དང་ལྡན་ཞིང་རྒྱུད་གྲོལ་ཞིང་ཿ ས་ལམ་ཡོན་ཏན་གཅིག་ཆར་བགྲོདཿ དམ་གཙང་སྐལ་ལྡན་རིགས་ཀྱི་བུཿ སྤྲུལ་དང་ལོངས་སྤྱོད་ཆོས་ཀྱི་སྐུརཿ འབྲས་བུ་གཞི་ཐོག་གྲོལ་བ་སྟེཿ ཆོས་ཅན་ཆོས་ཉིད་ཀློང་དུ་འདྲེསཿ གཟུང་འཛིན་ཡུལ་སྟོང་ལོངས་སྤྱོད་རྫོགསཿ ཁ་སྦྱོར་ཡན་ལག་བདུན་ལྡན་གྱིཿ ཕྱི་གསལ་ཤེས་པ་ནང་དུ་སྡུདཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའིཿ འོད་དང་ཟེར་མདངས་དབྱིངས་སུ་དགཿ ནང་གསལ་ཐིམ་ལ་མ་རྨུག་པཿ ཤེས་སྒྲིབ་ཕྲ་བའི་ཆ་དག་ཚེཿ ཡེ་ཤེས་སྤྱོད་ཡུལ་ཀུན་བྲལ་བཿ ཕྲ་བའི་རླུང་གིས་མ་བསྐྱོད་པའིཿ གཞོན་ནུ་བུམ་པའི་སྐུ་རུ་གྲོལཿ གྲོལ་པའི་ཀ་དག་ཆེན་པོའོཿ ཨ་ཏི་གསང་བ་ཆེན་པོ་ལསཿ བསྲུང་བར་བྱ་བའི་དམ་ཚིག་དང་གྲོལ་པར་མདོ་བསྟན་པའི་སྐབས་ལྔ་པའོཿ ཀྱེ་རྡོ་རྗེ་རྣལ་འབྱོར་མཿ གསང་བའི་བདག་པོ་རྡོ་རྗེ་འཛིནཿ རིག་པ་འཛིན་དང་ཌཱཀྐི་མཿ འདུས་པའི་འཁོར་ཚོགས་བདག་ལ་ཉོནཿ ང་ཡི་ཡང་གསང་བླ་མེད་ཆོསཿ མན་ངག་སྐོར་ཚོ་གསུམ་གྱི་གནདཿ སྤྲོས་པ་ཀུན་བྲལ་སངས་རྒྱས་ལམཿ ཚིག་དང་ཡི་གེ་མེད་པའི་སྐོརཿ ཨ་ཏི་རྒྱུད་ཀྱི་རྒྱལ་པོ་འདིཿ རང་གིས་རང་ལ་གཏད་པ་ནིཿ ལོངས་སྤྱོད་རྫོགས་སྐུར་བཅོམ་ལྡན་འདསཿ རྡོ་རྗེ་སེམས་དཔའ་ཉིད་ལ་གཏདཿ བདེ་བའི་ཡེ་ཤེས་བླ་ན་མེདཿ རྡོ་རྗེ་ཕག་མོ་ཁྱོད་ལ་གཏདཿ མཁའ་འགྲོ་མ་ཡི་དགོངས་བརྒྱུད་ལསཿ ཤེས་རབ་ཌཱཀྐི་ཀུན་འབར་མསཿ དགོངས་བརྒྱུད་དག་པའི་རྩལ་ཤར་བཿ སྤྲུལ་པ་སྐུ་ཡི་ཆོས་སྐུ་ནིཿ སྟོན་པ་དྲི་མ་མེད་ལ་ཤརཿ བརྡའ་བརྒྱུད་བདེ་བའི་རྩལ་ལས་རྟོགསཿ དམ་ཚིག་རྣམ་པར་བཀོད་པ་དངཿ རྒྱུད་དོན་གསང་བའི་མཛོད་འཛིན་པཿ རྡོ་རྗེ་འཛིན་པ་ཁྱེད་ལ་གཏདཿ འཁོར་བའི་རྒྱ་མཚོ་མ་སྟོང་བརཿ ཡང་གསང་མི་ནུབ་འཕེལ་རྒྱས་འགྱུརཿ ཚིག་དང་དོན་བརྒྱུད་མི་ཉམས་ཕྱིརཿ རིག་འཛིན་མཁའ་འགྲོའི་ཚོགས་ལ་གཏདཿ ལོངས་སྤྱོད་སྤྲུལ་པའི་ཞིང་ཁམས་སུཿ ཟབ་གསང་བདུད་རྩིའི་རྒྱུན་མི་ཆདཿ བསྐལ་པ་འདི་ཡི་འོག་མ་ལཿ མེ་ཏོག་བཀོད་པའི་དུས་ཀྱི་ཚེཿ འདམ་མཛེས་ཉམས་དགའི་གནས་མཆོག་ཏུཿ ལས་ཅན་དག་པའི་འཁོར་བདུན་དངཿ གདུལ་བྱ་བརྒྱ་ཕྲག་གཅིག་དག་ལཿ དྲང་སྲོང་དྲི་མ་མེད་པས་སྟོནཿ ཡུམ་ཆེན་ཌཱཀྐིས་བྱིན་གྱིས་བརླབསཿ དེ་ནས་ལོངས་སྐུ་ཆེན་པོའི་ཞིངཿ སྤྲུལ་གཞི་རྡོར་འཆང་བདག་དང་འདྲེསཿ བསྐལ་པ་དེ་ཡི་འོག་མ་ལཿ བསྐལ་བཟང་མེ་ཏོག་བརྒྱན་པའི་ཚེཿ ལྷ་བུ་དམ་པ་ཏོག་དཀར་པོཿ ཤཱཀྱའི་ཁྱེའུར་བལྟམས་པའི་ཚེཿ ཉི་མ་སྣང་བར་བྱེད་པའི་རིརཿ རྡོར་སེམས་ཐུགས་སྤྲུལ་རིག་པ་འཛིནཿ ལྷའི་བུ་དྲི་མ་མེད་པ་ལཿ ང་དང་རྡོ་རྗེ་སེམས་དཔས་སྟོནཿ རོ་ལང་བདེ་བའི་རྡོ་རྗེར་གྲགསཿ ལས་ཅན་དག་པའི་འཁོར་གཉིས་དངཿ མཁའ་འགྲོ་མ་དང་ཤ་ཟ་མོཿ སྲིན་པོ་ཕྲ་མེན་འབུམ་ཚོ་གྲོལཿ དེ་འོག་འོ་མ་ཅན་གྱི་མཚོརཿ ང་ཉིད་པདྨའི་སྦུབས་སུ་འོངསཿ ཐོད་ཕྲེང་རྩལ་ཞེས་ཡོངས་གྲགས་པརཿ རོ་ལང་བདེ་བའི་དོན་རྒྱུད་གནངཿ སོ་ས་གླིང་གི་དུར་ཁྲོད་དུཿ སློབ་དཔོན་ཤྲྀ་སེང་ཧས་སྟོནཿ མཁའ་སྤྱོད་འོག་མིན་གནས་མཆོག་ཏུཿ ཌཱཀྐིས་བརྡས་བསྐུལ་རྫུ་འཕྲུལ་གྱིསཿ ལས་ཀྱི་དབང་མོའི་དྲུང་འདུད་ཚེཿ དགོངས་བརྒྱུད་གདམས་པའི་རྩལ་རྫོགས་ཤིངཿ དབང་བཞི་གཅིག་ཆར་ཐོབ་པའི་ཚེཿ ལོངས་སྤྱོད་རྫོགས་སྐུར་མངོན་འཚང་རྒྱཿ སླར་ཡང་རྡོ་རྗེ་ཕག་མོ་དངཿ རྣམ་རོལ་བདེ་ཆེན་ཡེ་ཤེས་ཀྱིསཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ འཕོ་བ་ཆེན་པོར་ཡོངས་བཞེངས་པཿ པདྨ་ཀཱ་རར་སྤྲུལ་བསྒྱུར་ནསཿ སྦྱོར་སྒྲོལ་བརྟུལ་ཞུགས་སྤྱོད་པ་ཡིསཿ གདུལ་དཀའ་མ་ལུས་ཐབས་ཀྱིས་འདུལཿ སླར་ཡང་ཡང་གསང་བླ་མེད་ཆོསཿ དགྱེས་སྡེ་རིགས་ལྔའི་ཌཱཀྐི་དངཿ སྐལ་ལྡན་དག་པའི་འཁོར་ཉི་ཤུཿ མཁའ་འགྲོ་འབྱུང་པོ་འབུམ་ཕྲག་གྲོལཿ དེ་ནས་ཟ་བྱེད་སྲིན་པོའི་ཡུལཿ རཀྴ་ཐོད་ཕྲེང་རྩལ་སྤྲུལ་ནསཿ སྦྱོར་སྒྲོལ་སྣ་ཚོགས་སྤྱོད་པ་ཡིསཿ མ་རུང་གདུག་པ་ཅན་འདུལ་ཞིངཿ སྤྲུལ་པ་སྐུ་ཡི་ཞིང་དུ་སྒྱུརཿ རིག་འཛིན་དཔའ་བོ་མཁའ་འགྲོ་ལཿ ཡང་གསང་བརྡ་ཡིས་ཆོས་སྟོན་ཅིངཿ འགྲོ་བའི་དོན་དུ་གང་འདུལ་གྱིཿ གསང་སྔགས་ཆོས་ཀྱི་ཆར་འབེབས་སོཿ བསྟན་པ་གཏད་པའི་གང་ཟག་ནིཿ རིག་འཛིན་མཁའ་འགྲོའི་ཚོགས་དང་བཅསཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུརཿ ཡོངས་བཞེངས་བཀའ་འདི་དམ་དུ་ཟུངསཿ ཚོགས་གཉིས་འབྲས་བུའི་ཐུས་ཀ་ཅནཿ དབང་རབ་སྐལ་བར་ལྡན་པ་ལཿ དོན་རྒྱུད་སྙིང་ལ་འཕོ་བར་ཤོགཿ ས་མ་ཡཱཿ རྒྱ་རྒྱཿ ཨ་ཧོ་མ་ཧཱ་སུ་ཁ་ཨེ་མ་ཧོཿ ཅེས་གསུངས་སྟུག་པོ་བཀོད་པའི་ཞིངཿ ལོངས་སྐུ་ཆེན་པོའི་གནས་མཆོག་ཏུཿ ལོངས་སྤྱོད་རྫོགས་པའི་ཆོས་སྐུ་ནིཿ རྡོ་རྗེ་འཆང་གི་ཚུལ་དུ་བཞུགསཿ མེ་རི་དགུ་ཀློང་འཁྱིལ་བའི་ཞིངཿ ཁྲག་འཐུང་དཔའ་བོ་མཁའ་འགྲོར་སྤྲུལཿ ཁྲོ་བོ་རོལ་པའི་སྟོན་པ་ནིཿ རྔམ་བརྗིད་རྒྱལ་པོའི་ཚུལ་དུ་བཞུགསཿ ཕྱེད་སྤྲུལ་ལོངས་སྐུའི་ཞིང་ཁམས་སུཿ སྤྲུལ་པ་སྐུ་ཡི་སྟོན་པ་ནིཿ ལོངས་སྐུ་རིགས་ལྔའི་ཚུལ་དུ་བསྟནཿ རྒྱུད་འདིའི་བྱིན་རླབས་མི་ཉམས་ཕྱིརཿ རྒྱལ་བ་དགོངས་པར་བརྒྱུད་པའོཿ སྟོན་པ་དྲི་མ་མེད་པ་ནིཿ འོག་མིན་གཏུམ་དྲག་རོལ་པའི་ཞིངཿ མོ་རྒྱུད་མཁའ་འགྲོའི་ཚོགས་རྣམས་དངཿ བརྟུལ་ཞུགས་རིག་པ་འཛིན་པ་ལཿ རིག་འཛིན་བརྡ་ཡིས་བརྒྱུད་པའོཿ སློབ་དཔོན་རོ་ལང་བདེ་བ་ནསཿ ཤྲཱྀ་སེང་པད་འབྱུང་བཱི་མ་ལཿ ལས་ཅན་དག་པའི་འཁོར་ལྔའི་བརཿ གང་ཟག་སྙན་ཁུང་བརྒྱུད་པའོཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ རིན་ཆེན་གསེར་གྱི་ཤོག་གུ་ལཿ རྒྱུད་སྡེ་སོར་མོ་བཞི་པའི་ཚདཿ བཻཌཱུརྱ་ཡི་ཡི་གེར་བྲིསཿ རྡོ་རྗེ་ཕག་མོ་ཉིད་ལ་གཏདཿ མནྡྷ་ར་བའི་སྤྱི་བོར་བཅིངསཿ འོད་ཀྱི་སྐུ་རུ་གྲོལ་བའི་ཚེཿ བརྡ་རིས་ཐུགས་ཀྱི་ཀློང་དུ་ཐིམཿ མ་འོངས་ལྔ་བརྒྱའི་ཐ་མ་ལཿ མཐའ་འཁོབ་བྷོ་ཊའི་ཡུལ་གྱི་ཆརཿ སེམས་ཅན་སྡུག་བསྔལ་དྲག་པོས་གཟིརཿ གསང་སྔགས་ཆོས་ཀྱི་བྱིན་རླབས་ཡལཿ ནད་མཚོན་མུ་གེའི་བསྐལ་པ་དརཿ དུས་རྟགས་མངོན་དུ་གྱུར་པའི་ཚེཿ ཆོས་འདི་དར་བའི་དུས་ཡིན་ཏེཿ ང་ཡི་ཡང་གསང་བླ་མེད་ཆོསཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཀློངཿ སྦས་པའི་ཐིག་ལེ་དམ་པ་འདིཿ ང་ཉིད་སྤྲུལ་པའི་གར་བསྒྱུར་ནསཿ ཨ་ཏིའི་བསྟན་པ་གཞི་སྦྱང་སློངཿ རང་ལུགས་བླ་ན་མེད་པ་ཡིསཿ མ་དག་འགྲོ་བ་སྒྲོལ་བར་ཤོགཿ རྒྱུད་འདི་རྡོ་རྗེ་ཕག་མོས་ཟུངསཿ བཀའ་འདི་སྔགས་ཀྱི་སྲུང་མ་དངཿ མ་ནིང་ནག་པོ་རཱ་ཧུ་ལསཿ དུས་དྲུག་གཡེལ་བ་མེད་པ་རུཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ ཐེ་ཚོམ་ལོག་ལྟ་བྲལ་བ་ཡིཿ དབང་རབ་སྐལ་ལྡན་དད་དམ་ཅནཿ བྱང་སེམས་ལྡན་པའི་བུ་མཆོག་ལསཿ ཐེ་ཚོམ་ལོག་ལྟ་སྒྲོ་སྐུར་ཅནཿ རྟོག་གེའི་ཐ་སྙད་ཚིག་ཕྱིར་འབྲངཿ སྐལ་མེད་ལག་ཏུ་ཤོར་གྱུར་ནཿ ཁྱེད་ཅག་སྲོག་སྙིང་ཐང་དུ་ཕོསཿ རྡོ་རྗེ་དམྱལ་བར་བརླག་ཏ་རེཿ ས་མ་ཡཱཿ ན་རཀྐནཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ གུ་ཧྱཿ ཁ་ཐཾཿ ཡང་གསང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིཿ མཐོང་ཐོས་དྲན་རེག་བཏགས་གྲོལ་ཆེན་མོ་སྟེཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ཞེས་བྱ་བའིཿ རྒྱུད་ཀྱི་རྒྱལ་པོ་དྲི་མ་མེད་པས་གསུངསཿ བདག་ཉིད་པདྨ་ཐོད་ཕྲེང་གིས་ཕབ་བཞིནཿ བཻ་རོའི་རྣམ་རོལ་རིག་པའི་ཡེ་ཤེས་ཀྱིསཿ ཡི་གེར་བཀོད་ཅིང་རྡོ་རྗེ་ཕག་མོ་དངོསཿ བདེ་བ་དབྱིངས་ཀྱི་སྒྲོལ་མ་ཁྱོད་ལ་གཏདཿ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བརཿ དེ་སྲིད་ཆོས་འདིས་འགྲོ་དོན་མཐའ་རྒྱས་ཤིངཿ རྒྱུད་ཀྱི་རྒྱལ་པོ་འདི་ཉིད་གནས་པའི་སརཿ རྩ་གསུམ་དམ་ཅན་སྡེ་བརྒྱད་དྲེགས་པའི་ཚོགསཿ སྤྲིན་ལྟར་འདུ་ཞིང་འཆང་བའི་སྐྱེས་བུ་གངཿ འཕོ་ཆེན་འཇའ་ལུས་འོད་སྐུར་འགྲུབ་པར་ཤོགཿ འབྲེལ་བས་བསྡུས་པའི་སེམས་ཅན་ཐམས་ཅད་ཀུནཿ ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡོངས་དག་ནསཿ གཟུང་འཛིན་འཆིང་བ་བཙན་ཐབས་གྲོལ་ནས་ཀྱངཿ སྐུ་གསུམ་པདྨ་འོད་ཀྱི་ཞིང་ཁམས་སུཿ ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་ཤོགཿ ཿ