DKYD-KABUM-08-NYA-004

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །བདེ་སྟོང་རླུང་གི་རྫོགས་རིམ་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ཤོག་དྲིལ་དུ་གབ་པའི་མན་ངག་སྐོར་རེ་ཞིག་བར་དུ་ཟིན་བྲིས་སུ་བཀོད་པ་རྗེ་བླམའི་ཐུགས་ཀྱི་ཐིག་ལེ་དཔའ་བོ་མཁའ་འགྲོའི་སྙིང་མཛོད་གསང་རྒྱ་ཅནབཞུགས་སོ། །མཁས་པ་རྒྱ་མཚོས་གཙུག་གི་རྒྱན་དུུ་བཀུར། །གྲུབ་པ་འབུམ་གྱིས་དཀྱིལ་འཁོར་བདག་པོར་བརྙེས། །བགྲངས་ཡས་བསོད་ནམས་ཞིང་ས་བླ་ན་མེད། །རིགས་རྣམས་ཀུན་འདུས་རྩ་བའི་བླ་མར་འདུད། །དེང་འདིར་ཀུན་མཁྱེན་རིན་པོ་ཆེའི་རྫོགས་རིམ་རྩ་རླུང་གནང་སྐབས་སྙན་བརྒྱུད་ཡི་གེ་མེད་པ་འགའ་རེ་རེ་ཞིག་བར་བརྗོད་བྱང་ཤོག་སྐྱ་བཀོད་པ་ལས་ཁྱབ་བདག་རྩ་གསུམ་ཀུན་འདུས་བླ་མས་གནང་བར་མཛད་དུུ་གསོལ། །དང་པོ་སྔོན་འགྲོའི་སྐོར་ལ་ཕྱི་ལུས་ཀྱི་སྟོང་ར། ནང་རྩ་ཡི་སྟོང་ར། གསང་བ་སེམས་ཀྱི་སྟོང་ར་བཅས་གསུམ་གྱིས་བསྟན་ལ་དེ་ནི་དང་པོ་ཕྱི་ལུས་ཀྱི་སྟོང་ར་ནི། སྒལ་ཚིག་དོང་རྩེ་བརྩེགས་ལྟར་མདའ་བཞིན་གྲངས། །ཞབས་གཉིས་སྐྱིལ་དྲུང་ཕྱག་གཉིས་མཆུན་བརྩལ་ཏེ། །དྲང་པོ་བསྲང་ཞིང་མཐེ་བོང་སྲིན་ལག་གི །རྩ་མནན་རྡོ་རྗེའི་ཁུ་ཚུར་དང་བཅས་པས། །གྲུ་ཡི་རྩ་ནག་ནན་གྱིས་མནན་པ་དང༌། །མགྲིན་པ་ཅུང་བཀུགས་ལྕེ་ནི་ཡ་རྐན་སྦྱར། །མིག་གཉིས་སྣ་རྩེའི་ནམ་མཁར་བལྟ་བ་སོགས། །ལུས་ཀྱི་རྣམ་སྣང་ཆོས་བདུན་བཅའ་བའམ། །དེ་ནས་རང་ཉིད་སྔར་རྣལ་འབྱོར་དམར་མོ་གྲི་ཐོད་ཅན་གསལ་བ་དེ་སྐད་ཅིག་གིས་གནས་འགྱུར་ནས་འཁོར་བའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་སྣ་ཚོགས་པདྨའི་གདན། འཁོར་བའི་ཚ་གདུང་འཇོམས་པའི་རྟགས་སུ་ཟླ་གདན། མ་རིག་མུན་པ་སེལ་བའི་རྟགས་སུ་ཉི་གདན། དེ་སྟེང་རང་ཉིད་ཕྱི་ལྟར་ན་རིག་འཛིན་རྡོ་རྗེ་ཆོས། ནང་ལྟར་ན་གསང་བའི་བདག་པོ་རྡོ་རྗེ་ཅན། གསང་བ་ལྟར་ན་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དང༌། ཆོས་ཉིད་འགྱུར་བ་མེད་པའི་རྟགས་སུ་སྐུ་མདོག་མཐིང་སྐྱ། ཆོས་སྐུ་ཐིག་ལེ་ཉག་གཅིག་རྟོགས་རྟགས་སུ་ཞལ་གཅིག་པ། ཁམས་གསུམ་པའི་སེམས་ཅན་ལ་བུ་གཅིག་པུའི་མ་ལྟར་ཐུགས་རྗེ་རྗེས་ཆགས་སྙིང་རྗེའི་ནམ་ཡང་མི་སྐྱུད་པའི་རྟགས་སུ་ཅུང་ཟད་ཞི་མ་ཁྲོའི་རྣམ་འགྱུར་ཅན་སྐུ་གསུམ་རྫོགས་པའི་རྟགས་སུ་སྤྱན་གསུམ་པ། ཐིག་ལེ་བཅུ་དྲུག་གནས་སུ་དག་ཕྱིར་དབུ་སྐྲ་ཐོར་ཅོག་ཅན། འཁོར་བ་ཐུགས་རྗེ་འདྲེན་པའི་ཕྱིར་ལྷག་མས་སྐུ་རྒྱབ་ཁེབ་པ། བདེན་གཉིས་ཟུང་དུ་འཇུག་ཅིང་ས་བཅུ་ཟིལ་གྱིས་གནོན་པའི་རྟགས་སུ་ཞབས་གཉིས་འདོར་སྟབས་ཅན། བདེན་གཉིས་འདུ་འབྲལ་མེད་ཅིང་བག་ཆགས་རྐྱེན་གྱིས་མ་གོས་པའི་རྟགས་སུ་སྐུ་གཅེར་བུ་རྒྱན་ཐམས་ཅད་སྤངས་པའོ། །ཐབས་དང་ཤེས་རབ་འདུ་འབྲལ་མེད་ཅིང་བདེ་སྟོང་དགའ་བཞིའི་ཡེ་ཤེས་ལ་རོལ་པའི་རྟགས་སུ་རྡོར་དྲིལ་དང་བཅས་ཡུམ་ལ་འཁྲིལ་བ། ཡུམ་རྣལ་འབྱོར་དམར་པོ་ཡང་བདེ་སྟོང་གཉིས་སུ་མེད་ཅིང་ཐུགས་རྗེས་ཆགས་པས་ཁམས་གསུམ་དབང་དུ་འདུ་བའི་རྟགས་སུ་སྐུ་མདོག་དམར་མོ། ཕྱག་གཡས་གཟུང་འཛིན་གྱི་རྣམ་རྟོག་གཅོད་པའི་རྟགས་སུ་གྲི་ཁུག་དང་བཅས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཁམས་གསུམ་དབང་དུ་སྡུད་པ་དང༌། ཉོན་མོངས་མ་སྤངས་རང་བཞིན་གྲོལ་བའི་རྟགས་སུ་ཐོད་པ་ཁྲག་གིས་བཀང་བ་བསྣམས་པའོ། །གཉིས་པ་ནང་རྩའི་སྟོང་ར་ནི། དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པ་གསལ་བའི་སྐུ་དབུས་དྲང་པོར། རྩ་དབུ་མ་མཐིང་གི་ཤུན་པ་ལྟར་སྔོ་བཿ པདྨའི་འདབ་མ་ལྟར་སྲབ་པ། ཏིལ་གྱི་མར་མེ་ལྟར་གསལ་བ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ་སྟེ་མཚན་ཉིད་བཞི་ཀ་ཚང་བའི་འོད་རྩ་ཕྱི་ནང་སྒྲིབ་མེད་སྦོམ་ཕྲ་མདའ་སྨྱུག་ཙམ་ལས་ཞིབ་ཏུ་བརྗོད་ན་ལག་གཡོན་མཐེབ་འཛུབ་བསྣོལ་བའི་ནང་ཁོང་ངམ་གུ་ཧྱ་བཛྲ་ཙམ་ཡིན་ཞེས་གསུངས། གཡས་རོ་མ་དཀར་མོ་གཡོན་རྐྱང་མ་དམར་མོ་གཉིས་སྲིན་མཛུག་གི་ཚད་ཙམ་ལ་ལུག་གི་རྒྱུ་མ་ལྟ་བུར་ཀར་ཀོར་ཅན་ཞིག་བསམ་ལ། དེ་ཡང་དབུ་མའི་མར་སྣ་འདི་གཉེར་བོ་ཆེའི་སྤུ་ནག་གི་མཚམས་ནས་གཉིས་སུ་གྱེས་ལ་རོ་རྐྱང་གཉིས་དབུུ་མ་ལས། ཐ་དད་པའི་རྩ་མ་ཡིན་ལ་མདོ་མཚམས་ནས། ཡི་གེ་ཆའི་འཕོང་ལྟ་བུ་འདུག་སྟེ་གཉིས་སུ་གྱེས་ནས་དབུ་མའི་གཡས་གཡོན་གྱེན་ལ་སོང་སྟེ་ལྟག་པ་ནས་ཀུན་སྣ་བུག་གཉིས་སུ་ཧར་རེ་ཟུག་པར་བསམ། དབུ་མའི་ཡར་སྣ་སྤྱི་བོའི་གཙུག་གི་ཚང་བུག་ནས་ཁ་ཟླུམ་པོར་འཁྱིལ་བ་བསྒོམ་མོ། །དེ་ནས་སྲིན་ལག་གི་རྩ་དང་མཆན་ཁུང་གཉིས་ནས་ལས་ཉོན་རྒྱུ་བའི་རྩ་ཡོད་པ་དེ་དྲག་པོར་མནན་ནས། དང་པོ་གཡས་རླུང་ནས་འགོ་བརྩམས་ཏེ་རེས་མོས་བདུན་བདུན་དགོས་པའི་དམིགས་པ་ནི། འདི་ཕྱི་ནང་གཉིས་ལས། ཕྱི་ལུས་ཀྱི་དུག་ཤ་ས་ཁམས། ཁྲག་ཆུ་ཁམས། དྲོད་མེ་ཁམས། དབུགས་རླུང་ཁམས། རྣམ་ཤེས་ནམ་མཁའི་ཁམས་ཏེ་འབྱུང་བ་ཆེན་པོ་ལྔའི་དུག་དང༌། ནང་སེམས་ཀྱི་དུག་ཉོན་མོངས་པ་ལྔ་གཙོ་བོར་སྨོས་པའི་ཚེ་འཁོར་བ་ཐོག་མཐའ་མེད་པའི་སྐབས་ནས་དུས་དེ་རིང་ཡན་ཆད་དུ་ལས་ཉོན་སྡིག་སྒྲིབ་སོ་ཐར་སྡོམ་པ། བྱང་སེམས་རྩ་ལྟུང་གསང་སྔགས་དམ་ཚིག་སོགས་ཉམས་ཆགས་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་དུད་ཁུ་སོལ་ཁུ་རླུང་གི་རྣམ་པས་ཕྱིར་དེད་དེ་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པའི་མོས་པ་དང་བསྒྲགས། རོ་རྐྱང་གཉིས་ནས་ལས་ཀྱི་རླུངཿ གཡས་གཡོན་རེས་མོས་སོགས། བྲལ་བ་བསམཿ འདོན་སྒོམ་སྤེལ་བའི་ཐོག་དེ་ནས་ཧ་ཞེས་དབུགས་བཏང་ལཿ ངལ་གསོ་ཤེས་པ་རྣལ་དུ་དབབཿ དཀྱིལ་བཤིགས་ངལ་གསོ་བྱེད་པ་ལ། རླུང་རོ་དགུ་ཕྲུག་བྱེད་ན་གཡས་ཞེ་སྡང་རླུང་དཀར་ནག་གསུམ་འབུད། །གཡོན་འདོད་རླུང་དམར་ནག་གསུམ་འབུད། །ཆ་མཉམས་གཏི་མུག་རླུང་མཐིང་གསུམ། །འཕྲོར་དཀྱིལ་བཤིགས་སོགས་སོ། །གསུམ་པ་གསང་བ་སེམས་ཀྱི་སྟོང་ར་བཤད་པ་ལ་བྱིན་རླབས་དངོས་གྲུབ་བསྡུ་བའི་གནད་ནི་སྔར་བླ་མའི་རྣལ་འབྱོར་འདོན་སྐབས་དུས་གསུམ་རྒྱལ་བའི་ཞལ་ཚབས། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་དཔལ་ཁྱབ་བདག་གདོད་མའི་མགོན་པོ་དང་དབྱེར་མ་མཆིས་པའི་རྗེ་བླ་མའི་མཚན་བརྗོད་པར་དཀའ་བ་དགོས་ཆེད་དབང་གིས་ཟུར་ཙམ་སྨོས་ན་རིགས་ཀྱི་བདག་པོ་འཇའ་ལུས་རྡོ་རྗེའི་ངོ་བོ་ཡིན་པ་ལ་རྣམ་པ་ཨོ་རྒྱན་རིན་པོ་ཆེ་ལྟར་གསལ་ཡོད་པ་དེའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྔོན་པོ་ཞིག་བཀྱེས་ཏེ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ། ཁྱད་པར་རྔ་ཡབ་དཔལ་གྱི་རི་བོ་བདེ་བ་ཆེན་པོའི་ཕོ་བྲང་ནས་དྲི་མེད་མཚོ་སྐྱེས་རྡོ་རྗེ་འཁོར་རིག་འཛིན་རྒྱ་མཚོ་དང་བཅསཔ། རྒྱ་གར་ན་གྲུབ་ཆེན་༨༠ འཛམ་གླིང་མཛེས་པར་བྱེད་པའི་རྒྱན་༦མཆོག་༢ བོད་ལ་མཁན་སློབ་ཆོས་༣རྗེ་འབངས་༢༥ རྒྱ་བལ་གྱི་པཎ་གྲུབ་མཁས་ཤིང་གྲུབ་པའི་གོ་ས་མཐོན་པོར་གཤེགས་པ་རྣམས་མཆོད་དེ་དག་ཐུགས་བདེ་སྟོང་གི་རོས་མཉེས་མཉེས་པར་མཛད་མཐར། སླར་ཐུགས་རྒྱུད་ན་བཞུགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སོགས་སྤང་དང་རྟོགས་པའི་ཡོན་ཏན། མཁྱེན་བརྩེ་ནུས་༣ བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་མཐིང་ཀའི་རྣམ་པར་བསྡུས། ཡང་འོད་འཕྲོས་ལྷ་མིའི་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱི་མཐུ་སྟོབས། རྫུ་འཕྲུལ། མི་བརྗེད་པའི་གཟུངས་དང་ཤེས་པ་སྤོབས་པ་ཇི་ཡོད་དང་ཕྱི་འབྱུང་བ་ཆེན་པོ་ལྔའི་དངས་བཅུད་ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ་འབྱོར་མངའ་ཐང་བཀྲག་ཟིལ་གཟི་བརྗིད་ཐམས་ཅད་འུབ་ཀྱིས་བསྡུས་ནས་འོད་མཐིང་ཀའི་རྣམ་པར་མདུན་ལ་བཀུག །དེ་ནས་སྣ་རྩེ་ནས་སོར་མོ་༡༢འཇལ་བའི་མཚམས་ནས་ཆུ་ཡུལ་བར་དྲང་བ་བཞིན་བྱུང༌། དེ་ནས་སྤོས་རིང་གི་དུད་པ་བཞིན་གཉིས་དུ་གྱེས་ནས་སྣ་བུག་རོ་རྐྱང་གི་རྩ་སྦུབས་སུ་ཞུགས་པར་མོས་ལ་འཇམ་རླུང་དལ་གྱིས་སྒྲ་མེད་པ་ན་ར་ར་རྔུབ་པའོ། །རྔུབ་རྫོགས་པ་དང་མེ་ལྷ་འགོ་ཏུ་ཤེད་ཀྱིས་མནན་མདུན་རྒྱབ་རླུང་གཉིས་ཅུང་ཟད་གྱེན་ལ་འཐེན་ནས་ཡུན་ཅི་ཙམ་ཟིན་པར་བཟུང༌། རླུང་དེ་ཡང་རོ་རྐྱང་གི་ལམ་བརྒྱུད་རྩ་དབུ་མའི་སྦུབས་སུ་སིབ་སིབ་ཐིམ་པར་བསམ་མོ། །ཡང་མ་ཟིན་ཚེ་ལྷག་པ་ཅུང་ཟད་སྒྱེ། སྣ་བུག་ཧར། མགྲིན་པ་ཨེན་ཙམ་མནན་ནས་རླུང་དལ་བུས་ལྷོད་ཕྱིར་འཕེན་པའོ། །ཡང་སྔར་རྩ་གཙོ་བོ་ཆེ་གསུམ་རྒྱལ་ཡོད་རུས་ནས་ནུ་ཕྲག་གི་བར། དཀར་ནག་མཚམས་སུ་འཇལ་བའི་ནང་ཐད་དབུ་མ་སྒྲ་གཅན་གྱི་སྦུབས་ན་སྙིང་གུར་སྨུག་པོ་ཞེས་རིན་པོ་ཆེ་མཆོང་གི་མདོག་ལྟ་བུ་འོད་སྙིང་གི་རྣམ་པ་ཅན་གྱི་དབུས་སུ་ཀུན་བཟང་མཐིང་ཀ་ཆེ་ཆུང་རྒྱ་སྲན་ཙམ་པ་ཞབས་སྐྱིལ་མོ་ཀྲུང་ཕྱག་མཉམ་བཞག་མཛད་པ་སྐུ་ལུས་ཀྱི་སྟབས་བྱེད་ཅིང་སྤྱན་དཀར་ནག་སོར་མོའི་མདོག་ཚུན་ཆད་ཆུ་ནང་དུ་ཟླ་གཟུགས། དྭངས་ཤེལ་མེ་ལོང་ངོས་སུ་གཟུགས་བྱད་ལྟར་བཀྲ་ལམ་གྱིས་འཆར་བར་བསྒོམ། དེའི་ཐུགས་ཀར་འོད་ལྔའི་ཐིག་ལེ་ཚོན་རིས་བཀྲམ་པ་ལྟར། དང་པོ་ཕྱི་རིམ་དཀར་པོ་ནས་ སེར་ དམར་ ལྗང་ མཐིང་ཀ་བཅས་ཟླུམ་པོར་འཁྱིལ་དབུས་སུ་དྭངས་གསལ་སྐྱེ་མེད་སྲོག་ཡིག་དུང་དང་ཟླ་གཞོན་ཞུ་བས་བྲིས་པ་སྐུ་ལེབ་ཆར་བཀྲག་འོད་གཟི་བརྗིད་འབར་བ་གངས་རི་ལ་ཉི་མ་ཤར་བའི་དཔེར་འོས་པ་ཞིག་གསལ་བཏབ་བོ། །དེ་ནས་སྦྱོར་བ་བཞི་ལྡན་ཞེས་རྔུབ་པ་དང༌། སྐང་བ་དང༌། གཞིལ་བ་དང༌། མདའ་ལྟར་འཕེན་པའི་གནད་ལྡན་པས་ཡང་སྔར་ལྟར་རླུང་རྔུབ། རོ་རྐྱང་གི་ལམ་བརྒྱུད། སྙིང་དབུས་བླ་མ་དང་དབྱེར་མེད་པའི་ཀུན་བཟང་གཙོ་རྐྱང་དེའི་ཐུགས་ཀའི་སྲོག་ལ་སིབ་སིབ་ཐིམ་པར་མོས་སོ། །དེ་ལྟར་ཐིམ་པའི་གནས་སྐབས་ཀྱང་གསལ་འཚེར་བཀྲག་བརྗིད་ལྡན་པ་ཚེས་༡༥ཟླ་བའི་དཀྱིལ་འཁོར་བྱེ་བའི་འོད་ཟེར་ལ་ཅོ་འདྲི་འོས་པ་ཞིག་ཏུ་བསམ་ནས་རླུང་དང་རིག་པ་ཡི་གེ་གསུམ་ལ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པའི་དམིགས་པ་འཛིན་དགོས་གསུངས། དེ་ལྟར་རླུང་ཁུག་བརྒྱའམ། ཡང་ན། སུམ་ཅུ་ལ་སོགས་ཐུན་རེ་འབད་ཚུལ་གཞུང་ལྟར་དང༌། མཚན་མོ་ཉལ་བའི་ཚེ་ཡང་སྙིང་གར་ཀུན་བཟང་ཐུགས་ཀའི་སྲོག་གི་འོད་དང་འོད་ཟེར་མུུ་མཐའ་མེད་པ་འཕྲོ་བ་ལ་སེམས་གཏད་ནས་ཕྱི་ནང་སྒྲིབ་མེད་ཤེལ་གྱི་བུམ་ནང་དུ་མར་མེ་སྒྲོན་པ་ལྟར་གསལ་གྱི་ལེ་ཡོད་པ་ཤེས་ནས་གཉིད་ལོག་ན་རྨི་ལམ་ཟིན་པ་ཡིན་གསུངས། དེ་ཡང་ཉིན་མོ་ལའང་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཐམས་ཅད་གདོད་ནས་རྨི་ལམ་གྱི་རོལ་བ་ཡིན་པ་ལ་དེ་ལྟར་ཡིན་པར་ཤེས་པའི་འདུ་ཤེས་བཞག་ནས་འདི་ནི་རྨི་ལམ་མོ་བསམ་ཞིང་སྒོམ་པའི་ཚེ་ཉིན་སྣང་དང་མཚན་སྣང་དབྱེར་མེད་འདྲེས་ནས་རྨི་ལམ་དུ་སྤྲུལ་བསྒྱུར་ཅི་ཡང་ནུས་ལ། གཏེར་གཞུང་དུ། སྣང་བའི་རྫུན་ཕུག་རྡིབ་པ་ཡིནཿ སྒྱུ་མ་མ་བཅོས་རང་མ་ཤརཿ གང་ཤར་རྣམ་རྟོག་མ་ཡིན་པསཿ རྨི་ལམ་རླུང་ཚུད་སྤྲུལ་སྒྱུར་ནུསཿ ཞེས་གསུངས་པ་ལྟར་རོ། །རླུང་འདི་ནན་ཏན་དུ་འབད་པས་ནམ་ཞིག་ཙ་ན་དབུ་མར་ཡེ་ཤེས་ཀྱི་རླུང་ཚུད་པས་གོལ་ཤོར་ནོར་གསུམ་གྱི་འཕྲང་དང་བྲལ་བའི་རྫོགས་ཆེན་གཞི་ཡི་ཡིན་ལུགས་འབད་རྩོལ་སྤྲོས་པ་དང་བྲལ་བའི་ཆོས་དབྱིངས་དྲི་མེད་ཀ་དག་གི་གནས་ལུགས་མངོན་སུམ་ངོ་འཕྲོད་པར་བྱེད་དེ། སྙན་བརྒྱུད་ལས། སེམས་ཉིད་ཆོས་སྐུར་རྣམ་དག་པསཿ འོད་གསལ་ཀུན་ཀྱི་རྒྱལ་པོར་འགྱུརཿ ཞེས་སོ། །དེས་ན་འཕོ་བའི་ཡང་རྩེ་ཡང་ཡིན་ལ། ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ཡང་གནས་ལུགས་མངོན་དུ་གྱུར་ཚེ་དེ་ལས་གཞན་མེད་པའི་ཕྱིར་རོ། །དེ་ཉིད་ལས། ཐ་མལ་རྣམ་རྟོག་ཡེ་ཤེས་སུཿ འཕོས་པའི་འཕོ་བའི་ཡང་རྩེ་ཡིནཿ ཞེས་གསུངས་སོ། །དེ་ནི་ལོངས་སྐུ་ཡེ་ཤེས་ཀྱི་འཕོ་བའང་ཡིན། སྤྲུལ་སྐུ་རྣམ་ཤེས་རླུང་ཞོན་གྱི་གདམས་ངག་ཀྱང་འདི་ལས་མཐུན་པར་བཞེད་དོ། དེ་ལྟ་བུའི་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་འདི་ནི་ལུས་ཀྱི་ཉམས་རྒྱས་པའི་གསོལ་སྨན་ཡང་ཡིན། རྩ་ཁམས་བདེ་དྲོད་ཀྱི་ཁྱབ་ཅིང་བྱང་སེམས་འཕེལ་བའི་བཅུད་ལེན་ཡང་ཡིན། འཆི་བ་མེད་པའི་རིག་འཛིན་སྒྲུབ་པ་ཚེ་དབང་ཡང་ཡིན། འབྱུང་བ་གཞི་ལ་རང་དབང་བསྒྱུར་ཅིང་ཡུལ་སྣང་སེམས་སུ་ཐག་ཆོད་པས་ཟང་ཐལ་དུ་འགྲོ་བ་སོགས་རྫུ་འཕྲུལ་ཀྱང་འདི་ལ་བརྟེན་ནས་བསྒྲུབ་དགོས་པ་ཡིན། དངོས་གཞི་ཁྱད་པར་ཅན་གྱི་གནད་འབར་འཛག་དྲོད་ཀྱི་རྣལ་འབྱོར་བཤད་པ་ལ། དང་པོ་རྩ་གནས་བྱིན་གྱིས་བརླབས་ཚུལ་ནི། རྩ་དབུ་མ་སྟོང་གསལ་གྱི་ཡར་སྣ་རྒྱ་སྐར་ཁ་ཕྱེ་བ་ལྟ་བུའི་ནང་དུ་ཀུན་བཟང་ཡབ་ཡུམ་མགྲིན་པ་ཡན་ཆད་ཐོན་པ་མས་རིམ་རྩ་བའི་བླ་མ་བཀའ་དྲིན་ཅན་བར་བརྒྱུད་པའི་གསོལ་འདེབས་ནང་བཞིན་ལ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་འདི་ལྟར་གསལ། ཆོས་སྐུ་ཀུན་བཟང་མཐིང་འོད་འཚེར། །ཡུམ་དང་གཉིས་མེད་འཁྲིལ་སྦྱོར་ཅན། །གཅེར་བུ་རྒྱན་ཆསཐམས་ཅད་སྤང༌། །མཉམ་བཞག་སྐྱིལ་མོ་དྲུང་གིས་བཞུགས། །ལོངས་སྐུ་རྡོར་སེམས་དཀར་གསལ་འཚེར། །སྣང་སྟོང་རྡོར་དྲིལ་ཐུགས་ཀར་བསྣོལ། །སྙེམས་དཀར་ཡུམ་དང་གཉིས་མེད་འཁྲིལ། །སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །སྤྲུལ་སྐུ་དགའ་རབ་དཀར་གསལ་འཚེར། །སྤྲུལ་སྐུའི་སྐུ་ལ་ལོངས་སྐུའི་ཆས། །རྣལ་འབྱོར་དམར་མོ་གྲི་ཐོད་ཅན། །རྡོར་དྲིལ་བཅས་འཁྲིལ་ཞབས་སྐྱིལ་དྲུང༌། །ཤྲཱི་སེང་སྐུ་མདོག་སྔོ་སངས་མ། །ཕྱག་གཡས་སྡིག་མཛུབ་གཡོན་ཐོད་ཕོར། །ཧེ་རུ་ཀ་ཡི་ཆ་བྱད་ལ། །ཞབས་གཉིས་རྒྱལ་པོ་རོལ་སྟབས་གར། །འཇམ་དཔལ་གཤེས་གཉེན་མི་ཤའི་མདོག ། ཕྱག་གཡས་ཆོས་འཆད་གཡོན་ཐོད་ཕོར། །ཧེ་རུ་ཀ་ཡི་རྒྱན་གྱིས་སྤྲས། །ཞབས་གཉིས་རོལ་སྟབས་གོང་དང་མཚུངས། །ཛྙཱ་ན་སུ་ཏྲ་པཎ་གྲུབ་ཆས། །དབུ་ལ་པཎ་ཞུུ་རྣ་རིང་གསོལ། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་མཛད། །སྐྱིལ་མོ་ཀྲུང་གི་བཞུགས་པ་ལགས། །སློབ་དཔོན་བཱི་མ་མི་ཏྲ་ནི། །པཎ་ཊི་ཏ་ཡི་ཆ་བྱ་ཅན། །ཕྱག་གཡས་ཆོས་འཆད་གཡོན་པུསྟི། །དབུ་ལ་པཎ་ཞུ་ཞབས་སྐྱིལ་དྲུང༌། །རྒྱལ་བའི་དབང་པོ་མཚོ་སྐྱེས་རྗེ། །དྲི་མེད་པདྨ་ཀ་ར་ནི། །ཆོས་ཀུན་དེ་ཉིད་རོ་གཅིག་བརྡར། །ཞལ་གཅིག་ཉ་གང་ཟླ་བ་མཚུངས། །ཐབས་དང་ཤེས་རབ་འབྲེལ་བའི་བརྡར། །ཕྱག་གཉིས་མཉེན་ལ་ལྕུག་པའོ། །བདེ་སྟོང་ཟུང་དུ་འཇུག་པའི་བརྡར། །དཀར་ལ་དམར་བའི་མདངས་ཆགས་པའོ། །ཉན་ཐོས་ཐེག་པ་རྫོགས་པའི་བརྡར། །ཆོས་གོས་གསེར་གྱི་ཧ་རིས་ཅན། །བྱང་སེམས་ཐེག་པ་རྫོགས་པའི་བརྡར། །ཟ་འོག་བེར་མདུང་འཇའ་རིས་ཅན། །གསང་སྔགས་ཐེག་པ་རྫོགས་པའི་བརྡར། །ཕོད་ཆེན་སྐུ་ལ་གསོལ་བའོ། །ལྷུན་གྲུབ་རིག་འཛིན་བཞུགས་པའི་བརྡར། །ཕྱག་གཡས་གསེར་གྱི་རྡོ་རྗེ་འཛིན། །ཚེ་དབང་རིག་འཛིན་བརྙེས་པའི་བརྡར། །གཡོན་ན་བྷནྡྷ་ཚེ་བུམ་བསྣམས། །ཁ་སྦྱོར་བདུན་ལྡན་བདག་ཉིད་བརྡར། །མཆན་ཁུང་གཡོན་ན་ལྷ་ལྕམ་འཁྲིལ། །རིགས་ལྔའི་དབང་རྟགས་རྫོགས་པའི་བརྡར། །དབུ་ལ་པདྨའི་གཉེན་ཞུ་གསོལ། །རང་དོན་གྲུབ་ནས་གཞན་དོན་བརྡར། །ཞབས་གཉིས་རྒྱལ་པོ་རོལ་པས་བཞུགས། །ལྷ་གཅིག་ཁྲི་སྲོང་རྒྱལ་པོའི་ཆས། །དབུ་ལ་ལྭ་ཐོད་ཕྱག་གསེར་འཁོར། །སྐུ་ལ་ཟ་བེར་སྣ་ཚོགས་གསོལ། །ཞབས་གཉིས་རོལ་བའི་སྟང་སྟབས་སོ། །ལོ་ཆེན་བཻ་རོ་ཙ་ན་ནི། །རབ་བྱུང་ཆས་ལ་དབུ་པཎ་ཞུ། །ཕྱག་གཡས་ཆོས་འཆད་གཡོན་གླེགས་བམ། །སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཡེ་ཤེས་མཚོ་རྒྱལ་བོད་མོའི་ཆས། །ཕྱག་གཡས་ཐུགས་ཀར་ཐལ་མོ་སྦྱར། །གཡོན་པ་བྷནྡྷ་བདུད་རྩིས་བཀང༌། །ཞབས་གཉིས་ཕྱེད་སྐྱིལ་ཚུལ་དུ་བཞུགས། །གངས་ཅན་བསྟན་པའི་མི་གཅིག་པུ། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ནི། །པཎ་གྲུབ་ཆས་མཛད་ཞབས་སྐྱིལ་ཀྲུང༌། །སེམས་ཉིད་ངལ་བསོའི་ཕྱག་རྒྱ་ཅན། །སྲིད་ན་མཚུངས་མེད་ཟབ་གཏེར་བདག །འཇིགས་བྲལ་པདྨ་དབང་ཆེན་ནི། །སྟོད་གོས་ལྗང་ཁྲ་གསང་གོས་སྔོ། །མཐིང་ཤམ་གངས་རིར་སྐྱེངས་པ་སྟེར། །སྟོད་གཟན་དམར་མོ་ཕྱག་གཉིས་པོ། །སེམས་ཉིད་ངལ་གསོའི་ཕྱག་རྒྱ་འམ། །ཆོས་འཆད་གང་ཡིན་ཞབས་སྐྱིལ་དྲུང༌། །རལ་གླེགས་དང་བཅས་གཏེར་སྟོན་ཆས། །མེས་པོ་བྱང་ཆུབ་བ་རྡོ་རྗེ་ནི། །དབུ་ལ་པཎ་ཞུ་རྒོད་ལྡེམ་ཅན། །ཆོས་གོས་ཟ་བེར་མཉམ་བཞག་དང༌། །བྷནྡྷ་བདུད་རྩིས་བཀང་བ་བསྣམས། །ཚེ་བུམ་དང་བཅས་སྐུ་སྟོད་དུ། །མགུལ་ཕུར་དར་སྔོན་སྤྲས་པ་བསྣམས། །མདོར་ན་ཨོ་རྒྱན་ཆེན་པོ་ཡི། །རྒྱན་ཆ་གང་ཡིན་མཛེས་ལྟར་ལགས། །རྩ་བའི་བླ་མ་རྡོ་རྗེ་འཆང༌། །གྲུབ་བརྒྱའི་མེས་པོ་ཧེ་རུ་ཀ །སྲིད་ཞིའི་གཅུག་རྒྱན་ཐམས་ཅད་མཁྱེན། །ཡབ་རྗེ་འཇའ་ལུས་རྡོ་རྗེ་ནི། །སྐུ་མདོག་དཀར་དམར་གཟི་འོད་འབར། །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས། །ཤེས་རབ་རལ་གྲི་ནམ་མཁར་ཕྱར། །གཡོན་དུ་ཐོད་པ་བདུད་རྩིས་བཀང༌། །དབུ་སྐྲ་གྱེན་དུ་བཅིང་བར་མཛད། །ལྷག་མས་སྐུ་རྒྱབ་ལྷག་ཅིག་ཁེབ། །སྐུ་ལ་རུས་པའི་རྒྱན་དྲུག་དང༌། །དར་དཔྱང་སྟག་ལྤགས་ཤམས་ཐབས་སྤྲས། །ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས། །མི་ལྤགས་གཅལ་བཀྲམ་གདན་ལ་བཞུགས། །དེ་ལྟར་རྩ་བརྒྱུད་བླ་མ་ཀུན། །བདག་སོགས་ལས་སྐལ་ལྡན་པའི་བུ། །རྗེས་ཆགས་སྙིང་རྗེས་དགོངས་བཞིན་དུ། །ཞལ་འཛུམ་སྤྱན་གྱིས་ཧུར་གཟིགས་བསམ། །ཞེས་ལྟར་གསལ། ཨེ་མ་ཧོ། དག་པ་རབ་འབྱམས་དབུ་མའི༴ ཞེས་པའི་གསོལ་འདེབས་མོས་གུས་དྲག་པོས་འབོད་པ་ལ་བླ་མ་རྣམས་ཀྱིས་དགོངས་བཞིན་བདག་ཉིད་ལ་ཐུགས་བརྩེ་བ་ཆེན་པོས་ཞལ་འཛུམ་པ་དང་བཅས་རིམ་བཞིན་འོད་དུ་ཞུ་ནས་མས་རིམ་གཅིག་གཅིག་ཐིམ་ཚུལ་དུ་གྱུར། མཐར་དེ་ཐམས་ཅད་ཀྱང་ཕ་སྐུ་དྲིན་གཞལ་དུ་མེད་པ་དུས་གསུམ་རྒྱལ་བའི་ཞལ་ཚབ། མ་ལུས་འགྲོ་བའི་མགོན་གཅིག །བཀའ་དྲིན་འཁོར་མཐའ་བྲལ་བ། མཚན་བརྗོད་པར་དཀའ་བ་བདག་ཅག་གི་རིགས་ཀྱི་བདག་པོ་ཧེ་རུ་ཀ་དཔལ་ཛྙཱ་ན་བཛྲ་དཔལ་བཟང་པོ་ལ་ཐིམ། བླ་མ་རིན་པོ་ཆེ་ཡང་དགྱེས་བཞིན་འོད་དུ་ཞུ་ནས་ལྟེ་འོག་དབུ་མའི་མར་སྣ་རོ་རྐྱང་སྦྲེལ་མཚམས་ལྟེ་བ་རུ་ཐིག་དམར་བྱ་སྒོང་གི་དབྱིབས་ལྟ་བུའི་དབུས་སུ་ཨ་ཤད་སྐྱེས་འཚེར་གྱི་སྐེད་པ་བཅད་པ་འདྲ་མོ་ཉི་མ་བྱེ་བའི་ཚ་རྔམས་གཟི་བརྗིད་བཀྲག་འོད་གཅིག་ཏུ་འཚེར་བ། རང་གི་ཕུང་ཁམས་ལྟ་ཅི་སྟོང་གསུམ་གྱི་སྟོང་ཆེན་པོ་ཡང་ཚ་དྲོད་ཀྱིས་ཁྱབ་ཅིང་ཁེང་བ་དེ་འདྲ་བ་ཞིག་དམིགས་དགོས་གསུངས། དེ་ཡང་རང་བཞིན་གྱི་མ་དམིགས་ལྟ་བུ་མ་ཡིན་པ་དུས་གསུམ་གྱི་སངས་རྒྱས་སྲས་དང་སློབ་མར་བཅས་ཐུགས་རྗེ་བྱིན་རླབས་ཕྲིན་ལས་ཐམས་ཅད་འདུས་པའི་རྒྱལ་བ་ཀུན་ཀྱི་ཡུམ་གྱི་རྣམ་པར་མོས་གུས་བྱེད་པ་ཡིན་གསུངས། དབུ་མའི་ཡར་སྣ་བདེ་ཆེན་འཁོར་ལོའི་ཡང་སྟེང་རྒྱ་སྐར་ཁ་ཕྱེ་བ་ལྟ་བུ་ན་ངོ་བོ་བླ་མ་ཡིན་པ་ལ་རྣམ་པ་ཧྃ་ཡིག་དཀར་པོ་ཟླ་བ་ཞུན་མས་བྱས་པ་འདྲ་བ་དེ་ཡང་ཡི་གེ་ལེབ་ཆར་མ་ཡིན་པ་བ་སོའི་གདུ་བུ་མཚུངས་དཔེར་འོས་པས་རྡིལ་མོ་ཅན་ཧྃ་ཡིག་དཔུང་པ་མདུན་དུ་གཏད་ཡོད་པ་དེ་ལྟར་བསྒོམ། དེ་ནས་གསལ་སྣང་ཐོན་ཚེ་སྔར་བུམ་ཆེན་སྐབས་སྤྱི་བོར་དཀོན་མཆོག་ཀུན་འདུས་དྲིན་ཆེན་བླ་མའི་ཐུགས་ཀ་ནས་འོད་སྤྲོས་འཁོར་འདས་ཀྱི་དཔལ་ཡོན་ཐམས་ཅད་འོད་མཐིང་ཀའི་རྣམ་པར་བསྡུས་ནས་མདུན་མཁར་ཡོད་པ་དེ་རོ་རྐྱང་གི་ལམ་བརྒྱུད་ཐིག་དམར་ཨ་ཤད་ཅན་གྱི་གནམ་ཞལ་ལ་ཕོག་ཚེ་དེ་ལ་དང་པོ་རླུང་ཐམས་ཅད་སིབ་སིབ་དེས་རྐྱེན་བྱས་ཏེ་སོག་ཕུང་ལ་མེ་སྦར་བ་བཞིན་བྱིན་རླབས་ཡེ་ཤེས་ཀྱི་མེ་ལྷབ་ཀྱིས་འབར་ཏེ། དེ་ཡང་མེའི་ངོ་བོ་བདེ་བ། རེག་བྱ་ཚ་བ། རྣམ་པ་གསལ་བ། རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣམ་ལ་གློག་འོད་ལྟར་འཁྱུག་པ་ཞིག་བསྒོམ། དེ་ལྟར་བྱིན་རླབས་ཡེ་ཤེས་མེ་གསལ་ནས་ཚུལ་དང་མཐུན་པའི་གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འདབ་ཉེར་བརྒྱད་གྱེན་བསྟན་མདོག་ལྗང་གུ་རྩིའུའི་བར་མཚམས་ཡང་དོག་མེད་པ་རྩ་སྦུབས་གྲོ་སོག་བཅད་པའི་སྦུ་གུ་ལྟར་གསལ་བཏབ་ཡོད་པ་དེའི་རྩ་ནང་ཐམས་ཅད་མེ་ལྕེས་མྱུར་གྱིས་བཀང་བར་མོས། དེ་ནས་རིམ་བཞིན་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབས་༦༤མདོག་སེར་པོ་གྱེན་བསྟན། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབས་བརྒྱད་ཁ་དོག་མཐིང་ག་ཐུར་དུ་སྦུབས་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབས་༡༦དམར་པོ་གྱེན་བསྟན། སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབས་༣༥ཁ་དོག་དཀར་པོ་གདུགས་ཀྱི་རྩིབ་མ་ལྟར་ཕྱིར་དབུབས་བཅས་ཏེ་རེ་རེ་བཞིན་དུ་མས་ནས་ཡར་བརྩེགས་པའི་བསྐྱེད་སྒོམ་རིམ་པར་བསྒྲགས་པའི་གསང་གནས་སྤྱི་བོའི་བར་རྩ་གཙོ་བོ་གསུམ་དང་འཁོར་ལོ་ལྔ་གཞན་ཡང་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་ནས་ཞུགས་བྱིན་རླབས་ཡེ་ཤེས་ཀྱི་མེ་ལྕེས་བཀང༌། ནང་གི་དུག་ལྔ་ཕྱིའི་འབྱུང་ཆེན་ལྔ་སོགས་མ་དག་པའི་དྲི་བཅས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པར་མོས། དེ་ལྟར་དམིགས་པའི་གནས་སྐབས་ཀྱང་རྩ་འཁོར་རེ་ལ་རླུང་ཁུག་ཅི་ནུས་བཟུང་ཞིང་མཐར་ཕོ་སྐོར་རེ་བྱའོ། །དེ་ནས་ཡང་མེ་ལྕེ་གྱེན་ལ་འཕྱུར། སྤྱི་བོའི་ཡབ་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་ལ་ཕོག་ཚེ་ཞུ་བདེ་འབར་འཛག་གི་ཉམས་ཤིན་ཏུ་རྒྱས་ཏེ། བྱིན་རླབས་ཀྱི་རང་འོད་ཁྱུག་ཁྱུག །དངོས་གྲུབ་ཟིལ་པ་ཁྲམ་ཁྲམ་བཀྲག་མདངས་དང་གཟི་བརྗིད་བློ་ཡུལ་དུ་མི་ཤོང་བ་ཙམ་དུ་གྱུར། དེའི་རྐྱེན་གྱིས་ཧྃ་ལས་འོད་འཕྲོས། འོད་ཟེར་གྱི་རྩ་ནས་འདོད་ཡོན་གྱི་ལྷ་མོ་གྲངས་དང་མཐས་མི་ཐུག་པ། ལག་ན་མཆོད་རྫས་ཐོགས་པ་མང་པོས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་བཅས་རྔ་ཡབ་དཔལ་གྱི་རི་བོ་བདེ་བ་ཆེན་པོའི་ཕོ་བྲང་ན། དུས་གསུམ་གཟིགས་པའི་ཨོ་རྒྱན་རྡོ་རྗེ་འཆང་རིག་འཛིན་བརྒྱད་འཁོར་མཁའ་འགྲོ་རྒྱ་མཚོ་དང་བཅས་གཞན་ཡང་རྒྱ་གར་བལ་བོད་ཀྱི་ཞིང་ན་བཞུགས་པའི་མཁས་ཤིང་གྲུབ་པ་ཐོབ་པ་དུ་མ་དང་བཅས་པ་མཆོད། ཐུགས་བདེ་སྟོང་གི་རོས་ཚིམཞིང་མཉེས་པ་བྱས་པས་དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་མཁྱེན་བརྩེ་ནུས་གསུམ་དངོས་གྲུབ་ཐམས་ཅད་ཀྱི་རྣམ་པར་བྱུང་སྟེ་སྤྱི་བོའི་ཧཾ་ཡིག་ལ་ཐིམ་དེ་བཞིན་གྱིས་འབྱུང་བ་ཆེན་པོ་ལྔའི་དངས་བཅུད་སྣོད་བཅུད་ཀྱི་བཀྲག་མདངས་གཟི་བྱིན་ལྷན་ཅིག་བསྡུས་ཏེ་ཧཾ་ལ་གོང་ལྟར་སིབ་སིབ་ཐིམ་པའི་རྐྱེན་གྱིས་མགོ་འཇུག་ཧྲིལ་གྱིས་ལྡོག་པར་བསམ། ཡང་སྔར་ལྟར་མེ་ལྕེས་ཁྱུགས་ཙམ་རེག་ཚེ་ཞུན་གྱི་མར་མེ་ཐིག་པ་ལྟར་མེར་གྱིས་ཞུ་ནས་སྐྱ་ནར་གྱིས་བབས། སྤྱི་བོ་བདེ་ཆེན་འཁོར་ལོ་ན། །སངས་རྒྱས་རྣམ་པར་སྣང་མཛད་ནི། །དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ། །ཕྱག་ན་འཁོར་ལོ་དྲིལ་བུ་བཅས། །སྐུ་མདོག་གངས་ལ་ཉི་ཤར་མཚུངས། །སངས་རྒྱས་རིགས་ཀྱི་དཔའ་བོ་དང༌། །རྣལ་འབྱོར་བསམ་གྱིས་མི་ཁྱབ་པ། །རྩ་ཁམས་ཏིལ་གང་ལྟ་བུར་བཞུགས་པར་བསམ། །བདེ་སྟོང་བདུད་རྩིའི་མཆོད་པ་ཕུལ་ནས་མཉེས་ཤིང༌། ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང༌། དམ་ཚིག་ཉམས་ཆགས་བསྐང་དབང་བཞིའི་ནང་ནས་བུམ་དབང་ཐོབ། དགའ་བཞིའི་ནང་ནས་ལུས་སེམས་དགའ་བས་ཁྱབ་པས་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མཐར་རྩ་ཁམས་ཐམས་ཅད་ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་བྱས་པས་བྱང་སེམས་བདུད་རྩིའི་ཁྲིག་གིས་གང་བར་མོས་ལ་མཐར་དམིགས་པ་མེད་པའི་ངང་དུ་མཉམ་པར་བཞག་གོ །དེ་ལྟར་མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། སངས་རྒྱས་སྣང་བ་མཐའ་ཡས་ཕྱག་གཡས་པས་པདྨ་དང་གཡོན་དྲིལ་བུ་དང་བཅས་ཡུམ་གོས་དཀར་མོ་མ་འཁྲིལ་བ། འཁོར་པདྨ་རིགས་ཀྱི་ལྷ་ཚོགས་གོང་དང་འདྲ། མཆོད་པ་དང་དངོས་གྲུབ་ཐོབ་ཚུལ་སྔ་མ་ཇི་བཞིན་ལ་གསང་དབང་ཐོབ། དགའ་བྲལ་མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་སངས་རྒྱས་མི་བསྐྱོད་རྡོ་རྗེ་ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བཅས་ཡུམ་མཱ་མ་ཀི་ལ་འཁྲིལ་བ་འཁོར་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་མཆོད་དངོས་གྲུབ་ཐོབ་ཤེས་རབ་ཀྱི་དབང་ཐོབ། ཁྱད་པར་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ལྟེ་བ་སྤྲུལ་པའི་འཁོར་ལོ། སངས་རྒྱས་རིན་ཆེན་འབྱུང་གནས་ཕྱག་གཡས་ན་ནོར་བུ་དང་གཡོན་དྲིལ་བུ་བཅས་པས་ཡུམ་སངས་རྒྱས་སྤྱན་མ་དང་འཁྲིལ་བ། འཁོར་རིན་ཆེན་རིགས་ཀྱི་ལྷ་ཚོགས་མཆོད། དངོས་གྲུབ་ཐོབ་དབང་༤བ་ཐོབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། གསང་བ་བདེ་སྟོང་འཁོར་ལོ་ན། སངས་རྒྱས་དོན་ཡོད་གྲུབ་པ་ཕྱག་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་བཅས་པའི་ཡུམ་དམ་ཚིག་སྒྲོལ་མ་ལ་འཁྲིལ་བ། འཁོར་ལས་ཀྱི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་མཆོད་རྒྱུ་བསོད་ནམས་ཀྱི་ཚོགས་འབྲས་བུ་ཡེ་ཤེས་ཀྱི་ཚོགས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་དག །སོ་བྱང་སྔགས་གསུམ་གྱི་དམ་ཚིག་ཉམས་ཆགས་བསྐང༌། རིག་པ་རྩལ་ཆེན་པོའི་དབང་ཐོབ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མོ། །འདི་ལྟར་གོང་གི་གཏུམ་མོ་འབར་འཛག་སྐབས་ཀྱང་རྩ་འཁོར་རེ་རེ་བཞིན་བདུད་རྩི་འབབ་ཚེ། མེ་ལྕེ་མར་ལ་སོང་མཐར་ཐིག་དམར་ཨ་ཤད་ཅན་ལ་མེ་ཐམས་ཅད་སིབ་ཀྱིས་ཐིམ་པར་བསམ་པ་དང༌། འཁོར་ལོ་ལྔ་པོ་བྱང་སེམས་དཀར་དམར་གྱིས་ཁྲིག་གེར་བཀང་ཚར་བ་དང་འཁྲུལ་འཁོར་གྱི་རིམ་པས་རྩ་མདུད་གྲོལ་བའི་ཐབས་ལ་ནན་ཏན་དུ་འབད་པ་བྱའོ། །ལར་འདི་ཉམས་སུ་ལེན་ཚུལ་ནི་གཏུམ་མོ་གནམ་ཞལ་སྦར་བ་ལ་རྩ་འཁོར་རེ་རེ་བཞིན་རླུང་ཁུག་གསུམ་རེ་ཡིན་ན་བཞུ་བ་ལ་བདུན་སོགས་བྱེད་སྲོལ་ཡོད་པར་གསུངས་སོ། །འདི་ལྟ་བུའི་གདམས་ངག་ཁོང་དུ་ཆུད་ན་ལས་ཉོན་བསྲེགས་པའི་སྦྱིན་སྲེག་ཀྱང་ཡིན། ཉམས་ཆག་བསྐང་བའི་ཚོགས་འཁོར་ཡང་ཡིན། བསོད་ནམས་སྤེལ་བའི་ཐབས་ཀྱང་འདི་ལས་ཟབ་པ་མེད། དཀྱིལ་འཁོར་གྱི་སྒོ་རུ་བཅུག་པའང་ཡིན། དབང་ཆེན་པ་ཡང་ཡིན། སྔོན་ཆད་ཉེས་ཚོགས་ཇི་ལྟར་ཡོད་ནའང་སྐབས་འདིར་ལྷག་མེད་དུ་དག་པ་གསུངས་སྐབས་འདིར་རྩ་ལྟུང་༡༢པའི་བཤགས་པ་སོགས་བཤགས་པ་འདོན་དགོས་བཀའ་ཕེབས་སོ། །དུས་ད་རིམ་ཙམ་མ་ཟད་རྩ་རླུང་བའི་མིང་དུ་གྱུར་ནས་བཟའ་བཏུང་ཚོགས་འཁོར་དུ་ཤེས་དགོས་གསུངས། དེ་ཡང་ཟས་སྐོམ་ནང་ཚུད་པ་དང་ལྟེ་བའི་ཨ་ཤད་ཀྱི་མེ་ལྕེས་རེག་ཙམ་གྱུར་ཚེ་མེར་གྱིས་ཞུ་ནས་བདུད་རྩི་དཀར་དམར་གྱི་རྣམ་པར་གྱུར་ཏེ་ལྷ་ཚོགས་རྣམས་ལ་ཕུལ་བར་བསམ་མོ། །རྩ་རླུང་སྦྱོང་སྐབས་ཙམ་མིན་པར་དུས་དང་རྣམ་པ་ཀུན་ཏུ་ལྟེ་འོག་གི་ཨ་ཤད་ལ་དྲན་ཤེས་རྩི་དང་མ་བྲལ་ཞིང་སྐབས་རེ་བླ་མ་དང་དབྱེར་མེད་པའི་སྤྱི་བོའི་ཧཾ་ལ་མོས་གུས་དུང་དུང་དགོས་གསུངས། མཚན་མོ་ལ་བབས་ཚེ་ཕྱི་ནང་གི་སྟོང་ར་ལ་དག་དྲན་དང་བཅས་མེ་ཐབས༦། འཆིང་བཅའ་ལྟེ་བ་རླུང་འཛིན། ཨ་ཤད་ལ་སེམས་འབྱུང་ཉོན་མོངས་པའི་རྟོགས་ཚོགས་བཀག། བུམ་ནང་མར་མེ་སྦར་བ་བཞིན་དམར་འོད་ཀྱི་ལེ་ཡོད་པར་མོས་ལ་གཉིད་དུ་འགྲོ་བ་གཅེས་གསུངས་སོ། །དེ་ནས་འཁྲུལ་འཁོར་༢༡རྫོགས་པ་དང་མཉམ་དུ་སྔར་རླུང་འཛིན། རྩ་གསུམ་འདུས་མདོ་དྭངས་མ་ཨ་ཤད་ལ་ཕོག་ཚེ་སྣུམ་ཁོལ་བདུད་རྩི་བླུགས་པ་བཞིན་མེར་བསྲེགས་བྱས་པ་ལྟར་མེ་དང་བདུད་རྩི་གཉིས་མེད་དུ་འབར། རྩ་གཙོ་བོ་གསུམ། འཁོར་ལོ་ལྔ་རྩ་ཕྲན་ཐམས་ཅད་མེས་འུར་གྱིས་བཀང༌། དེ་ནས་གཡོན་ལ་རིམ་གྱིས་འཆེད། དེ་སྤྱི་བོར་དབུ་མའི་ཡར་སྣ་ནས་མེ་ལྕེ་འཁྱུགས་ཤིང༌། མེ་ལྕེ་གཡས་སྐོར་གྱིས་ཚུལ་དུ་རང་གི་གུས་ལ་འཁྱུད་དེ་བསྲེགས། མེ་ལྕེ་མཐུར་ལ་འབར་འོག་སྒོ་ནས་ཐོན་མེ་ལྕེས་ལུས་གཡོན་ལ་འཁྱུད་ཅིང་འབར་ཞིང་བསྲེགས། ཐོག་མེད་དུས་ནས་དེ་རིང་བར་བསགས་པའི་ལས་ཉོན་སྡུག་བསྔལ་དུ་མ་དག་ཕུང་པོ་དམིགས་མེད་བསྲེགས། ལུས་ཀྱི་གཅེས་འཛིན་བོར་བར་མོས། དེ་ནས་སླར་ཡང་མེ་དང་རང་ལུས་དབུ་མ་ཐམས་ཅད་སྟོང་གསུམ་ཁྱབ་པར་མོས་ལ། ཡ་ཀི་སྲིད་པའི་རྩེ་ནས་མ་ཀི་མནར་མེད་དམྱལ་ཁམས་ནས་སྣང་སྲིད་དོ་ཅོག་ཐམས་ཅད་མེ་ཡིས་ཁེངས་ཤིང༌། སྣོད་བཅུད་དུ་འཛིན་པའི་རྣམ་རྟོག་བག་ཆགས་གདོན་བགེགས་ལས་ཉོན་ཐམས་ཅད་གཞོབ་ཐུལ་གྱིས་ཚིག་པར་བསམ། རེས་འགའ་མེ་དང་དབུ་མ་བཅས་ཆེར་བསྐྱེད། རས་འགའ་རྟ་རྔ་བརྒྱར་གཤགས་ཆར་ཆུང་བསྐྱེད་སོགས་རླུང་ཁུག་བདུན་ལྔ་སོགས་ངེས་མེད་ལ་དེ་ལྟར་ཆེ་བསྐྱེད་ཆུང་བསྐྱེད་གསུམ་གྱི་མཐར་དམིགས་མེད་ངང་དུ་མཉམ་པར་བཞག་པ་དང་བཅས་ཏེ། འབེབ་ཆུང་གསུམ། བར་འབེབ་གསུམ། འབེབ་ཆེན་གསུམ། དེ་ལས་ལྡོག་སྟེ་འབེབ་ཆེན།༣ བར་འབེབ།༣ འབེབ་ཆུང༌།༣ དེ་འཕྲོ་སྐྱིལ་དྲུང་དང་བཅས་འབའ་སྤྲུགས་གསུམ་གྱིས་རྫོགས་པར་བྱའོ། །འདི་ལྟར་གནད་དུ་ཕེབ་ཚེ་བདེ་དྲོད་ཀྱི་མེ་འབར་བ་དང་གོས་ཀྱི་ཞན་པ་ཆོད། འབྱུང་བ་ལྔ་ལ་རང་དབང་སྒྱུར་པའི་མན་ངག་ལྟར་གནས་པས་འབྱུང་བ་ལྔ་ལ་རང་དབང་ཐོབ། མ་དག་ལས་རླུང་དག་པས་སྤྱན་དང་མངོན་ཤེས་འཆར། ཐུན་མོང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོབ་ནའང་ལམ་རྟགས་ཡོན་ཏན་ཙམ་ལས་ས་ཟིན་མིན་པས་མངོན་ཞེན་སྐྱེས་ན་རུ་ཏྲར་གོལ་ཚུལ་གསུངས་ཤིང༌། མཐར་ཕྱིན་འབྲས་བུ་ཡོན་ཏན་སྤང་དང་རྟོགས་པའི་མཐའ་རུ་ཕྱིན་པའི་དབྱིངས་ཆོས་ཟད་བློ་འདས་ཆེན་པོ་དེ་དག་ཡིན་པར་གསུངས་སོ། །རྟགས་བཅུ་ཡོན་ཏན་བརྒྱད་སོགས་མང་མོད་ཀྱང༌། །ཕྱི་རྟགས་ལུས་ལ་བདེ་དྲོད་མེ་ལྟར་འབར། །ནང་རྟགས་ཡེ་ཤེས་རླུང་ལྔ་དབུ་མར་ཚུད། །གསང་རྟགས་རྫོགས་པ་ཆེན་པོའི་ཞལ་རས་མཇལ། །མདོ་རུ་དྲིལ་ན་འདི་དག་ཙམ་ལ་འདུས། །འདི་ཡང་དྲིན་ཆེན་བླ་མའི་བཀའ་འཁྲུལ་བྲལ། །བདག་སོགས་བློ་ཆུང་རྣམ་པས་ཞལ་གདམས་གསུངས། །བྱུང་བ་བར་དུ་སྙིང་ལ་དམ་པར་བཅང༌། །དང་པོ་གཏུམ་མོ་སྡུག་བསྔལ་སྐབས། །སྙིང་ལ་རྡོ་རྒྱུས་གཏུག་པ་དགོས། །བར་དུ་གཏུམ་མོ་འདོད་ཆགས་ལྡན། །ཐིག་ལེ་འདོད་ཆགས་སྲོག་ལྟར་བསྲུང། །མཐའ་རུ་གཏུམ་མོ་ཡོན་ཏན་སྐབས། །ཐམས་ཅད་རྫོགས་རིམ་གྲོགས་སུ་འགྲོ། །སླར་སྨྲས་པ། འདི་ལྟར་འབྲི་བའི་ཤེས་རབ་སྤོབས་པ་མེད། །དམུས་ལོང་མིག་བུ་ཕྱེ་འདྲའི་གདམས་ངག་འདི། །ཀུན་མཁྱེན་ཆོས་ཀྱི་དབང་པོའི་ཞལ་ནས་གསུངས། །རྒྱས་མཚོ་ཙམ་ལས་ཆུ་ཐིག་ཙམ་ཞིག་བྲིས། །འདིས་མཚོན་དུས་གསུམ་བསགས་དགེ་ཅི་ཡོད་ཀུན། །སྦྱོར་དངོས་རྗེས་གསུམ་ཚངས་བའི་ལྷག་བསམ་དཀར། །དུང་དང་པད་རྩའི་མཚུངས་དཔེར་འོས་པ་ཡིས༌། །ཕ་མ་སྐྱེ་དགུ་རྫོགས་བྱང་ཐོབ་ཕྱིར་བསྔོ། །འདི་ལ་ཉེས་པ་བཤད་པའི་ཆ། །གང་ཡོད་བདག་བློའི་རྨོངས་པའི་སྐྱོན། །ཀུན་མཁྱེན་ཆོས་རྗེ་མཆོག་ལ་བཤགས། །དག་ཚངས་རྩོལ་ལ་དངོས་གྲུབ་གནང༌། །དེ་སྐད་སྙན་བརྒྱུད་གསེར་ཞུན་མའི། །རི་མོ་འདི་ཀ་ངོས་ཉིད་ཀྱིས། །བརྗེད་ངོས་བསམ་པའི་བདུད་རྩི་ཆེ། །ལྐོག་ཡིག་«མདོ་མཁྱེན་བརྩེའི་ཞལ་རྒྱུན་བདེ་ཆེན་འོད་ཟེར་མཐའ་ཡས་ཀྱིས་ཡི་གེ་བཀོད་པ༢། མཆན།» དགོས་པ་དོན་ཚང་ལགས། ཤིན་ཏུ་ཉེ་བ་རྡོ་རྗེའི་མཆེད་པོ་ལས། །རིགས་དང་འདྲེས་པ་སོགས་ཀྱི་གཟིགས་མོ་མིན། །སྙན་བརྒྱུད་ཡི་གེའི་ལམ་དུ་བཀོད་པ་ལ། །བྱིན་རླབས་ཡལ་བར་དོགས་པས་བཀའ་རྒྱ་མཛོད།། །།