DKYD-KABUM-07-JA-081

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ཞ་བློན་རྡོ་རྗེ་བདུད་འདུལ་གྱི་མཆོད་སྒྲུབ་ཕྲིན་ལས་གློགས་བཞུགས། ། «བདེ་གཤེགས་སྨན་གྱི་བླ་མར་འདུད། །བཀའ་སྲུང་གནོད་སྦྱིན་ཆེན་པོ་ཡི། །མཆོད་ཅིང་སྒྲུབ་པའི་རིམ་པ་ནི། །མཆོད་གཏོར་དཀར་གསུམ་མངར་གསུམ་དང༌། །ཟས་སྣའི་བརྒྱན་ཅིང་སྐྱེམས་ཕུད་བཤམས། »ཨོཾ་ཨཱཿ་ཧཱུཾ་དང་ཧཱ་ཧོ་ཧྲཱིཿ«ས། །བྱིན་གྱིས་བརླབས་ནས་འདི་སྐད་དོ། »།ཧཱུཾ་འོག་མིན་ལྕང་ལོ་ཅན་གྱི་གནས་མཆོག་ནས། མཐུ་སྟོབས་དབང་ཕྱུག་ལག་ན་རྡོ་རྗེའི་སྲས། །གཏེར་བདག་བྱེ་བའི་གཙུག་གི་རྒྱན་ཅིག་པུ། །ཞང་བློན་གནོད་སྦྱིན་རྡོ་རྗེ་བདུད་འདུལ་རྩལ། །སྐུ་མདོག་མཐིང་ནག་ཁྲག་གི་རལ་པ་ཅན། །སྦོམས་ཤིང་ཐུང་ལ་ཡན་ལག་ཤིན་ཏུ་རག །ཁྲོས་པའི༌།མིག་གསུམ་དམར་ཟླུམ་རབ་ཏུ་འཁྲུགས། །ཞལ་གདངས་མཆེ་གཙིགས་ཧ་ཧའི་གད་རྒྱངས་ཅན། །སྨ་ར་སྨིན་མ་ཨག་ཚོམི་མེ་ལྟར་འབར། །ཕྱག་གཡས་དགོས་འདོད་ཀུན་འབྱུང་ནོར་བུ་དང༌། །གཡོན་པས་བདུད་རྩི་སྨན་གྱི་བུམ་པ་བསྣམས། །དར་ལྗང་གོས་དང་དར་ནག་བེར་ཆེན་གསོལ། །སག་ཏིའི་ལྷྭམ་གྱོན་ཞབས་གཉིས་རོལ་སྟབས་བཞུགས། །ཡུམ་ཆེན་སྲིན་མོ་རྡོ་རྗེ་ཀུན་རྒྱུ་མ། །དམར་མོ་ཁྲོ་འཛུམ་དར་དང་རིན་ཆེན་བརྒྱན། །གྲི་ཐོད་འཛིན་ཅིང་འགྱིང་བར་གར་སྟབས་བསྒྱུར། །ནོར་ལྷ་མཆེད་བརྒྱད་གནོད་སྦྱིན་བྱེ་བ་འབུམ། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པས་བསྐོར། །འཁོར་དང་བཅས་པ་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་ཙིཏྟ་རཱ་ག་ཏུ་གོ་ནི་ཧྲིཾ་ཧྲིཾ་ཛ་ཛཿ །རང་མདུན་ཡིད་སྤྲུལ་རིན་ཆེན་མཛེས་པའི་ཁྲིར། །དར་ཟབ་འབོལ་བརྩེགས་གདན་ལ་དགྱེས་པར་བཞུགས། །རྡོ་རྗེ་གཏུམ་པོའི་དྲུང་གི་ཐ་ཚིག་དགོངས། །བདག་ལ་འཛུམ་པའི་ཞལ་སྟོན་འདོད་དོན་སྒྲུབས། །བཛྲ་ས་མ་ཡ་ཏིཥྛ་ལྷན། «།མཆོད་ཅིང་ཐུགས་དམ་བསྐང་བའི་རིམ་པ་ནི། »ཧཱུཾ་དམ་ལྡན་སྒྲུབ་པའི་གནས་མཆོག་དམ་པ་འདིར། །ཏིང་ངེ་འཛིན་གྱི་རྣམ་པར་སྤྲུལ་པ་ཡི། །བརྟེན་བསྒྲུབས་ཐུགས་དམ་བསྐང་དང་མཆོད་པའི་རྫས། །མ་ཚང་མེད་པ་ལེགས་པར་བཀྲམ་པ་དང༌། །སྐུ་རྟེན་གཟུགས་བརྙན་གསུང་རྟེན་སྔགས་བྱང་དང༌། །ཐུགས་རྟེན་བླ་རྡོ་སྲོག་འཁོར་རིན་ཆེན་ལྔ། །སྒྲུབ་རྫས་བམ་རིལ་རིན་ཆེན་འབྲུ་སྨན་གཏམ། །བསྐང་རྫས་དཀོར་ཆ་ལོངས་སྤྱོད་གོ་མཚོན་དང༌། །བྱ་རིགས་གཅན་གཟན་རི་དྭགས་གཡུང་དྭགས་རིགས། །སྤྱན་གཟིགས་གཟུགས་སྒྲ་དྲི་རོ་རེགས་བྱར་བཅས། །བཟང་དྲུག་སྨན་དང་འབྲུ་སྣ་ཤིང་རྩིའི་ཚོགས། །མཆོད་རྫས་བརྗིད་ལྡན་གཏོར་མ་ཟས་སྣས་བརྒྱན། །བཏུང་བ་རྒྱ་ཇ་འོ་ཞོ་མྱོས་བྱེད་ཆང༌། །གཞན་ཡང་རོ་བརྒྱ་ནུས་པ་སྟོང་ལྡན་ཚོགས། །འཛད་མེད་རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །ས་དང་བར་སྣང་ནམ་མཁའི་ཁྱོན་གང་སྤྲུལ། །གཏེར་བདག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །གསོལ་ལོ་འབུལ་ལོ་མཆོད་དོ་དགྱེས་པར་བཞེས། །སྟོབས་ལྡན་ཞང་བློན་བན་ཆེན་ཐུགས་དམ་བསྐང༌། །དགྲ་འཇོམས་རུ་ཏྲ་ནག་པོའི་ཐུགས་དམ་བསྐང༌། །བགེགས་འདུལ་རྡོ་རྗེ་བདུད་འདུལ༴ །ཡུམ་ཆེན་བདུད་མོ་ཀུན་འགྲུབ༴ །གཏེར་བདག་གནོད་སྦྱིན་མཆེད་བརྒྱད༴ །ལས་མཁན་དྲེགས་པ་སྡེ་བརྒྱད༴ །གནོད་སྦྱིན་འཁོར་ཚོགས་སྤྲུལ་པའི༴ །དམ་རྫས་སྨན་གཏོར་རཀྟ་སྐྱེམས་ཕུད་བཅས། །ཁྱོད་ལ་སྔར་བཅོལ་ལས་ཀྱི་གཏང་རག་དང༌། །ཕྱི་བཅོལ་ལས་ཀྱི་གཉེར་ཟན་འབུལ་ལགས་ན། །བཞེས་ཤིག་རོལ་ཅིག་དགྱེས་པའི་ཞལ་སྟོན་ལ། །ཟས་ཀྱི་ངོ་མཛོད་བཅོལ་བའི་ཕྲིན་ལས་སྒྲུབས། །བདག་ནི་མི་ཤེས་འཁྲུལ་པའི་དབང་གྱུར་པས། །གསང་སྔགས་དམ་ཚིག་ཉམས་འགལ་རལ་ལ་སོགས། །ཐུགས་དང་འགལ་བའི་ལས་བགྱིས་མཐོལ་ལོ་བཤགས། །བཟོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། «།བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། »།ཧཱུཾ་སྔོན་ཚེ་དགའ་བ་ཚལ་གྱི་དུར་ཁྲོད་དུ། །ཁྱོད་ཉིད་གནོད་སྦྱིན་ཀླུ་མོ་བཤོས་པའི་སྲས། །རུ་ཏྲ་ནག་པོ་ཁྲག་གི་རལ་པ་ཅན། །ཡུམ་ནི་བདུད་མོ་ཀུན་ཐུབ་མ་དང་ནི། །གནོད་སྦྱིན་སྟོང་གི་འཁོར་དང་བཅས་པ་རྣམས། །སེམས་ཅན་སྲོག་གཅོད་སྡིག་ལ་རྔམས་པའི་ཚེ། །བཅོམ་ལྡན་ཤཱཀྱའི་རྒྱལ་པོའི་བཀའ་བསྒོས་བཞིན། གསང་བདག་རྡོ་རྗེ་གཏུམ་པོས་དམ་འོག་བཅུག །དམ་ཚིག་རྡོ་རྗེ་མགོར་བཞག་བདུད་རྩི་བླུད། །ཁས་བླང་བྲོ་བོར་སྲོག་གི་སྙིང་པོ་ཕུལ། །ཞང་བློན་རྡོ་རྗེ་བདུད་འདུལ་མཚན་གསོལ་ཞིང༌། །ཤཱཀ་ཐུབ་བསྟན་སྲུང་སེམས་ཅན་དབུལ་ཕོང་སེལ། །རྣལ་འབྱོར་དམ་ཚིག་ལྡན་པའི་གྲོགས་བགྱིད་པར། །གཉེར་གཏད་བ་ལྟ་ན་སྡུག་པའི་གནས་མཆོག་ཏུ། །བཅོམ་ལྡན་སྨན་གྱི་བླ་མའི་དབང་བསྐུར་ཅིང༌། །དྲང་སྲོང་ཡིད་ལས་སྐྱེས་ཀྱི་གཉེར་གཏད་པ། །གསོ་བ་བདུད་རྩི་སྨན་གྱི་སྲུང་མར་བསྐོས། །བྱང་སེམས་སྨན་པའི་ཚོགས་ཀྱི་མགོན་བྱེད་ཅིང༌། །རྒྱལ་བསེན་དམ་སྲི་མ་རུང་འདུལ་བ་དང༌། །དམ་ཉམས་སྲོག་གི་གཤེད་མར་ཁས་བླང་པའི། །གནོད་སྦྱིན་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །ལྷ་རྣམས་མངའ་གསོལ་རིན་ཆེན་པྲོག་ཞུ་གསོལ། །གནོད་སྦྱིན་མངའ་གསོལ་མི་མགོའི་ཕྲེང་བས་བརྒྱན། །ཀླུ་རྣམས་མངའ་གསོལ་ཡིད་བཞིན་ནོར་བུ་བསྣམས། །དྲང་སྲོང་མངའ་གསོལ་སྨན་གྱི་སྒྲོམ་བུ་འཛིན། མགོན་པོའི་མངའ་གསོལ་དར་ནག་བེར་ཆེན་གསོལ། །གནོད་སྦྱིན་བྱེ་བའི་དེད་དཔོན་ཁྱོད་ལ་བསྟོད། །ཡུམ་ཆེན་བདུད་མོ་རྡོ་རྗེ་ཀུན་འགྲུབ་མ། །ཞིང་ཁམས་ཉུལ་ཞིང་མཁའ་འགྲོའི་ཚོགས་གྲལ་འགྲིམ། །དུར་ཁྲོད་ཉུལ་ཤིང་བམ་ཆེན་རོ་ལ་བཟའ། །འཇིག་རྟེན་ཉུལ་ཞིང་དམ་ཉམས་སྲོག་ལ་རྔམས། །རྡོ་རྗེ་ཕག་མོའི་ལས་མཁན་མ་ལ་བསྟོད། །རྣམ་ཐོས་སྲས་སོགས་ནོར་ལྷ་མཆེད་བརྒྱད་དང༌། །འབྲོག་གནས་ལ་སོགས་གནོད་སྦྱིན་བྱེ་བའི་ཚོགས། །དགོས་འདོད་རེ་སྐོང་ཡིད་བཞིན་ནོར་སྟེར་ཞིང༌། །སེམས་ཅན་དབུལ་སེལ་སྟོབས་ལྡན་ཚོགས་ལ་བསྟོད། །རྒྱལ་བ་གཉིས་པ་པདྨ་ཀཱ་ར་ཡིས། །ཞང་བློན་གནོད་སྦྱིན་རྡོ་རྗེ་བདུད་འདུལ་ཁྱོད། །གསོ་བ་རིག་པའི་གཏེར་གྱི་གཉེར་གཏད་ཅིང༌། །མ་འོངས་གསང་སྔགས་བསྟན་སྲུང་བསྐོས་པ་ལྟར། །ཐུགས་དམ་གཡེལ་བར་མ་མཛད་ཕྲིན་ལས་སྒྲུབས། །གསར་བྱུང་རྒྱལ་བསེན་འབྱུང་པོ་གདུག་པ་ཅན། །ཆེ་དགུའི་སྙིང་ཞུགས་བསྟན་སེལ་སྡེ་འཁྲུགས་སློང༌། །བར་མིའི་སྙིང་ཞུགས་མི་དགེའི་སྡིག་རྒྱུན་སྤེལ། །བུད་མེད་སྙིང་ཞུགས་མཐོང་ཐོས་སྡུག་ལ་སྦྱོར། །འདི་དག་རྡུལ་དུ་རློག་པར་མི་མཛད་དམ། །བླ་མ་ལ་སྡང་གསང་སྔགས་ཁྱད་དུ་གསོད། །དམ་ལྡན་མནར་ཞིང་དམ་མེད་མགོན་སྐྱབས་བྱེད། །དགེ་སྡིག་གོ་ལོག་ཉམ་ཆུང་སྡུག་ལ་སྦྱོར། །དམ་ཉམས་སྲོག་དབུགས་ལེན་པར་མ་ཆད་དམ། །ཁས་བླང་དུས་ལ་བབ་པོ་ས་མ་ཡཱ། །ལྔ་ཕྲག་ཐ་མའི་འགྲོ་བ་ལས་ངན་དབང༌། །འདུ་བ་རྣམས་བཞིའི་ནད་རིགས་རབ་སྡང་ཞིང༌། །གཉན་རིགས་གཟེར་ལྷོག་རིམས་ནད་ཆུ་ལྟར་འཁྲུགས། །ཁྱོད་ཀྱི་མཐུ་སྟོབས་ཤུགས་ཀྱིས་བཟླཽག་པ་དང༌། །གསོ་བའི་སྨན་ཀུན་ཐེངས་སོས་བདུད་རྩིར་སྒྱུར། །སྨན་དཔྱད་ལོག་པའི་ཉེས་པ་ཀུན་སོལ་ལ། །གཞན་ཕན་སེམས་ཀྱིས་གང་བསྒྲུབས་དགེ་ལེགས་སྤེལ། །ཨོ་རྒྱན་སྨན་བླའི་བསྟན་པ་དར་ཞིང་རྒྱས། །ཞི་རྒྱས་དབང་དང་དྲག་པོ་མངོན་སྤྱོད་ལས། །ཐུགས་དམ་བཞིན་ཏུ་ཕྲིན་ལས་མྱུར་འགྲུབ་མཛོད། «སྒྲུབ་པར་འདོད་ན་ཞལ་ལས་ཤེས། །གནོད་སྦྱིན་ཞང་བློན་ཆེན་པོ་ཡི། །མཆོད་སྒྲུབ་ཕྲིན་ལས་གློགས་ཞགས་འདི། །རང་སློབ་ཟུང་གིས་བསྐུལ་པའི་ཚེ། །ཁྲག་འཐུང་ལས་ཀྱི་དཔའ་བོ་ལ། །ཉམས་རྟོགས་རིག་པའི་རྩལ་འབར་ཞིང༌། །ཆོས་ཉིད་དག་པའི་སྣང་ངོར་ཤར། །འོད་ཟེར་མིང་གིས་ཡི་གེར་བཀོད། །བརྒྱུད་འཛིན་ལས་གཞན་ཁ་ཐམ་རྒྱ། འཁུ་ལྡོག་ཤིན་ཏུ་ཆེ་བར་སྣང༌། །ཞལ་དྲོ་བསྟན་པ་དར་བར་ཤོག །