DKYD-KABUM-07-JA-080

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཨཱྂ།ཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ བཀའ་སྲུང་དྲག་བསྐུལ་གནམ་ལྕགས་ཐོག་རྒོད་བཞུགས༔ དགྲ་བགེགས་འགུགས་བསྟིམ་དྲག་པོ་བྱས་ལ༔ ཡི་དམ་ཀྱི་ང་རྒྱལ་དང་ལྡན་པས་འདི་སྐད་དོཿ ཀྱཻཿ སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ༔ ཆོས་སྐྱོང་དམ་ཅན་གཉེར་འཛིན་ལས་མཛད་གསུམ༔ མ་གཡེལ་མ་གཡེལ་བདག་ལ་དགོངས་སུ་གསོལ༔ སྟོང་གསུམ་འཇིག་བརྟེན་ཁམས་ལ་དབང་སྒྱུར་བའི༔ དཔལ་མགོན་མ་མོ་གཟའ་བདུད་ར་ཧུ་ལ༔ སྐྱེ་རྒྱུད་བདག་པོ་འདོད་ཁམས་དབང་སྒྱུར་ཞིང༔ སྲས་མཆོག་མཐུ་ལྡན་སྲས་འཁོར་བཅས་པ་ཀུན༔ གཉན་ཆེན་ལ་སོགས་འཛམ་གླིང་ཟོ་དོར་གཉན༔ མཆོད་ཅིང་སྒྲུབ་པའི་རིག་འཛིན་རྣལ་འབྱོར་པས༔ ཕྲིན་ལས་གཉན་པོ་དྲག་ཏུ་བཅོལ་བ་ནི༔ དེང་དུས་ལྔ་ཕྲག་ཐ་མའི་འགྲོ་བ་རྣམསཿ ཉོན་མོངས་དུག་ལྔ་གདུག་སེམས་ཆུ་ལྟར་ཁོལ༔ སྐྱེ་འགྲོ་སྡུག་བསྔལ་དྲག་པོར་སྦྱར་བའི་ཚེ༔ བསམ་བཞིན་རྒྱལ་བ་དྲག་པོའི་སྐུར་བཞེངས་ལ༔ ཁྱེད་ཅག་གདུག་པ་འདུལ་བར་ཞལ་བཞེས་ལྟར༔ ཙོ་ར་གདུག་པའི་སེམས་ལྡན་དགྲ་སྡེའི་དཔུང༔ བསྟན་ལ་འཚེ་ཞིང་སེམས་ཅན་བདེ་སྐྱིད་འཕྲོག༔ སྟོང་ཉིད་བྱང་ཆུབ་སེམས་ལྡན་རྒྱུད་དཀྲུགས་ཤིང༔ དཀོན་མཆོག་དད་བཀུར་ཆོས་ལྡན་འཕྲོག་བཅོམ་བྱེད༔ འགྲོ་བ་ཉེས་མེད་སྡུག་བསྔལ་དྲག་པོར་སྦྱོར༔ རྒྱལ་བསེན་འབྱུང་པོའི་ཚོགས་ཀྱིས་རྒྱབ་སྐྱོར་ཞིང༔ གསང་སྔགས་ཆོས་ལ་ཡ་ག་སྒྲོགས་པའི་རྒྱུར༔ འགྱུར་འདི་ཡེ་ཤེས་སྤྱན་ཀྱིས་མི་གཟིགས་སམ༔ དེ་ཕྱིར་རང་རྒྱུད་དྲག་པོའི་སྐུར་བཞེངས་ལ༔ རྟག་ཏུ་སྙིང་རྗེ་ཁྲོས་པའི་ཞེ་སྡང་ལྡན༔ རྔམ་ཞིང་དཔའ་བའི་ལས་ལ་མ་ཞུམ་པར༔ བསྟན་ལ་སྡང་ཞིང་རྣལ་འབྱོར་བདག་རྒྱུད་དཀྲུགས༔ བུ་སློབ་ཡོན་བདག་བསྲུང་བར་གྱུར་ཀུན་ལ༔ འཚེ་བའི་སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ ཁྱད་པར་བསམ་ངན་སྦྱོར་རྩུབ་རྐུ་འཕྲོག་བཅོམ༔ མཚོན་ཆའི་འཕྲུལ་འཁོར་དམག་ཇག་འགྱེད་པ་ལ༔ བཀའ་ཡི་ཆད་པ་དྲག་པོས་ཚར་ཆོད་ཅིག༔ འདུན་བཤིག་ནང་འཁྲུགས་མི་འདོད་ཆར་ལྟར་ཕོབ༔ རང་དགྲ་རང་སློག་རང་མཚོན་རང་ལ་བརྡོགས༔ འདོད་དོན་ཤོག་སྐྱ་རླུང་གིས་གཏོར་བ་བཞིན༔ ལས་མྱུར་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ མདོར་ན་བདག་གི་བསྲུང་བྱར་གྱུར་པ་ཀུན༔ མཐུ་ལྡན་སྲུང་མའི་ཚོགས་ལ་གཉེར་དུ་གཏད༔ འབྱུང་བཞི་དགྲ་ཇག་ཆོམ་རྐུན་གནོད་པ་སྲུངས༔ རྣལ་འབྱོར་དམ་ཆོས་སྒྲུབ་པའི་བར་ཆད་སོལ༔ རྒྱལ་དབང་པདྨའི་རིང་ལུགས་སྔ་འགྱུར་སྡེའི༔ བསྟན་པ་ཕྱོགས་དུས་ཀུན་ཏུ་འཕེལ་རྒྱས་ཤིང༔ རྫོགས་ལྡན་གསར་བའི་བཀྲ་ཤིས་དགའ་སྟོན་སྩོལ༔ ཆོས་དབྱིངས་ཀློང་ལས་ཡེ་ཤེས་ལྔ་ལྡན་རྩལ༔ གདུག་པའི་གཤེད་དུ་དུག་ལྔ་རབ་འཁྲུགས་ཤིང༔ རྣོ་མྱུར་ཕ་ལམ་མཚོན་ཆའི་འཕྲུལ་འཁོར་རྒྱུར༔ མཐུ་ལྡན་དྲེགས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ དྲེགས་བྱེད་ཚོགས་ཀྱི་ལས་བསྐུལ་ཕྲིན་བཅོལ་འདི༔ དུས་བབ་ལྷ་ལྕམ་ཌཱཀྐིས་རྒྱུད་བསྐུལ་ཅིང༔ ཐོད་ཕྲེང་རིག་པ་ཡེ་ཤེས་ཀློང་སྒྲོམ་ནས༔ ཐོལ་བྱུང་མཁའ་འགྲོ་གསང་བའི་བརྡ་སྐད་སྒྲོགས༔ ཡི་གེ་པ་ནི་ཆོས་ཀྱི་བདག་པོ་སྟེ༔ ཐོགས་བཅས་དགྲ་བོའི་ཀླད་ཁྲག་འགེམས་པ་ཡིས༔ ཞོ་འཐུང་རུས་པའི་དགྲ་སྟྭར་འགྱུར་བར་ཤོག༔ འདི་ནི་བཀའ་གཉན་པས་གར་ཐོད་ཐོད་མི་བྱའོ་མཆན༔ ༼༈༽༔ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ དམ་ཅན་སྲུང་མའི་ཟ་ངུའི་གནད་བསྡུས་གཅིག་ཆོག་ཟབ་མོ་བཞུགསཿ ཨེ་མ་ཧོཿ སྐུ་གསུམ་མཆོག་གསུམ་རྩ་བ་གསུམ༔ དམ་ཅན་ཕོ་རྒྱུད་མོ་རྒྱུད་དང༔ མ་ནིང་སྲོག་བདག་བཤན་པ་དམར༔ པེ་ཧར་དགྲ་ལྷ་ཙིའུ་དམར༔ མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཚོགས༔ བཀའ་སྲུང་གཏེར་སྲུང་ལས་ཀྱི་ལྷ༔ བཀའ་དམ་གཉན་པོ་སྙན་གསོན་ལ༔ འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ བདག་ལ་དོ་བརྡོ་ཕོད་བཙུགས་པའི༔ སྔ་དགྲ་བྱས་དང་ཕྱི་དགྲ་ཤོམས༔ ད་དགྲ་ཐད་དུ་བཙུགས་པའི་དགྲ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གཏད༔ མི་ནོར་ཕྱུགས་དང་ལོ་ཏོག་ལ༔ དྲེགས་པ་སྡེ་བརྒྱད་ཟ་ངུ་གྱིས༔ དྲང་སྲོང་ཆེན་པོས་ཟ་ངུ་གྱིས༔ བདག་གིས་སྲུང་སྐུད་དམ་རྫས་དང༔ རྟེན་གསུམ་ལ་སོགས་འཆང་ན་ཡང༔ མི་སྲུན་གཤེད་དུ་འབབ་པར་མཛོད༔ སྲུང་མ་སེམས་ཀྱི་རྩལ་ཡིན་པས༔ མི་འདོད་དགྲ་ལ་ཟ་ངུ་གྱིས༔ ཟ་ངུའི་དམག་ཚོགས་ཚུར་མ་ལྡོག༔ འབྱུང་བའི་ཁམས་རྣམས་མ་ཟད་པར༔ དམ་བཅས་དགྲ་ལ་ཟ་ངུ་གྱིས༔ བསྒོས་པའི་དམ་ཚིག་དེ་དག་ལས༔ འདའ་ཞིང་གཡེལ་ན་ཁྲིམས་དང་འགལ༔ སྙིང་ཁྲག་ལྕགས་ཀྱི་སྡིག་པས་འདྲེན༔ མ་འདའ་བཛྲ་ས་མ་ཡཱ༔ ཨོཾ་བཛྲ་ཏི་ཀ་ནི་ཁྲོལ༔ མ་མ་རཀྨོ་ནི་ཁྲོལ༔ ཨ་བེ་ཤ་ཡ་ནི་ཁྲོལ༔ ཅེས་བརྒྱ་སྟོང་བཟླས་པ་ན༔ སྡེ་བརྒྱད་འཁུ་ལྡོག་རང་སར་དེངས༔ དམ་ཅན་སྲུང་མ་འགོ་བའི་ལྷ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ གཡེལ་བའི་ལྷ་རྣམས་སོ་རུ་ཆུད༔ མི་འདོད་དགྲ་ལ་རྟག་མཚན་མྱུར༔ ཨོ་རྒྱན་ཐུགས་ལ་བརྣགས་པའི་ཆོས༔ ལས་འཕྲོ་ཡོད་པའི་སྙིང་ལ་ཤར༔ བསྟན་འགྲོའི་གསོས་སུ་ཡིག་རིས་བཀོད༔ སྐལ་ལྡན་ཆོས་ཀྱི་བདག་པོ་ནི༔ སྤྲུལ་སྐུ་དྷརྨའི་མཚན་འཆང་བའི༔ སྐྱེས་མཆོག་དེ་ལ་གཏད་པའོ༔ བསྟན་པ་བསྲུང་བའི་ལྕགས་རིར་ཤོག༔ གུ་ཧྱཿ དྷ་ཐིམཿ ཤུབྷམ།