DKYD-KABUM-07-JA-078

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ འཁྲུགས་སྐོང་བདེ་ལེགས་ཀུན་འབྱུང་བཞུགས། ྅྅྅ «མ་འོངས་བསྐལ་པའི་ཐ་མ་ལཿ སེམས་ཅན་དུག་ལྔ་རགས་པའི་ཚེཿ དབྱིངས་ཀྱི་མ་མོ་མཁའ་འགྲོ་དང༔ དམ་ཅན་སྲུང་མ་འཁྲེན་ཞིང་འཁྲུགཿ དེ་ཚེ་མཁོན་པ་དྭངས་བྱེད་ཅིངཿ འཁྲུགས་པ་སྐོང་བའི་ཐབས་འདིར་འབོདཿ རི་རབ་བང་རིམ་བཞི་པའི་སྟེངཿ གཏོར་མ་ནོར་བུ་འབར་བའི་གཟུགསཿ དཀར་དམར་བཤོས་བུ་བརྒྱད་ཀྱིས་བསྐོརཿ བང་རིམ་དང་པོ་བྱ་རིགས་དང༔ གཉིས་པར་རི་དྭགས་སྣ་ཚོགས་པརཿ གསུམ་པར་གཡུང་དྭགས་བཞི་པ་རུཿ ཆུ་གནས་ཚོགས་ཀྱི་གཟུགས་བཀོད་ཅིངཿ དཀར་གསུམ་མངར་གསུམ་འབྲུ་སྨན་དངཿ ཟས་སྣས་བསྐོར་ཅིང་སྐྱེམས་ཕུད་བཤམསཿ རང་ཉིད་ཡི་དམ་ང་རྒྱལ་དངཿ སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབསཿ» ཀྱེཿ སྣང་ཞིང་སྲིད་པའི་འཇིག་རྟེན་ནཿ གཟུགས་སྒྲ་དྲི་རོ་རེག་བྱ་དངཿ དཔལ་ཡོན་ལོངས་སྤྱོད་ཕུན་ཚོགས་ཀུནཿ འབྱུང་གནས་ཡིད་བཞིན་ནོར་བུའི་གཏེར༔ འཛད་མེད་ནམ་མཁའི་གཏེར་མཛོད་དུཿ ཏིང་ངེ་འཛིན་གྱིས་བྱིན་བརླབས་པསཿ རྒྱལ་བ་རྒྱ་མཚོ་སྲས་དང་བཅསཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ འབུལ་ལོ་ཐུགས་དམ་དགྱེས་བསྐངས་ལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ སྣང་སྲིད་མ་མོའི་རང་བཞིན་ཏེཿ ཡུམ་ཆེན་འབྱུང་བ་ལྔ་ཡིས་བསྐྱེདཿ དེ་ཕྱིར་རྣལ་འབྱོར་སྒྲུབ་པ་པོའིཿ ལྟ་བ་གཡེངས་ཤིང་སྒོམ་པ་འཁྲུལཿ སྤྱོད་པ་སྤངས་བླང་རེ་དོགས་ཤོརཿ སེམས་ཅན་ཕ་མའི་རང་བཞིན་ལཿ ངན་སེམས་གནོད་པ་བསྐྱལ་བ་དངཿ སོ་ཐར་བྱང་སེམས་གསང་སྔགས་ཀྱིཿ སྡོམ་པ་རལ་ཞིང་བསླབ་པ་འཆལཿ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམསཿ ཚོགས་གཏོར་དུས་ཀྱི་མཆོད་པ་ཆགསཿ སྒོ་གསུམ་བག་མེད་དབང་གྱུར་ཅིངཿ རྡོ་རྗེ་སློབ་དཔོན་ཐུགས་དཀྲུག་ཅིངཿ མཆེད་ལྕམ་འཁྲུག་རྩོད་གསང་བཅུ་སྒྲོགསཿ མེད་པ་ཕྱལ་བ་གཅིག་པུ་དངཿ ལྷུན་གྲུབ་ཆིངས་བཞིའི་དོན་མ་རྟོགསཿ དུས་ངན་སྤྱོད་པ་ཤར་བའི་ཚེཿ མཁའ་འགྲོ་གཡེལ་ཞིང་མ་མོ་འཁྲུགསཿ ཕོ་རྒྱུད་འཁྲེན་ཞིང་མོ་རྒྱུད་གཤུངཿ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུཿ དེ་ཕྱིར་བདག་ཅག་སྒྲུབ་པ་པོའིཿ ཉམས་པ་གསོ་ཞིང་འགལ་བ་བཤགསཿ མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ༔ ཚོགས་གཏོར་དཀོར་ཆ་ལོངས་སྤྱོད་རྫས༔ མ་ཚང་མེད་པར་ལེགས་བཤམས་ནསཿ འབུལ་ལོ་དགྱེས་བཞེས་ཐུགས་དམ་བསྐངཿ རྩ་རླུང་ཐིག་ལེའི་ཕུང་བོའི་ཁམསཿ ཟག་མེད་བདེ་བ་སྐྱེད་བྱེད་ཅིངཿ གཟུང་འཛིན་སྤང་བའི་སྒྲ་གཅན་གྱིསཿ དུས་མེ་ཡེ་ཤེས་འཁོར་ལོ་ཆེཿ བདེ་ཆེན་ཡེ་ཤེས་འབྱུང་བའི་གནས༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐངཿ ཆོས་དབྱིངས་ཡེ་ཤེས་རྟོགས་པ་ཞིགཿ མེ་ལོང་ཡེ་ཤེས་སྙིང་རྗེའི་གདངསཿ མཉམ་ཉིད་ཡེ་ཤེས་འཁོར་འདས་བྲལཿ སོར་རྟོགས་ཡེ་ཤེས་འགྲོ་ཀུན་སྐྱོངཿ བྱ་གྲུབ་ཡེ་ཤེས་གཞི་ཐོག་གྲོལཿ ཡེ་གྲོལ་ཆོས་ཉིད་གཉུག་མའི་གཤིསཿ ཉམས་དང་བཤགས་པར་བྱ་བ་མེདཿ དེ་ཕྱིར་འགལ་འཁྲུལ་ཉམས་ཆགས་དངཿ སྲུང་མ་འཁྲེན་ཞིང་གཤུང་བ་ཀུནཿ ན་བུན་དབྱིངས་སུ་དྭངས་པ་བཞིནཿ ཆོས་ཉིད་སྟོང་པ་ཆེན་པོའི་དང༔ བྱང་ཞིང་དག་ནས་སོར་ཆུད་དེཿ ཚངས་པ་དོན་གྱི་དངོས་གྲུབ་སྩོལཿ སྲུང་མའི་གཙོ་བོའི་སྤྱི་བོ་རུཿ རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམཿ ཐུགས་ཀའི་འོད་ཀྱིས་འཁོར་བཅས་ཁྱབཿ མཁོན་སྦྱངས་སྡིག་སྒྲིབ་ཉེས་ལྟུང་དགཿ སྲུང་མ་འཁོར་བཅས་དགྱེས་པ་སྐྱེདཿ ཕྲིན་ལས་སྒྲུབ་པར་མཁས་བླང་བསམཿ «ཡི་གེ་བརྒྱ་བ་བདུན་ཕྲག་བཟླཿ འདི་ལ་འབད་པའི་རྣལ་འབྱོར་པརཿ སྲུང་མའི་འཁྲེན་རྔུར་མི་འབྱུང་ཞིངཿ རང་གཞན་བདེ་བའི་ལམ་ལ་འགོདཿ ནང་གདོན་བར་ཆད་ཀུན་ཞི་ཞིངཿ སྲུང་མ་བྲན་དུ་ཁོལ་བར་ངེསཿ དགྲ་ལ་རྦད་བསྐུལ་བྱས་ཟིན་ནསཿ སླར་ཡང་འབྲེལ་འདྲིས་སྲུང་སྐྱོབ་སོགསཿ བྱས་ཀྱང་སྐྱོན་གྱིས་མི་གོས་ཕྱིརཿ ཟ་ངུའི་གདམས་པ་འདི་ལྟ་སྟེཿ དམར་གཏོར་ཤ་ཁྲག་བརྒྱན་བ་སོགསཿ འགུག་གཞུག་དྲག་པོ་ལན་གསུམ་བྱཿ »ཧཱུྃ་བྷྱོཿ མ་གཅིག་ལྷ་མོ་དཔལ་ལྷ་མོཿ འདོད་པ་ཁམས་ཀྱི་དབང་ཕྱུག་མཿ ཕོ་རྒྱུད་ཀུནའདུས་མ་ནིང་ནགཿ གཟའ་རྒོད་དྲག་པོ་བསྟན་དགྲའི་གཤེདཿ རྡོར་ལེགས་བསྙོ་ཁ་ནག་པོ་ཆེཿ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དང༔ དྲེགས་པའི་སྡེ་དབོན་སུམ་ཅུའི་སྡེཿ དཔལ་མགོན་བདུན་ཅུ་རྩ་ལྔའི་ཚོགསཿ མགྱོགས་པ་ཞོན་ལ་རྣོ་མཚོན་བརྡོརཿ ཞེ་སྡང་ཕྱུང་ལ་ང་རྒྱལ་བསྐྱེདཿ གཏོར་མ་འདི་དང་དགྲ་བོ་གཉིསཿ མཉམ་པོར་བཞེས་ལ་མེད་པར་མཛོདཿ དགྲ་བོ་མི་ནོར་ལོངས་སྤྱོད་ཀུནཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོཿ སྲུང་མ་གཉན་པོ་འཁོར་བཅས་ཀྱིསཿ དཔལ་རྟགས་རྒྱལ་བའི་གནང་དུ་ལེནཿ དགྲ་ཤ་ཟོ་ཞིང་ཟ་ངུ་བྱེདཿ དགྲ་ཁྲག་འཐུང་ཞིང་ཟ་ངུ་བྱེདཿ དགྲ་སྙིང་ལེན་ཞིང་ཟ་ངུ་བྱེད༔ དགྲ་བོ་མི་ནོར་ཐམས་ཅད་ཀུནཿ འཁོར་དུ་བསྐོར་ཞིང་ཟ་ངུ་བྱེདཿ ཁ་ཡི་ཟས་ཟ་སྙིང་ནས་ངུཿ དགྲ་བོའི་ཁང་ཞིང་བང་མཛོད་ཀུནཿ སྲུང་མའི་ཚོགས་ཀྱིས་ལོངས་སུ་སྤྱོདཿ མངའ་ཐང་ལོངས་སྤྱོད་འཁོར་དང་བཅསཿ རྣལ་འབྱོར་བདག་གི་དངོས་གྲུབ་རྫསཿ སླར་ཡང་སྲུང་མའི་ཕྲིན་ལས་རྟགསཿ ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་ཞིངཿ རང་ལ་འཁྲེན་ངུར་མ་མཛད་པརཿ དགྲ་ལ་དུས་ཀྱི་རྟགས་མཚན་སྟོནཿ སྤྱང་ཀུས་རང་གི་ཤ་མི་ཟཿ སྲུང་མ་འཁྲེན་ཀྱང་ཚུར་མི་ལྡོགཿ ཕ་མ་འཁྲུགས་ཀྱང་བུར་མི་སྡིགཿ དེ་ཕྱིར་ས་མཚམས་མ་འཆུག་པར༔ ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ ཏྲག་རཀྴ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཕིལ་ཏི་ལ་མི་ལ་ཏྲུཾ་ཏྲུཾ་བྷྱོ་བྷྱོཿ ཐང་ལྷིང་བསྭོ་བསྭོཿ «ཁྲག་མཚོ་ཁོལ་མའི་རྒྱུད་ཀྱི་དོནཿ སྔགས་འདི་ཉེར་གཅིག་བཟླས་གྱུར་ནཿ སྲུང་མ་ཚུར་ལ་མི་ལྡོག་ཅིང༔ དགྲ་ནོར་ལོངས་སུ་སྤྱོད་བྱས་ཤིངཿ དགྲ་བོ་འཁོར་དུ་བསྐོར་ན་ཡངཿ རང་ལ་གནོད་པ་མི་འབྱུང་ཞིང༔ གནང་དུུ་ལོན་པར་ཐེ་ཚོམ་མེདཿ གསང་སྔགས་ཐབས་ལ་མཁས་པའི་ཕྱིརཿ ཐབས་མང་དཀའ་བ་མེད་པའོཿ བདག་འདྲ་ཨ་ཙར་དམར་པོ་ཡིསཿ མ་འོངས་བསྐལ་པའི་ཐ་མ་ལཿ ཡང་གསང་ཐུགས་ཐིག་ཆ་ལག་ཏུཿ གནད་ལས་གནད་དུ་བསྡུས་པ་སྟེཿ གསང་བའི་བརྡ་རིས་ངོས་སུ་ཕབཿ ལྷ་ལྕམ་སྤྲུལ་པའི་ཕྱག་ཆར་ཤོགཿ དམ་མེད་ལག་ཏུ་ཤོར་ར་རེཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ དམ་ཚིག་གི་རྒྱཿ ཁྲག་འཐུང་ལས་ཀྱི་དཔའ་བོས་ལྷ་ལྕམ་ཌཱཀྐཱི་མའི་བཀའ་ཁྲོལ་ལྟར་རྟ་ལོ་ཐ་སྐར་ཟླ་བའི་དམར་ཕྱོགས་ཀྱི་ཚེས་ལ་དག་པར་ཕབ་པའི་ཡི་གེ་འདུ་བྱེད་ཉེ་གནས་འོད་ཟེར་མིང་གིས་བགྱིས་པའོ།། །།