DKYD-KABUM-07-JA-041

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DKYD-KABUM-07-JA-041

ཊྃ། གཟའ་བདུད་གསང་སྒྲུབ་བཞུགས། །ཧྲཱི་སྲིན་པོའི་རྒྱལ་པོ་གཟའ་བདུད་རཱ་ཧུ་ལ། །གཟའ་བརྒྱད་གདོང་མོ་བཞི་དང་རྒྱུ་སྐར་ཚོགས། །དུས་གཉན་བརྒྱད་དུ་སྐྱེ་བའི་སྤྲུལ་པ་བདུན། །འཁོར་དང་བཅས་པ་མ་ལུས་ཐམས་ཅད་ཀུན། །རང་རང་སོ་སོའི་གནས་ནས་སྤྱན་འདྲེན་གཤེགས། །གྲུ་གསུམ་ཐིང་ནག་འབར་བའི་དཀྱིལ་འཁོར་ན། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །དགྱེས་པར་བཞུགས་ལ་ཕྱག་འཚལ་མཆོད་པ་འབུལ། །བསྟན་པ་སྲུང་ཕྱིར་གུས་པས་བསྟོད་པར་བགྱི། །ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་གཏོར་མ་དང༌། །བདུད་རྩི་སྨན་དང་དམར་ཆེན་རཀྟ་དང༌། །གཞན་ཡང་ཤ་སྣ་སྙིང་སྣ་ཁྲག་སྣ་དང༌། །ར་ཡི་ཤ་ཁྲག་དབང་པོ་རྣམས་ལྔ་སོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པའི་རྫས། །མི་ཟད་ནམ་མཁའ་མཛོད་དུ་བྱིན་བརླབས་ནས། །གཟའ་བདུད་ཆེན་པོ་འཁོར་དང་བཅས་ལ་འབུལ། །གསོལ་ཞིག་རོལ་གཅིག་ཐུགས་དམ་གཉན་པོ་བསྐང༌། །འགལ་འཁྲུལ་ཉམས་ཆགས་ཆོས་ཀྱི་དབྱིངས་སུ་བཤགས། །སྔོན་དུ་སངས་རྒྱས་རིན་ཆེན་སྙིང་པོ་དང༌། །བར་དུ་གསང་བའི་བདག་པོ་རྡོ་རྗེ་འཛིན། །ཐ་མ་སློབ་དཔོན་པདྨ་འབྱུང་གནས་སོགས། །རིག་འཛིན་བརྒྱུད་པའི་བཀའ་དང་དམ་ལ་དགོངས། །སངས་རྒྱས་བསྟན་པ་རིག་འཛིན་རྒྱས་པ་དང༌། །ཁྱད་པར་གསུམ་ལྡན་རྡོ་རྗེ་སློབ་དཔོན་གྱི། །སྐུ་ཚེ་མཛད་ཕྲིན་ཡར་ངོའི་ཟླ་བཞིན་སྤེལ། །གྲུབ་ཐོབ་བརྒྱུད་པའི་རི་སུལ་གང་དུ་ཆུག། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལམ་སྲོལ་ཚུགས། །སྨོན་ལམ་ལོགས་ཅིང་ཐུགས་རྒྱུད་དཀྲུག་པ་ཡི། །མི་དང་མི་མིན་ལོགས་འདྲེན་ཚོགས་ཀུན་དང༌། །དོ་བསྡོ་ཕོད་དུ་བཙུགས་པའི་དགྲ་བོ་རྣམས། །སྙིང་ཁྲག་དམར་པོ་ཁྱོད་ཀྱིས་ཐང་དུ་འཕོས། ལུས་དང་གྲིབ་བཞིན་མི་འབྲལ་འགྲོགས་ནས་ཀྱང༌། །ལས་བཞིའི་ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། རྒྱ་རྒྱ་རྒྱ་སྦས་རྒྱ་གསང་བའི་རྒྱ། སརྦ་མངྒ་ལཾ།