DKYD-KABUM-07-JA-034
྅྅྅ «དཔལ་མགོན་གཏོར་འབུལ་ནིཿ »ཧཱུྃཿ གཏུམ་ཆེན་རྔམ་པའི་དུད་ཁྲོད་ནསཿ ཧྱགྷྲྀ་ཝའི་ཕྲིན་ལས་གརཿ ཕོ་རྒྱུད་ཀུན་འདུས་མ་ནིང་ནགཿ མཐིང་ནག་དུག་ཆེན་ཧ་ལའི་མདོགཿ སྲིན་གདོང་བེར་ཆེན་དགུ་བརྩེགས་གསོལཿ གཡས་གཡོན་རུ་མཚོན་སྙིང་ཞགས་འཛིནཿ བིང་ཆེན་རྐེད་བཙུག་ལྷ་དམག་འགྱེདཿ མི་མགོ་སྙིང་ཕྲེང་རྒྱན་གྱིས་བརྒྱནཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལཿ དཔལ་མགོན་བདུན་ཅུ་ལྷ་དམག་བཅསཿ དམ་ཚིག་དགོངས་ལ་གནས་འདིར་གཤེགསཿ བཞུགས་གསོལ་ཕྱག་འཚལ་མཆོད་པ་འབུལཿ རྒྱན་ལྡན་བ་ལིང་རི་ལྟར་སྤུངསཿ སྨན་རཀ་དམ་ཚིག་གསང་བའི་རྫསཿ འབུལ་ལོ་དགྱེས་པར་བཞེས་སུ་གསོལཿ ཐུགས་དམ་བསྐངས་ལ་དངོས་གྲུབ་སྩོལཿ དམ་ཚིག་ཉམས་འགལ་རལ་བ་བཤགསཿ ནག་པོ་ཆེན་པོ་དམ་ཚིག་ཅནཿ སངས་རྒྱས་བསྟན་པའི་སྲོག་ཤིང་སྟེཿ འཁོར་འདས་ཀུན་ལ་དབང་སྒྱུར་བའིཿ མཐུ་ལྡན་ཁྱོད་ལ་བདག་བསྟོད་དོཿ རྡོ་རྗེ་འཆང་དང་ཧེ་རུ་ཀཿ བཅོམ་ལྡན་པདྨ་ཀ་ར་ཡིཿ སྤྱན་སྔར་ཇི་ལྟར་ཞལ་བཞེས་བཞིནཿ སངས་རྒྱས་བསྟན་པ་སྲུང་བ་དངཿ སྦྱོར་སྒྲོལ་གཉེར་ཁ་འཛིན་པ་དངཿ སློབ་དཔོན་སྐུ་ཚེ་བསྲིང་བ་དངཿ ཉམས་པའི་དགྲ་བགེགས་སྒྲོལ་བ་ཡིསཿ ཁས་བླངས་དམ་བཅས་དྲན་གྱིས་ལཿ བདག་དང་འབྲལ་མེད་འགྲོགས་ནས་ཀྱངཿ ས་དང་ལམ་གྱི་བར་ཆད་སོལཿ ལས་བཞི་ལྷུན་གྱིས་གྲུབ་པ་དངཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ