DKYD-KABUM-07-JA-031
འུྃཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ མ་མགོན་མཆོད་སྒྲུབ་རིམ་པ་བཞུགསཿ འུྃ༔ ཟགཧཁརྒཐཀཿ «དཔལ་ཆེན་ཧེ་རུ་ཀ་ལ་བདུདཿ སྔ་འགྱུར་བསྟན་པའི་བཀའ་སྲུང་ཆེཿ མ་མགོན་སྒྲུབ་ཅིང་མཆོད་པ་ཡིཿ ཉམས་སུ་ལེན་པའི་རིམ་པ་ནིཿ བྷ་ལིང་ཤ་ཁྲག་བརྒྱན་པ་དངཿ བདུད་རྩི་རཀྟ་ཕུད་བཤམས་ཏེཿ ཡིད་དམ་ལྷ་ཡི་ང་རྒྱལ་གྱིསཿ མཆོད་གཏོར་བྱིན་གྱིས་བརླབས་པ་ནིཿ »རྃ་ཡྃ་ཁྃཿ «ལན་གསུམཿ »རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་རླུང་ཆུས་མཆོད་གཏོར་གྱི་མ་དག་པ་བསྲེགས་གཏོར་བཀྲུསཿ སླར་ཡང་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ལ་རྣམ་པ་དམ་རྫས་འདོད་ཡོན་ལྔའི་སྤྲིན་ཕུང་འཕྲོ་བ་བར་སྣང་གང་བའི་རང་བཞིན་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་བདུན་བརྗོད་ཅིངཿ དེ་ནས་བསྐྱེད་ཅིང་སྤྱན་འདྲེན་ནིཿ »བྷྱོཿ རང་མདུན་ཁྲག་ཞག་རྒྱ་མཚོའི་དབུསཿ དྲག་པོའི་ཕོ་བྲང་འཇིགས་རུང་ནངཿ གདུག་པའི་དགྲ་བགེགས་བསྣོལ་བའི་སྟེངཿ མ་མོ་ཨེ་ཀ་ཙ་ཏི་མཿ སྐུ་མདོག་དམར་ནག་འཇིགས་རུང་གཟུགསཿ ཞལ་སྤྱན་རལ་པ་ཚེམ་ནུ་གཅིགཿ ཕྱག་གཉིས་གཡས་གཡོན་ཞིང་དབྱུག་དངཿ དགྲ་སྙིང་དྲོན་མོ་ཞལ་དུ་གསོལཿ ཞབས་གཅིག་གདུག་པའི་སྙིང་ཁར་གཟིརཿ མི་ལྤགས་རློན་པས་སྟོད་གཡོགས་དངཿ སྤྲིན་ནག་རླུང་འཚུབ་སྨད་དཀྲིས་ཅནཿ གཡས་སུ་དཔལ་མགོན་མ་ནིང་ནགཿ ཞལ་གཅིག་སྲིན་པོའི་གདོང་པ་ཅནཿ ཕྱག་གཡས་རུ་མཚོན་གཡོན་སྙིང་ཞགསཿ དར་ནག་འཇོལ་བེར་དགུ་བརྩེགས་གསོལཿ ཙནྡྷན་བིང་ཆེན་སྐེད་ལ་བཙུགཿ ལྷ་དམག་སྤྲུལ་པའི་ཕོ་ཉ་བགྱེདཿ ལྕམ་དྲལ་གཉིས་ཀྱི་བཀའ་འཁོར་དུཿ དཔལ་མགོན་བདུན་ཅུ་རྩ་ལྔ་དངཿ མ་མོ་ལྷ་མོའི་དམག་ཚོགས་བསྐོརཿ ལས་མཁན་ཤ་ཟ་སྐར་ལྟར་འཁྲུགསཿ འཁོར་དང་བཅས་པ་མ་ལུས་ཀུནཿ དམ་ཚིག་དབང་གིས་གནས་འདིར་གཤེགསཿ བཛྲ་ས་མ་ཡ་ཛཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོརཿ བརྩེ་བར་དགོངས་ལ་བཞུགས་སུ་གསོལཿ གདུང་བའི་ང་རོས་ཁྱོད་འབོད་ཅིངཿ གུས་པ་ཆེན་པོས་བརྡའ་ཕྱག་འཚལཿ པྲ་ཏི་ཙ་ཧོཿ བྷྱོཿ དཔལ་ལྡན་སྔགས་ཀྱི་སྲུང་མ་དངཿ མ་ནིང་ནག་པོ་འཁོར་བཅས་ལཿ ཕྱི་ནང་གསང་བའི་མཆོད་པ་དངཿ རྨད་དུ་བྱུང་བའི་དམ་རྫས་མཆོགཿ བྷ་ལིང་གཏོར་མ་རི་ལྟར་སྤུངསཿ བདུད་རྩི་སྨན་གྱི་མཆོད་པ་དངཿ རཀྟ་དམར་ཆེན་མཚོ་ལྟར་བསྐྱིལཿ གཞན་ཡང་དབང་པོ་དྲུག་གི་ཡུལཿ དགྱེས་དགུའི་ལོངས་སྤྱོད་དཔག་མེད་པཿ མ་ཚང་མེད་པར་ལེགས་བཀོད་དེཿ མཆོད་དོ་འབུལ་ལོ་དགྱེས་པར་རོལཿ སྔགས་སྲུང་ཆེན་མོའི་ཐུགས་དམ་བསྐངསཿ མ་ནིང་ནག་པོའི་ཐུགས་དམ་བསྐངསཿ འཁོར་དང་བཅས་པའི་ཐུགས་དམ་བསྐང་ཿ ཐུགས་དམ་བསྐངས་ལ་དངོས་གྲུབ་སྩོལཿ བྷྱོཿ ཀུན་བཟང་ཐུགས་སྤྲུལ་མ་ཆེན་མོཿ བསྟན་པའི་སྲུང་མ་ནག་པོ་ཆེཿ བཀའ་ཉན་ལས་མཛད་ཕོ་ཉའི་ཚོགསཿ སྐུ་གསུང་ཐུགས་ལ་བདག་བསྟོད་དོཿ སྔོན་ཚེ་རྡོ་རྗེ་འཆང་དབང་དངཿ གསང་བའི་བདག་པོ་གོས་སྔོན་འཆངཿ པདྨ་ཐོད་ཕྲེང་སྤྱན་སྔ་རུཿ ཇི་ལྟར་ཐུགས་དམ་ཞལ་བཞེས་བཞིནཿ སངས་རྒྱས་བསྟན་པ་བསྲུང་བ་དངཿ དཔལ་ལྡན་བླ་མའི་མཛད་ཕྲིན་སྤེལཿ ཁྱད་པར་སྔགས་འཆང་སྒྲུབ་པ་པོརཿ མ་གདུང་བུ་ལ་བརྩེ་བ་བཞིནཿ རྟག་ཏུ་མེལ་ཚེ་བྱ་ར་གྱིསཿ རུ་ང་ཕྲག་དོག་མ་མཛད་ཅིགཿ སྡང་བའི་དགྲ་དང་གནོད་པའི་བགེགསཿ མིང་གི་ལྷག་མ་མེད་པར་མཛོདཿ རྣམབཞིའི་ལས་ཀྱི་འབྲས་བུ་ཀུནཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ «བཀའ་ཡི་སྲུང་མ་གསང་བ་གཅིག་བརྒྱུད་ལུགསཿ མ་མགོན་མཆོད་ཐབས་ཐུགས་ཀྱི་སྙིང་ཁུ་འདིཿ དུས་མཐའི་གཏེར་སྟོན་ཁྲག་འཐུང་རྡོ་རྗེ་ཡིཿ དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའོཿ