DKYD-KABUM-07-JA-021
྅྅྅ ཤན་པ་དམར་ནག་གི་བསང་མཆོད། ཁྲག་འཐུང་ཧེ་རུ་ཀ་ལ་འདུད༔ བླ་རྫོགས་ཐུགས་གསུམ་ལས་མཁན་ཆེཿ དྲེགས་པའི་གཙོ་བོ་གནོད་སྦྱིན་གྱིསཿ བསང་དང་གསེར་སྐྱེམས་མཆོད་ཐབས་བསྟནཿ རཾ་ཡཾ་ཁཾཿ བསང་དང་གསེར་སྐྱེམས་མཆོད་པའི་ཚོགསཿ རོ་བརྒྱ་ནུས་པ་སྟོང་ལྡན་པའིཿ ཡེ་ཤེས་བདུད་རྩི་འདོད་ཡོན་ལྔསཿ སྤྲིན་ཕུང་འཕྲོ་བའི་རང་བཞིན་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམཿ ཀྱཻཿ རི་མཐོ་ས་གཙང་གངས་རི་གཉན་གྱི་ཡུལཿ སྤྲུལ་བསྒྱུར་རིན་ཆེན་འཕྲུལ་གྱི་གཞལ་ཡས་ནསཿ གནོད་སྦྱིན་མཐུ་ལྡན་དྲེགས་པ་ཡོངས་ཀྱི་གཙོཿ ཤན་པ་དམར་ནག་འཁོར་བཅས་གནས་འདིར་གཤེགསཿ ས་འཛིན་དགའ་མའི་ལྟོ་ལས་འཁྲུངས་པ་ཡིསཿ ཤིང་རྩི་སྨན་སྣ་ཟས་ཕུད་འབྲུ་སྣ་སྦྱརཿ དཀར་དམར་བསང་གསུར་དུད་པ་སྤྲིན་ལྟར་གཏིབཿ འབྲུ་བཅུད་རྩི་བཅུད་རྒྱ་ཇའི་སྐྱེམས་ཕུད་ཀྱིཿ གསེར་སྐྱེམས་གཡུ་སྐྱེམས་བཏུང་བ་མཚོ་ལྟར་བསྐྱིལཿ ཏིང་འཛིན་ནམ་མཁའ་མཛོད་དུ་བྱིན་རླབས་པསཿ བསང་ངོ་མཆོད་དོ་བརྔན་ནོ་ཐུགས་དམ་བསྐངཿ སྔོན་ཚེ་ཨ་སུ་ར་ཡི་བྲག་ཕུག་ནསཿ ཐུགས་དམ་ཞལ་བཞེས་དུས་ལ་མ་གཡེལ་བརཿ ཡང་གསང་བླ་རྫོགས་ཐུགས་གསུམ་བསྟན་པ་སྲུངསཿ སློབ་དཔོན་ཡབ་ཡུམ་སྐུ་ཚེ་མཛད་ཕྲིན་སྤེལཿ དམ་ལྡན་རིག་འཛིན་ཕོ་མོའི་སྡོང་གྲོགས་མཛོདཿ བདག་ཉིད་སྒྲུབ་པ་པོ་ལ་སྲུང་སྐྱོབས་མཛོདཿ སྨོན་ལམ་ལོག་པའི་དམ་ཉམས་བདུད་ཀྱི་སྡེཿ དགྲ་གདོན་འབྱུང་པོའི་སྲོག་ལ་ཧུར་ཐུམ་ཐོངསཿ ཤ་ཁྲག་གསོལ་ལ་གློ་སྙིང་དཔའ་རྟགས་ལོངསཿ མདོར་ན་དུས་གསུམ་ཀུན་ཏུ་ཐུགས་མ་གཡེལཿ བཀྲག་མདངས་གཟི་བརྗིད་བསྐྱེད་ལ་སྟོབས་རྩལ་ཕྱུངཿ ཕྱོགས་ལས་རྣམ་པར་རྒྱལ་ལོ་ལྷ་རྒྱལ་ལོཿ ཞེས་དྲག་རྩལ་རྣོ་མྱུར་ཐོག་དང་འདྲཿ གསང་བའི་བསྟན་སྲུང་ཆེན་པོ་ཡིཿ བསང་དང་མཆོད་པ་མཚོན་འཁོར་འདིཿ དགའ་རབ་དཔའ་བོས་སྨྲས་པ་བཞིནཿ རིག་པའི་ཡེ་ཤེས་མཆོག་གིས་བྲིསཿ མཐུ་སྟོབས་རྫུ་འཕྲུལ་ལྡན་པར་ཤོགཿ རང་གི་བརྒྱུད་འཛིན་བུ་དང་འདྲ་བ་ལསཿ གཞན་ལ་སྤེལ་ན་སྲོག་ལ་ཧུར་ཐུམ་འབྱུངཿ ས་མ་ཡཱ། རྒྱ་རྒྱ་རྒྱ། དགེའོ། །བཀྲ་ཤིས་པར་གྱུར་ཅིག་གུ། སརྦ་མངྒ་ལམཿ