DKYD-KABUM-07-JA-012

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །རཾ་ཡཾ་ཁཾཿ བསང་རྫས་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཀྱེ༔ གངས་རི་ས་གཙང་ཡུལ་ལྗོངས་ཉམས་དགའ་བརཿ རིན་ཆེན་འབར་བའི་གཞལ་ཡས་ཆེན་པོ་ནསཿ བཞུགས་པའི་ལྷ་ཆེན་དབང་ཕྱུག་འབར་བའི་སྲསཿ གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་མཐུ་བོ་ཆེཿ སྐུ་མདོག་སྨུག་ནག་ཤིན་ཏུ་འཇིགས་པའི་གཟུགསཿ ཕྱག་གཡས་བ་དན་ནམ་མཁའི་མཐོངས་སུ་ཕྱརཿ གཡོན་པས་རིན་ཆེན་གཏེར་གྱི་བུམ་པ་འཛིནཿ རྟ་དཀར་བཅིབས་ཤིང་སྟོང་གསུམ་སྐད་ཅིག་འཁོརཿ ལས་ལ་དབང་སྒྱུར་ཡུམ་ཆེན་མཛེས་ལྡན་མཿ གཡས་པས་རིན་པོ་ཆེ་ཡི་གཞོང་པ་ཐོགསཿ གཡོན་པས་འཆི་མེད་བདུད་རྩིའི་བུམ་པ་བསྣམསཿ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ལྟར་འབེབསཿ སྲས་པོ་རབ་མཛེས་འོད་ལྡན་གངས་རིའི་མདོགཿ གཡས་པའི་རལ་གྲིས་དགྲ་བོའི་སྲོག་ལ་རྔམསཿ གཡོན་གྱི་ཞགས་པས་དགྲ་བོའི་རྐེད་ནས་བཅིངཿ རྟ་མཆོག་ངང་དཀར་རླུང་གི་རྩལ་ལྡན་བཅིབསཿ གནོད་སྦྱིན་སྲས་མཆོག་དགྲ་ལྷའི་རྒྱལ་པོ་ནིཿ སྐུ་མདོག་སྔོན་པོ་བཻཌཱུརྱ་ཡི་མདོགཿ ཕྱག་གཡས་རྒྱལ་མཚན་གཡོན་པས་ནོར་བུ་འཛིནཿ རྫུ་འཕྲུལ་ཤུགས་ལྡན་སེང་གེ་དཀར་མོ་ཆིབཿ ནང་གི་བློན་པོ་གཉན་ཆེན་གཏུམ་པོ་རྩལཿ དོམ་ནག་བཅིབས་ཤིང་དགྲ་བོའི་སྲོག་ལ་རྔམསཿ ཕྱི་བློན་དྲེགས་པ་མཆེད་བརྒྱད་ལ་སོགས་པའིཿ འཁོར་དུ་ལྷ་ཀླུ་གཉན་གྱི་དམག་ཚོགས་བསྐོརཿ འཁོར་དང་བཅས་པ་གནས་འདིར་གཤེགས་ནས་ཀྱངཿ རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལཿ དྲི་ཞིམ་བསང་གི་དུད་པས་སྤྲིན་ཕུང་འཁྲིགསཿ ཟག་མེད་ཏིང་ངེ་འཛིན་གྱིས་བྱིན་རླབ་པསཿ འདོད་ཡོན་ལྔ་ལྡན་བསང་གི་མཆོད་པས་མཉེསཿ ས་དང་བར་སྣང་ནམ་མཁའ་ཀུན་ཁྱབ་འདིསཿ ལྷ་ཆེན་དབང་ཕྱུག་ཆེན་པོ་བསང་གྱུར་ཅིགཿ ཡུམ་ཆེན་ཨུ་མ་དྷེ་ཝ་བསང་གྱུར་ཅིགཿ གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་བསང་གྱུར་ཅིགཿ ཡུམ་མཆོག་མཛེས་ལྡན་ལྷ་མོ་བསང་གྱུར་ཅིགཿ སྲས་མཆོག་འོད་ལྡན་མཆེད་གཉིས་བསང་གྱུར་ཅིགཿ སྲས་མོ་འོད་མཛེས་ལྷ་མོ་བསང་གྱུར་ཅིགཿ ནང་བློན་གཉན་ཆེན་གཏུམ་པོ་བསང་གྱུར་ཅིགཿ ཕྱི་བློན་དྲེགས་པ་མཆེད་བརྒྱད་བསང་གྱུར་ཅིགཿ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་བསང་གྱུར་ཅིགཿ གསེར་སྐྱེམས་གཡུ་སྐྱེམས་མཆོད་པ་འདི་བཞེས་ལཿ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིསཿ ཆགས་ཆེ་ཉམ་ང་ནད་གདོན་བར་ཆད་དངཿ རྨི་ལྟས་མཚན་ངན་བྱད་ཕུར་དགྲ་ལ་བཟློགཿ རྣལ་འབྱོར་འདོད་པའི་དོན་ཀུན་འགྲུབ་པ་དངཿ བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱསཿ མི་མཐུན་རྐྱེན་རྣམས་ཐམས་ཅད་ཡོངས་བསལ་ནསཿ མཐུན་རྐྱེན་འབད་མེད་ལྷུན་གྱིས་འགྲུབ་པ་དངཿ ཅི་བསམ་མྱུར་དུ་སྒྲུབ་པའི་ཕྲིན་ལས་མཛོདཿ« ཅེས་པའང་དགྲ་ལྷའི་ལྷ་མཆོག་གནོད་སྦྱིན་རང་གི་གཟུགས་བསྟན་ཅིང་ཚེ་རབས་སྔོན་གྱི་ཐ་ཚིག་དུས་ལ་བབ་ཅིང་བྲོ་བོར་བའི་ཚེ་ཌཱཀྐི་ཏཱ་རེའི་མིང་འཛིན་བདག་གིས་ཐོལ་བྱུང་དུ་སྨྲས་པ་ལྟར་ཡི་གེ་པ་ནི་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོཿ