DKYD-KABUM-05-CA-033
༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་དཔུང་བཞུགས༔ ༄༅། «།ཀུན་བཟང་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོཿ དེ་ཡང་ལྷ་ལྕམ་བློ་གསལ་དབང་པོ་ལཿ བརྟེན་པའི་བླ་མའི་རྣལ་འབྱོར་འདི་ལྟར་བྱ༔» ཨེ་མ་ཧོ༔ རང་སྣང་རྣམ་དག་སྤྱི་བོའི་ནམ་མཁའ་ལ། དག་པའི་ཞིང་ཁམས་ངོ་མཚར་བཀོད་མཛེས་དབུསཿ སེང་ཁྲི་པད་མ་ཉི་ཟླ་བརྩེགས་པའི་སྟེང་ཿ བཀའ་དྲིན་གསུམ་ལྡན་བློ་གསལ་དབང་མོ་དང་༔ རྡོ་རྗེ་ཕག་མོ་དབྱེར་མེད་ཞི་འཛུམ་མདངས༔ སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པཿ མཉམ་བཞག་སྟེང་ན་བདུད་རྩིའི་བྷནྡྷ་བསྣམསཿ དབུ་སྐྲ་ཐོར་ཚུགས་ལྷག་མའི་སྐུ་རྒྱབ་ཁེབས༔ དར་དཔྱངས་སྟོད་གཡོག་སྨད་དཀྲིས་རུས་རྒྱན་གསོལཿ ཡེ་ཤེས་རང་མདངས་ཐུགས་རྗེས་འོད་ཟེར་འཕྲོསཿ ཞབས་གཉིས་ཐབས་ཤེས་སྐྱིལ་མོ་ཀྲུང་གིས་བཞུགསཿ རྒྱལ་ཀུན་འདུས་པའི་ངོ་བོར་གསལ་བ་ཡིཿ སྤྱན་ཟུང་འབྲུ་ཚུགས་བདག་ལ་བརྩེ་བས་གཟིགས༔ སྤྱི་བོར་རིགས་བདག་པདྨ་བཛྲ་དང་ཿ ཧེ་རུ་ཀ་དཔལ་ཡབ་དང་གཉིས་སུ་མེདཿ འཁོར་དུ་རིག་འཛིན་དཔའ་བོ་མཁའ་འགྲོ་དང་ཿ ཆོས་སྐྱོང་དམ་ཅན་སྲུང་མ་སྤྲིན་ལྟར་གཏིབསཿ «སྤྱན་འདྲེན་ཅིང་བཞུགས་སུ་གསོལ་བ་ནིཿ »རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡིས༔ རྩ་གསུམ་ཡེ་ཤེས་ལྷ་ཚོགས་གཤེགས་སུ་གསོལཿ བདག་ལ་ཐུགས་རྗེས་བརྩེ་བར་དགོངས་ནས་ཀྱང་ཿ བྱིན་གྱིས་རླབས་ཤིང་དགྱེས་པར་བཞུགས་སུ་གསོལཿ བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷནཿ «ཡན་ལག་བདུན་པ་ནིཿ» བླ་མ་ཡུམ་ཆེན་ལྷ་ལྕམ་སྤྲུལ་པའི་སྐུཿ བདག་ལུས་རྡུལ་སྙེད་གྲངས་ལྡན་གུས་ཕྱག་འཚལཿ ཀུན་བཟང་ཕྱི་ནང་གསང་བའི་མཆོད་པ་འབུལཿ ཚེ་རབས་ལས་ཀྱི་སྡིག་ལྟུང་མཐོལ་ལོ་བཤགསཿ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ བདག་གཞན་དགེ་ལ་རྗེས་སུ་ཡི་རང་ངོ་ཿ འགྲོ་བའི་དོན་དུ་ཆོས་འཁོར་བསྐོར་བར་བསྐུལཿ མ་ཁྱོད་མྱ་ངན་མི་འདའ་བཞུགས་གསོལ་འདེབསཿ མ་གྱུར་སེམས་ཅན་དོན་དུ་དགེ་བར་བསྔོཿ «དེ་ནས་གསོལ་བ་འདེབས་པ་ནིཿ» ཀྱེ་མ། བཀའ་དྲིན་འཁོར་མེད་རྗེ་བཙུན་མཿ དང་པོ་འཁོར་བའི་འདམ་ནས་དྲངསཿ བར་དུ་བསྐྱེད་རྫོགས་ལམ་ལ་བསླབཿ ཐ་མ་སྐྱེ་མེད་ཆོས་སྐུར་སྟོནཿ ཁྱེད་ལས་རེ་བ་གཞན་ན་མེདཿ བཀའ་དྲིན་དྲན་ཞིང་མཆི་མ་འཁྲུགསཿ སྙིང་ནས་གུས་པས་གསོལ་བ་འདེབསཿ ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེཿ བདག་ཅག་ལས་ངན་མཐུ་བཙན་པསཿ ད་དུང་གཟུང་འཛིན་འཆིང་བས་བཅིང་ཿ འཁྲི་བ་བཙན་ཐབས་མ་ཆོད་ནཿ བྱིན་རླབས་ཐུགས་ཀྱིས་དྲང་དུ་གསོལཿ བདེ་ཆེན་སྐུ་ཡི་དཀྱིལ་འཁོར་གྱིསཿ རྣལ་འབྱོར་ལུས་ལ་བྱིན་གྱིས་རློབསཿ ཚངས་དབྱངས་གསུང་གི་བདེན་ཚིག་མཐུསཿ སྒྲུབ་པོའི་ངང་ལ་བྱིན་ནུས་སྩོལཿ རྣམ་དག་ཐུགས་ཀྱི་ཡེ་ཤེས་གདངསཿ བུ་ཡི་ཡིད་ལ་རྟོགས་པ་བསྐྱེདཿ སྒོ་གསུམ་སྨིན་ཅིང་གྲོལ་བ་དང་ཿ ཐུགས་རྒྱུད་དགོངས་པ་འཕོ་བར་ཤོགཿ ཨོཾ་ཨཱཿགུ་རུ་ཛྙཱ་ན་ཌཱཀྐི་སིདྡྷི་ཧཱུཾ༔ «གསོལ་འདེབས་བསྙེན་པ་ཆུ་བོའི་རྒྱུན་བཞིན་འབདཿ མོས་གུས་ལྡན་ལ་བྱིན་རླབ་གློག་ལྟར་མྱུརཿ ཆོས་ཉིད་རང་ཞལ་མཇལ་བར་ཐེ་ཚོམ་མེདཿ ཐུན་མཐར་དབང་བཞི་ལེན་པ་འདི་ལྟར་བྱཿ »བླ་མའི་སྐུ་ལས་ལྔ་ལྡན་འོད་ཟེར་འཕྲོསཿ རང་གི་གནས་ལྔར་ཐིམ་པས་སྒྲིབ་བཞི་དགཿ དབང་བཞི་རྫོགས་ཤིང་རྡོ་རྗེ་བཞི་རུ་སྨིནཿ སྐུ་ལྔ་ལྷུན་གྲུབ་འབྲས་བཟང་མངོན་གྱུར་ཞིངཿ རང་ཉིད་འོད་དམར་ཐིག་ལེ་བྱ་སྒོང་ཙམཿ སྐར་མདའ་ཆད་བཞིན་བླ་མའི་ཐུགས་ཀར་འཕོསཿ མོས་གུས་སྟོབས་ཀྱིས་ཐུགས་ཡིད་གཅིག་ཏུ་འདྲེསཿ ཀ་དག་རིག་པ་བླ་མའི་ཞལ་མཐོང་ཤོགཿ «ཐུགས་ཡིད་བསྲེས་མཐར་ལྟ་བའི་ངང་གདང་སྐྱོང་ལ་བསྔོ་སྨོན་བྱ་བ་ནིཿ »དགེ་འདིས་ཕ་མར་གྱུར་པའི་མཁའ་མཉམ་འགྲོཿ འཁོར་བ་མཐའ་མེད་དག་མེའི་འོབ་ལས་ཐརཿ སྟོང་ཉིད་བྱང་ཆུབ་སེམས་ཀྱི་རྒྱུད་བརླན་ནསཿ བླ་མ་མཁའ་འགྲོའི་གོ་འཕང་ཐོབ་ཕྱིར་བསྔོཿ བདག་སོགས་འདིར་བཟུང་བྱང་ཆུབ་མ་ཐོབ་པརཿ མོས་གུས་འགྱུར་མེད་རྡོ་རྗེའི་གོ་བགོས་ནསཿ མཉེས་པ་གསུམ་གྱི་ཞབས་ཏོག་མཐའ་རུ་ཕྱིནཿ སེམས་ཅན་ཁམས་ཀྱི་འགྲོ་དོན་མ་རྫོགས་པརཿ བླ་མའི་ཞབས་ཏོག་ཕྲིན་ལས་ཕོ་ཉ་བཿ བྱང་ཆུབ་སེམས་ལྡན་བརྩོན་འགྲུས་དཔལ་གྱིས་ཕྱུགཿ ངལ་བ་ཁྱད་བསད་ལུས་སྲོག་འབེན་བཙུགས་ཏེཿ ཡུམ་ཆེན་ཐུགས་དགོངས་ཡོངས་སུ་རྫོགས་པར་ཤོགཿ མ་དག་གཟུང་དང་འཛིན་པའི་སྒྲོག་གྲོལ་ཅིང་ཿ འཁྲུལ་བ་རང་ཞིག་བག་ཆགས་ཟག་པ་ཟདཿ ཟག་བཅས་ཕུང་པོ་འོད་སྐུར་དེངས་ནས་ཀྱང་ཿ བླ་མ་ཡུམ་ཆེན་ཐུགས་དང་དབྱེར་མེད་ཤོགཿ «གུ་རུའི་གཟུང་མ་ལྷ་ལྕམ་མནྡ་རཿ སྤྲུལ་བསྒྱུར་འཁྲུལ་མེད་ཡེ་ཤེས་ཌཀྐཱི་ནཿ བསྐྱེད་རྫོགས་མཐར་ཕྱིན་ཆོས་ཀྱི་གསང་མཛོད་ལཿ དབང་བསྒྱུར་ལོ་གའི་བློ་ག་སལ་སྒྲོན་མེ་ལཿ བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབ་སྤྲིན། ཟོ་དོར་བཞག་བྲའི་སྲས་མོ་འོད་མཛེས་མསཿ ནན་གྱིས་བསྐུལ་དང་ཉེ་གནས་དད་དམ་ལྡནཿ འོད་གསལ་སྙིང་པོའི་གསོལ་བ་བཏབ་པའི་ངོརཿ གནས་ཆེན་རྒྱ་མོ་དམུ་རྡོའི་ལྟེ་བ་རུཿ ཁྲག་འཐུང་ལས་ཀྱི་རྡོ་རྗེས་སྤེལ་བའོ། །དགེའོ། །མཉམ་བཞག་ཏུ་ཆོས་ཐམས་ཅད་བདེན་པ་ནམ་ཀྱང་མོད། སྣང་བ་ཙམ་ཡང་མེད་པ་ནམ་མཁའི་དཀྱིལ་ལྟ་བུ། རྗེས་ཐོབ་ཏུ་སྣང་ཙམ་དུ་ཡོད་ཀྱང་མི་བདེན་པ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་རྟོག་པར་བྱའོ།། །།