DKYD-KABUM-05-CA-029

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། «།ཤེས་རབ་ལྷ་མོ་སྒྲུབ་པའི་ཐབསཿ དངོས་གྲུབ་འབྱུང་བའི་གཏེར་ཆེན་བཞུགསཿ སྒྲ་དབྱངས་དཔལ་གྱི་ལྷ་མོ་ལཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ བགྲངས་ཡས་བསྐལ་མང་སྔོན་རོལ་ནསཿ ཐུགས་བསྐྱེད་སྨོན་ལམ་རྣམ་དག་པའིཿ འགོར་བའི་དོན་དུ་རང་ཤར་བཿ ཤེས་རབ་ལྷ་མོ་སྒྲུབ་པའི་ཐབསཿ དངོས་གྲུབ་འབྱུང་བའི་གཏེར་ཆེན་པོཿ བསྟན་ནོ་གུས་པས་ཉམས་སུ་ལོངསཿ ཐོག་མར་གསོལ་འདེབས་སྐྱབས་སེམས་ནིཿ» ཀྱེཿ རང་སེམས་ཆོས་སྐུ་ངོ་སྤྲོད་པའིཿ བཀའ་དྲིན་གསུམ་ལྡན་བླ་མ་དང་ཿ དབྱེར་མེད་མགོན་པོ་འཇམ་དཔལ་དབྱངསཿ ཡི་དམ་སྒྲ་དབྱངས་ལྷ་མོ་ལཿ རྩེ་གཅིག་གུས་པས་གསོལ་བ་འདེབསཿ སྔོན་ནས་བསྒྲུབས་པའི་ཡི་དམ་ལྷཿ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངསཿ སྡུག་བསྔལ་འཁོར་བའི་ཁྲི་མུན་དུཿ ཚུད་པའི་འགྲོ་རྣམས་སྙིང་རེ་རྗེཿ ཀུན་ཀྱང་འཕགས་མའི་རྗེས་བཟུངས་ནསཿ ཡང་དག་ལམ་དུ་འགོད་པར་བྱཿ «དངོས་གཞི་ཉམས་སུུ་ལེན་པ་ནིཿ» རང་རིག་མ་བཅོས་སྐྱེ་བ་མེདཿ འགག་མེད་སྙིང་རྗེ་སྒྱུ་མར་ཤརཿ མི་གནས་རིག་པ་ཧྲཱིཿཡིག་དཀརཿ འཕྲོ་འདུས་ཡོངས་སུ་གྱུར་པ་ལསཿ རྣམ་པར་དག་པའི་ཞིང་གི་དབུསཿ རིན་ཆེན་ཆུ་སྐྱེས་ཟླ་བའི་ཁརཿ ཐུགས་རྗེས་ཀུན་སྐྱོང་དབྱངས་ཅན་མཿ སྐུ་མདོག་དཀར་ལ་དམར་བའི་མདངསཿ ལྷ་མོ་གཞོན་ཚུལ་མཛེས་འཛུམ་ཆགསཿ ནུ་འབུར་བྷ་ག་ལང་ཚོ་རྒྱསཿ ཞལ་གྱི་དཀྱིལ་འཁོར་ལྟ་ན་སྡུགཿ སྤྱན་ཟུང་ཆགས་པའི་ཟུར་མིག་གཡོཿ དབུ་སྐྲ་ཐོར་ཚུགས་ཕྱེད་འཕྱང་བརཿ དགོས་འདོད་ཀུན་འབྱུང་ནོར་བུ་དང་ཿ པཎྜ་རི་ཀས་དབུ་ལ་བརྒྱནཿ ཕྱག་གཉིས་སྒྲ་སྙན་འཁྲོལ་བ་ལསཿ སྣ་ཚོགས་བརྡ་བསྒྱུར་གླུ་དབྱངས་སྒྲོགསཿ ཞབས་གཉིས་ཙོག་པུར་སྒེག་ཚུལ་བཞུགསཿ ལེ་བརྒན་དར་གྱི་སྟོད་གཡོགས་དང་ཿ སྣ་ཚོགས་དར་གྱིས་སྨད་དཀྲིས་ཤིང་ཿ རིན་ཆེན་རྒྱན་ཆ་དུ་མས་སྤྲསཿ འོད་དང་འོད་ཟེར་དཔག་མེད་འཕྲོཿ སྤྱི་བོར་མགོན་པོ་འཇམ་དཔལ་དབྱངསཿ དཀར་གསལ་དུང་མདོག་ཆ་ལུགས་རྫོགས༔ རིགས་བདག་ཡབ་ཀྱི་ཚུལ་དུ་བཞུགསཿ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པསཿ འོ་མའི་རྒྱ་མཚོའི་ཟུར་འགྲམ་ནསཿ སྤྱན་དྲངས་ཆུ་ལ་ཆུ་བཞག་གྱུརཿ «སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་བཿ» ཧྲཱིཿ ཆུ་སྐྱེས་བཞད་པའི་ཞལ་སྐྱིན་ལསཿ ཚངས་དབྱངས་ཡན་ལག་དྲུག་ཅུ་སྒྲོགསཿ མོས་ལྡན་བརྩེ་བས་རྟག་ཏུ་སྐྱོངསཿ ཡིད་འཕྲོག་མ་ཁྱོད་མྱུར་དུ་གཤེགསཿ ཨོཾ་སྭ་ར་དེ་ཝི་ཧྱ་ཧི་བཛྲ་ས་མཱ་ཛཿ སྦྲང་ཆར་རྒྱ་མཚོར་ཐིམ་པ་བཞིནཿ དམ་ཚིག་པ་དང་དབྱེར་མེད་བཞུགསཿ ཆོས་དབྱིངས་ཀློང་དུ་མ་འདྲེས་པརཿ འདུ་འབྲལ་མེད་པར་ཕྱག་བགྱིའོཿ ཏིཥྛ་ལྷནཿ ན་མོ་ན་མ་ཧཱུྃཿ «མཆོད་པ་འབུལ་བ་ནིཿ» སྲིད་དང་ཞི་བར་ཡོངས་ཤར་བའིཿ མཛེས་པའི་གཟུགས་མཆོག་སྤྱན་ལ་འབུལཿ སྒྲ་སྙན་རོལ་མོ་སྙན་ལ་འབུལཿ དྲི་ཞིམ་སྣ་ཚོགས་ཤངས་ལ་འབུལཿ རོ་བཅུད་ཞལ་ཟས་ལྗགས་ལ་འབུལཿ སྨན་གྱི་དྲི་ཆབ་བྱུག་པར་འབུལཿ རེག་འཇམ་ན་བཟའ་སྐུ་ལ་འབུལཿ ཚོགས་རྫོགས་སྒྲིབ་པ་དག་པར་ཤོགཿ ཨོཾ་རཱུ་པ་ཤབྟ་གྷནྡྷེ་རཱ་ས་སྤརྴེ་སརྦ་པཱུ་ཙ་ཧོཿ «བསྟོད་ཅིང་ཐུགས་དམ་བསྐུལ་བ་ནིཿ »ཧྲཱིཿ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགསཿ སྤྲུལ་པའི་གར་བསྒྱུར་ཡིད་འཕྲོག་མཿ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནསཿ མི་འཇིག་རྡོ་རྗེའི་དཔའ་གདེངས་ཅནཿ དྲན་པ་ཙམ་གྱིས་དྲིན་གྱིས་རླབསཿ དབྱངས་ཅན་མ་ལ་བདག་བསྟོད་དོཿ སྔོན་ནས་བསྒྲུབས་ཤིང་ལྷག་པའི་ལྷཿ ད་ལྟ་འབྲས་བུའི་དུས་ལ་བབཿ ལྔ་བརྒྱ་དུས་ཀྱི་ཐ་མ་འདིརཿ ཁྱོད་ལས་གཞན་པའི་རེ་ས་མེདཿ དེ་ཕྱིར་ཐུགས་དམ་གནད་ནས་བསྐུལཿ སྣ་ཚོགས་གདུལ་བྱའི་དོན་སྤྱོད་ཅིང་ཿ ཆོས་དབྱིངས་ཀློང་དུ་བྱང་ཆུབ་ཀྱང་ཿ མཐུ་སྟོབས་ནུས་པའི་རྩལ་འབར་ཞིང་ཿ ཟག་པ་བག་ཆགས་ཡོངས་ཟད་ནསཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ མི་བརྗེད་གཟུངས་དང་ཤེས་རབ་སྟོབསཿ མ་བསླབ་ཆོས་ཀུན་བརྡ་གྲོལ་ཞིང་ཿ འཆི་མེད་ཚེ་ཡི་རིག་འཛིན་སྩོལཿ «བཟླས་པ་བྱ་བ་ནིཿ» ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པསཿ འོད་ཀྱིས་འཁོར་ལོ་སྤྱན་དྲངས་ཤིང་ཿ རང་གི་སྣ་བུག་གཡས་ནས་ཞུགསཿ ཙིཏྟ་འོད་ཀྱི་གོང་བུའི་དབུསཿ པདྨའི་ཟེའུ་འབྲུའི་སྟེང་དུ་བབཿ ཐུགས་སྲོག་ཧྲཱིཿཡིག་གཡོ་མེད་ལཿ སྔགས་ཀྱི་ཕྲེང་བ་གཡས་སུ་བཀོདཿ འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་དང་ཿ རྩ་གསུམ་རིག་འཛིན་འཕགས་པའི་ཚོགསཿ དཔའ་བོ་མཁའ་འགྲོའི་བྱིན་རླབས་བསྡུསཿ ལྷ་མིའི་དྲང་སྲོང་རིག་པ་འཛིནཿ ཚེ་བསོད་ཤེས་རབ་མཆོག་ལྡན་གྱིསཿ བྱིན་རླབས་དངོས་གྲུབ་བཅུད་དུ་དྲངསཿ འབྱུང་ལྔའི་བཅུད་དང་སྐྱེ་འགྲོ་ཡིཿ ཚེ་བསོད་བསྡུས་ཤིང་རང་ལ་ཐིམཿ སྙིང་དབུས་ཐུགས་སྲོག་ས་བོན་ལཿ བསྡུས་ཤིང་བཀྲག་མདངས་གཟི་བརྗིད་དངཿ མི་བརྗེད་གཟུངས་དང་ཤེས་རབ་མཆོགཿ མི་བརྗེད་སྤོབས་པ་ཚེ་བསོད་དཔལཿ རྒྱས་ཤིང་ཤེས་རབ་ལྷ་མོར་གྱུརཿ ཨོཾ་པྲཛྙཱ་དེ་ཝི་སུ་ཥ་སིདྡྷི་ཧྲིང་ཿ «རྩ་བའི་སྙིང་པོ་ཅི་ནུས་བཟླཿ ཡང་སྙིང་ཡིད་བཞིན་ནོར་བུ་ནིཿ »ཧྲིང་ཿ« དམིགས་གནད་ལྡན་པའི་ངང་ཉིད་ནསཿ ཐུགས་སྲོག་འབྲུ་གཅིག་འདི་བཟླས་ནཿ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ཏེཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུནཿ འབད་མེད་འགྲུབ་པར་གདོན་མི་ཟཿ དངོས་ཉམས་རྨི་ལམ་གང་ལ་ཡང་ཿ ཞལ་མཇལ་གསུང་ཐོས་ལུང་སྟོན་ཞིང་ཿ མ་བསླབ་ཆོས་ཀྱི་གསང་མཛོད་རྡོལཿ མངོན་པར་ཤེས་པ་ཡེ་ཤེས་སྤྱནཿ ཐོགས་མེད་རྫུ་འཕྲུལ་ཀུན་འགྲུབ་ཅིང་ཿ རྣམ་དག་ཞིང་གི་སྐྱེལ་མ་བྱེདཿ འདི་ནི་ཤིན་ཏུ་འགྲུབ་སླ་བའིཿ ཀུན་ལ་སྤེལ་བར་མི་བྱའོཿ ཡེ་ཤེས་མཁའ་འགྲོའི་བཀའ་རྒྱ་ཡོདཿ ཐུན་མཐར་འོ་ཆབ་དཀར་གསུམ་དང་ཿ མངར་གསུམ་འབྲུ་སྣ་མཆོད་གཏོར་བཤམསཿ »ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ «ཀྱིས་བསང་ཿ »ཨོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅ཧཾཿ «གིས་སྦྱང་ཿ» སྟོང་པའི་ངང་ལས་རིན་ཆེན་སྣོདཿ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུརཿ ཨོཾ་ཨཱཿཧཱུྃཿ «ལན་བདུན་དག་གིས་སྤེལ་བྱས་ལཿ »གཏོར་མ་བདུད་རྩིའི་རྒྱ་མཚོ་འདིཿ བླ་མ་མགོན་པོ་འཇམ་དཔལ་དབྱངསཿ ཤེས་རབ་ལྷ་མོ་དབྱངས་ཅན་མརཿ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་ཿ ཚེ་ཆོས་ཤེས་རབ་ལོངས་སྤྱོད་སྤེལཿ ཨོཾ་སྭཱ་ར་དེ་ཝི་ས་པཱ་རི་ཝ་ར་ཨེ་དཾ་བཱ་ལིདྷ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ «ལན་བདུནཿ »ཤེས་རབ་མཆོག་སྟེར་ལྷ་མོ་དང་ཿ ནོར་རྒྱུན་ཨཱརྱ་ཛམ་ལྷ་བཅསཿ བདུད་རྩིའི་གཏོར་མ་འདི་བཞེས་ལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ལྷ་མོ་ཁྱོད་ནི་དགའ་སྟེར་མཿ ཐུགས་རྗེ་ཕྲིན་ལས་གློག་ལྟར་མྱུརཿ སྐུ་གསུམ་ཞིང་གི་བྱིན་རླབས་སྡུདཿ ལྷ་མོ་སྙིང་ཉེ་མ་ལ་བསྟོདཿ ཁྱེད་ལ་ཁྲོ་བ་མི་མངའ་ཡང་ཿ གསང་སྔགས་དམ་ཚིག་ཉམས་པ་ཀུནཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ ཤེལ་སྒོང་བཞིན་དུ་དག་གྱུར་ཅིགཿ «ཡི་གེ་བརྒྱ་པ་དག་པར་བརྗོདཿ སྟོང་ཉིད་སྤྲོས་དང་བྲལ་བ་ལསཿ སྒྱུ་མ་ལྟ་བུའི་སྐུ་རུ་གསལཿ »དགེ་བ་འདི་ཡིས་མྱུར་དུ་བདགཿ དབྱངས་ཅན་ལྷ་མོ་འགྲུབ་གྱུར་ནསཿ རྟག་ཏུ་འདུ་འབྲལ་མེད་པ་དང་ཿ ཐུགས་ཀྱི་ཀློང་དུ་དབྱེར་མེད་ཤོགཿ «དགའ་རབ་དཔའ་བོའི་ཁྱད་ཆོས་ནོརཿ པདྨ་ཀཱ་རའི་ཐུགས་ཀྱི་བཅུདཿ མནྡཱ་ར་བའི་ལྷག་པའི་ལྷཿ ཤེལ་དཀར་མེ་ལོང་བརྡ་རིས་ལསཿ དག་པར་བསྡུས་ཤིང་གཏན་ལ་ཕབཿ བརྒྱུད་འཛིན་བུ་ལ་གཅིག་བརྒྱུད་རྒྱཿ ས་མ་ཡཱཿ གཏེར་རྒྱཿ སྦས་རྒྱཿ གསང་རྒྱཿ ཟབ་རྒྱཿ བདག་འདྲ་དུས་མཐའི་གཏེར་སྨོན་ཁྲག་འཐུང་དཔའ་བོས་ཆོས་བདག་ཌཱཀྐི་མས་བརྡ་ཁྲོལ་བ་ལྟར་དག་པར་ཕབ་པའི་ཡི་གེ་འདུ་བྱེད་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་གསང་བའི་སྡེ་ཚན་ནོ།། །།