DKYD-KABUM-05-CA-020
༄༅། །ཆོས་སྒྲུང་ནོར་བུའི་བང་མཛོད་ལས༔ སྒྲོལ་དཀར་སྒྲུབས་ཐབས་ཡིད་བཞིན་ཚེ་འཕེལ་འཁོར་ལོ་ཞེས་བྱ་བ་བཞུགསཿ ༄༅།« །ན་མོ་ཨཱརྱ་ཏཱ་རེ་ཡེཿ འགྲོ་ཀུན་སྲིད་པའི་མཚོ་ལས་ལེགས་སྒྲོལ་ཞིངཿ གཏན་བདེའི་བྱང་ཆུབ་བདེ་ཆེན་མཆོག་སྩོལ་མཿ ཚེ་དང་ཡེ་ཤེས་དབང་བསྒྱུར་ལྷག་པའི་ལྷ༔ གང་དག་དབྱེར་མེད་བླ་མས་ཤིས་པ་སྩོལ༔ གང་ཞིག་སྙིགས་མའི་དུས་འདིར་ཐུགས་བསྐྱེད་ཀྱི༔ ཤུགས་བཙན་མྱུར་མ་དཔའ་མོའི་ངང་ཚུལ་ཅན༔ འཇིགས་བརྒྱད་སེལ་ཞིང་ཚེ་ཡི་དངོས་གྲུབ་ཆེ༔ སྩོལ་མཛད་དེ་ཡི་བྱིན་རླབས་ཆོ་གའི་རིམ༔ མ་ནོར་ཉམས་སུ་ལེན་ཚུལ་རིམ་པ་ནི༔ སྟེགས་བུ་ཁེབ་ལྡན་འབྲུ་ཚོམས་བཀོད་པའི་སྟེང་༔ བུམ་པ་ཚད་ལྡན་ཁ་རྒྱན་མགུལ་ཆིང་དཀར༔ དྲི་བཟང་ཆུ་ཡིས་སུམ་གཉིས་བཀང་བ་དང་ཿ གཡས་སུ་ཚེ་གལ་རིལ་བུའི་བསྐོར་བ་དང་༔ གཡོན་དུ་བདུད་རྩི་སྨན་གྱིས་བྲན་པ་བཞག༔ མདུན་དུ་ཚེ་གཏོར་བུམ་པའི་གཟུགས་ཅན་དང་༔ རྒྱབ་ཏུ་ཚེ་མདའ་དར་སྣས་བརྒྱན་པ་བཤམས༔ ཕྱི་ནང་མཆོད་པ་མ་ཚང་མེད་པར་བཀོད༔ དེ་ནས་སྒྲུབ་པོའི་དད་དང་མོས་པའི་བློས༔ སྤྱོད་ལམ་ཁྲུས་དང་གཙང་སྦྲ་བྱས་ནས་ནི༔ སྦྱོར་བ་སྔོན་སོང་དངོས་གཞིའི་རིམ་པ་ལ༔ དེ་ལ་ཐོག་མར་སྐྱབས་སུ་འགྲོ་ཚུལ་ནི༔ »ན་མོ༔ གཏན་གྱི་སྐྱབས་གནས་བླ་མ་དཀོན་མཆོག་གསུམ༔ དབྱེར་མེད་རྗེ་བཙུན་ཨཱརྱ་ཏཱ་རེ་མར༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས༔ སྙིང་པོ་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ «གཉིས་པ་བྱང་ཆུབ་སེམས་མཆོག་བསྐྱེད་པ་ནི༔» ཧོ༔ མཁའ་མཉམ་འགྲོ་བ་སྲིད་མཚོ་ལས་སྒྲོལ་ཞིང༔ བདེ་ཆེན་འགྱུར་མེད་ས་ལ་འགོད་བྱས་ཕྱིར༔ རྒྱལ་ཡུམ་འཕགས་མ་མཆོག་དེ་བསྒྲུབས་ནས་ནི༔ འགྲོ་དོན་མ་ལུས་བྱེད་པར་སེམས་མཆོག་བསྐྱེད༔ «གསུམ་པ་ཡན་ལག་བདུན་པ་ནི༔» ཧོ༔ བདག་ལུས་ཞིང་རྡུལ་མཉམ་པ་ཡོངས་སྤྲུལ་ཏེ༔ སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས༔ སྡིག་ལྟུང་མི་དགེའི་ཚོགས་རྣམས་སྙིང་ནས་བཤགས༔ དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་༔ འགྲོ་ལ་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་ཡུན་དུ་བཞུགས་པར་གསོལ༔ དགེ་བ་རྫོགས་བྱང་ཐོབ་པའི་རྒྱུ་རུ་བསྔོ༔ «བཞི་པ་སྔོན་གཏོར་དཀར་བགེགས་བསྔོ་བ་སྟེ༔ དང་པོ་དཀར་གཏོར་བྱིན་གྱིས་བརླབས་ནས་སུ༔» ཧྲཱི༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་གཤིན་རྗེ་སོགས༔ དཀར་ཕྱོགས་སྐྱོང་བའི་མཐུ་དང་རྫུ་འཕྲུལ་ཅན༔ སྟོང་གསུམ་གཞི་བདག་མ་ལུས་འདིར་གཤེགས་ལ༔ གཙང་སྦྱར་གཏོར་མ་གསེར་སྐྱེམས་འདི་བཞེས་ཤིག༔ ཀོ་ལོང་རུ་ང་ཕྲག་དོགས་མ་མཛད་པར༔ བདག་གི་བསྒོ་བའི་བཀའ་ལ་ཉན་པར་བྱོས༔ སརྦ་ལོ་ཀ་པཱ་ལ་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི༔ «དེ་ནས་བགེགས་གཏོར་བྱིན་གྱིས་བརླབས་ནས་སུ༔ »ཧྲཱི༔ གསང་སྔགས་ཟབ་མོ་བལྟ་བར་མི་དབང་བའི༔ བགེགས་དང་ལོག་འདྲེན་འབྱུང་པོ་ཀུན་ཉོན་ཅིག༔ བདག་གིས་ཐར་བ་བྱང་ཆུབ་བསྒྲུབ་བྱའི་ཕྱིར༔ གསང་སྔགས་ཕྲིན་ལས་ཟབ་མོ་སྩོལ་བགྱིད་ན༔ གླུད་དང་ལན་ཆགས་གཏོར་མ་འདི་ལོངས་ལ༔ གནས་འདིར་མ་འདུག་ཨུ་ཙ་ཏ་ཡ་ཕཊ༔ «བདེན་སྟོབས་དྲག་སྔགས་དམོད་པས་རིང་དུ་བསྐྲད༔ ལྔ་པ་སྲུང་བའིའཁོར་ལོ་བསྒོམ་པ་ནི༔» ཧྲཱི༔ རང་རིག་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལས༔ སྣང་སྲིད་ཡོངས་གྲུབ་རྡོ་རྗེའི་ཆོས་བདུན་ངོར༔ གཟུང་འཛིན་མཚན་བཅས་རྒྱུ་བ་མིང་མེད་ན༔ བགེགས་དང་ལོག་འདྲེན་འབྱུང་པོ་ལྟ་ཅི་སྨོས༔ བཛྲ་རཀྵ་རཀྵ་ཀུ་རུ་བྷྲུཾཿ «དྲུག་པ་ཡེ་ཤེས་བྱིན་འབེབ་མོས་གདུང་བློའིཿ» ཧྲཱི༔ སྤྲོས་བྲལ་བདེ་ཆེན་འོད་མི་འགྱུར་བ་ནས༔ གདོད་མའི་སྟོང་ཆེན་ཀུན་ཏུ་བཟང་མོའི་གར༔ ངེས་པ་ལྔ་ལྡན་ལྷུན་གྲུབ་དག་པའི་ཞིང་༔ ལོངས་སྤྱོད་རྫོགས་སྐུ་བཛྲ་ཝཱ་ར་ཧི༔ གང་འདུལ་མ་ངེས་སྤྲུལ་པའི་རོལ་གར་ལས༔ ཚེ་དང་ཡེ་ཤེས་མཆོག་སྦྱིན་ཚེ་ཡི་ལྷ༔ ཨཱརྱ་ཏཱ་རེ་སྤྲུལ་དང་ཡང་སྤྲུལ་བཅས༔ ཉི་ཟེར་རྡུལ་ལྟར་འཁྲིགས་བཞིན་འདིར་སྤྱོན་ལཿ སྙིང་རྗེའི་རང་གདངས་སྣ་ཚོགས་སྒྱུ་འཕྲུལ་གར༔ རིན་ཆེན་དར་དཔྱངས་རྒྱན་ཆ་པུ་རུ་རུ༔ མ་དང་ཌཱཀྐིའི་གར་སྟབས་ཤིགས་སེ་ཤིག༔ རོལ་མོ་སིལ་སྙན་གླུ་ལེན་འུ་རུ་རུ༔ དྲི་ཞིམ་སྤོས་ཀྱི་ངད་པ་ཐུ་ལུ་ལུ༔ རྣལ་འབྱོར་ཉམས་ཀྱི་སྣང་བ་ཤག་མ་ཤིག༔ ཕྱི་སྣོད་ཡུམ་ལྔའི་ཞིང་དུ་ཏ་ལ་ལ༔ ནང་བཅུད་འོད་ལྔའི་ཕུང་པོར་ཡ་ལ་ལ༔ གསང་བ་མཉམ་ཉིད་ཀློང་དུ་ཆམས་སེ་ཆམ༔ སྲིད་གསུམ་སངས་རྒྱས་ཞིང་དུ་ཨ་ལ་ལ༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་ཌཱཀྐི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ༔ «ལྟ་བའི་ངར་བསྐྱེད་སྣང་བ་གཏད་མེད་བཏང་༔ བདུན་པ་མཆོད་རྫས་བྱིན་གྱིས་རློབས་པ་ནི༔ »ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་བཞིན༔ ཐམས་ཅད་ཟག་མེད་ཡེ་ཤེས་ཆེན་པོའི་རྒྱུན༔ སོ་སོར་གང་ལ་གང་འདོད་དགྱེས་སྐོང་བའི༔ འཛད་མེད་དཔལ་ཡོན་འཆར་བའི་རྫས་སུ་གྱུར༔ བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྷེ་ནཻ་ཝི་ཏྱ་ཤབྟ་སརྦ་པཉྩ་རཀྟ་བཱ་ལིངྟ་པཱུ་ཙ་ཧོ༔ «དེ་ནས་དངོས་གཞིའི་རིམ་པ་བསྒོམ་པ་ལ༔ དང་པོ་རྟེན་དང་བརྟེན་པ་བསྐྱེད་པ་ནི༔» ཨཱ༔ སྟོང་ཆེན་རྡོ་རྗེ་བཙུན་མོའི་བྷ་གའི་དབྱིངས༔ རྣམ་ཐར་གསུམ་ལྡན་དོན་གྱི་འོག་མིན་དབྱིངསཿ རྣམ་པ་གཡུ་ལོ་བཀོད་པའི་ཞིང་ཁམས་ནི༔ བཀོད་པ་ཕུན་ཚོགས་བལྟ་ན་སྡུག་པའི་རྒྱན༔ ཞིང་ཁམས་རྒྱ་ཁྱོན་ཐ་གྲུ་ཡངས་པའི་དབུས༔ སྣ་ཚོགས་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་༔ ཚེ་དང་ཡེ་ཤེས་མཆོག་སྦྱིན་ཏཱ་རེ་མ༔ སྐུ་མདོག་དཀར་གསལ་འོད་ཕུང་གཟི་བརྗིད་ལྡན༔ མཛེས་འཛུམ་ཤིན་ཏུ་ཆགས་པའི་ཉམས་འབར་སྐུར༔ སེམས་ཅན་ཀུན་ལ་གཟིགས་པའི་སྤྱན་བདུན་ལྡན༔ དར་དང་རིན་ཆེན་རྒྱན་གྱིས་རྣམ་པར་ཀླུབས༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་འགྲོ་བ་འདྲེན༔ གཡོན་ཕྱག་ཚེ་བུམ་བདུད་རྩིའི་གང་བ་བསྣམས༔ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ རབ་གསལ་བཅོ་ལྔའི་ཟླ་བའི་རྒྱབ་ཡོལ་མཛེས༔ གཟི་བྱིན་མཚུངས་པ་མེད་པར་ལམ་གྱིས་གསལ༔ སྤྱི་བོར་རིགས་བདག་ཨ་མི་དྷེ་ཝས་སྤྲས༔ ཕྱོགས་བཞིར་ཞི་རྒྱས་དབང་དྲག་ལས་མཛད་པའི༔ ཌཱཀྐི་རིགས་བཞི་སྔོ་དང་སེར་དམར་ལྗང་༔ ཐམས་ཅད་ཕྱག་གཡས་མདའ་དར་སྣ་ལྔ་དང་༔ གཡོན་པས་བུམ་པ་བདུད་རྩིའི་གང་བ་བསྣམས༔ དར་དང་རིན་ཆེན་རུས་རྒྱན་སྣ་ཚོགས་གསོལ༔ ཞབས་གཉིས་གར་སྟབས་མཛེས་པའི་ཉམས་དང་བཅས༔ ས་གསུམ་ཚེ་གཡང་དངོས་གྲུབ་བྱིན་རླབས་ཀུན༔ ན་བུན་རླུང་གིས་བསྐྱོད་པ་ཇི་བཞིན་དུ༔ རང་དང་བསྒྲུབ་རྫས་རྣམས་ལ་ཐིམ་པར་དམིགས༔ ས་གསུམ་མཁའ་འགྲོ་ཉི་ཟེར་རྡུལ་འཁྲིགས་བཞིན༔ དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི༔ གནས་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ནི༔ ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་རྣམ་པར་བསྒོམ༔ དེ་ལས་འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔ སྤྲུལ་པའི་ཞིང་ཁམས་གཡུ་ལོ་བཀོད་པ་ནས༔ སྤྱན་དྲངས་གནས་འདིར་བཛྲ་ས་མ་ཡ༔ «གཉིས་པ་སྤྱན་འདྲེན་སྤོས་བསྲེག་ཌ་དྲིལ་བཅས༔ »ཧྲཱི༔ འོག་མིན་ཆོས་དབྱིངས་དབུས་མཐའ་བྲལ་བ་ནས༔ བསྐྱོད་དང་བསྐྱོད་པར་བྱ་བ་མི་དམིགས་ཀྱང་༔ གཉིས་སུ་འཛིན་པའི་སྣང་ཞེན་བཤིག་བྱའི་ཕྱིརཿ སྤྲིན་གྱི་ལྕུགས་མའི་ཚུལ་བཞིན་གནས་འདིར་གཤེགས༔ རང་སྣང་སྤྲུལ་པའི་ཞིང་ཁམས་ཆེན་པོ་ནས༔ གཙོ་དང་འཁོར་གྱི་རྣམ་པ་ཐ་དད་ལྟར༔ ཡེ་ཤེས་རོལ་པ་ཆེན་པོའི་རང་བཞིན་གྱིས༔ སྤྲུལ་པ་ཡང་སྤྲུལ་འཁོར་བཅས་གཤེགས་སུ་གསོལ༔ ཀྱེ་ཧོ༔ ལྔ་བརྒྱའི་འགྲོ་བ་ཉམ་ཐག་གྱུར་པ་ལ༔ ཐུགས་རྗེ་ཆེན་པོའི་རོལ་པའི་སྒྱུ་འཕྲུལ་གར༔ མཚན་དཔེ་སྒྱུ་མ་བཞིན་དུ་སྟོན་པས་ན༔ མ་ཅིག་བརྩེ་བ་ཆེན་པོའི་གཤེགས་སུ་གསོལ༔ གནས་འདིར་སྒྲུབ་པ་པོ་ཡི་གང་ཟག་ལ༔ འཆི་མེད་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ནད་མེད་ལང་ཚོ་རྒྱས་ཕྱིར་གཤེགས་སུ་གསོལ༔ བདེ་སྟོང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ འཇའ་ལུས་འོད་སྐུར་འགྲུབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནི་སརྦ་ས་མ་ཡ་ཛ་ཛ༔ «གསུམ་པ་བཞུགས་སུ་གསོལ་བའི་རིམ་པ་ནི༔ »ཧོ༔ རང་བཞིན་ཏིང་ངེ་འཛིན་གྱིས་སྤྲུལ་པའི་གར༔ གཞལ་ཡས་ཞིང་ཁམས་པདྨ་ཉི་ཟླའི་གདན༔ དམ་ཚིག་སེམས་དཔའ་འཁོར་དང་བཅས་པ་ལ༔ ཡེ་ཤེས་སེམས་དཔའ་ཆུ་ལ་ཆུ་བཞག་བཞིན༔ དབྱེར་མེད་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡཱ་ཏིཥྛ་ལྷན༔ «བཞི་པ་དགའ་གུས་དད་ཕྱག་འཚལ་བ་ནི༔ »ཧོ༔ རང་དང་ཡེ་ཤེས་སོ་སོར་མ་ཡིན་ཀྱང་༔ གཉིས་སུ་འཛིན་པའི་རྟོག་པ་བཤིག་པའི་ཕྱིར༔ ཡེ་ནས་འདུ་འབྲལ་མེད་པའི་དམ་ཚིག་གིས༔ གཉིས་མེད་དོན་དམ་རྟོགས་པས་ཕྱག་བགྱིའོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ «ལྔ་པ་ཕྱི་ནང་མཆོད་པ་འབུལ་བ་ནི༔» ཨོཾ་ཨཱ་ཧཱུཾཿ ཕྱི་མཆོད་འདོད་ཡོན་རྣམ་ལྔ་ལྷུན་གྱིས་གྲུབ༔ ནང་མཆོད་ཐབས་ཤེས་ཟུང་འཇུག་སྨན་གཏོར་རཀ༔ གསང་བ་སྦྱོར་སྒྲོལ་དགའ་བཞིའི་རོལ་རྩལ་གྱིས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད་གྱུར་ཅིག༔ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤབྟ་སརྦ་པཉྩ་རཀྟ་བ་ལིངྟ་ཏ་ན་ག་ན་མ་ཧཱ་སུ་ཁ་པུ་ཙ་ཨ་ཧཱུཾ༔« དྲུག་པ་བསྟོད་ཅིང་བཤགས་པ་བྱ་བ་ནི༔ »ཧྲཱི༔ བཅུ་དྲུག་ཉམས་ཀྱི་འཇོ་སྒེག་དཔལ་སྦྱིན་མ༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་མཚན་དཔེའི་གར༔ སྲིད་ཞིའི་རྒུད་པ་སེལ་བའི་འཕགས་མ་ཆེ༔ གཞོམ་བྲལ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཟབ་རྒྱས་ཆོས་ཀྱི་འགྲོ་རྣམས་ངལ་གསོ་སྦྱིན༔ ཐོས་པ་ཙམ་གྱིས་ངན་འགྲོའི་གཡང་ལས་སྐྱོབས༔ མྱུར་མ་དཔའ་བའི་དབྱངས་ལྡན་འགྲོ་བའི་མ༔ འགགས་མེད་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཟབ་ཞི་སྤྲོས་བྲལ་ནམ་མཁའི་ཐུགས་དང་ལྡན༔ གཏད་པ་ཙམ་གྱིས་འགྲོ་ཁམས་ཡུད་ཀྱིས་སྒྲོལཿ ཀུན་ཁྱབ་ཟུང་འཇུག་ན་དཱ་དམིགས་མེད་པ༔ འཁྲུལ་མེད་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ འབད་མེད་རེ་བ་ཡིད་བཞིན་སྐོང་མཛད་ཅིང་༔ སྐད་ཅིག་གཅིག་གིས་ཐུགས་བསྐྱེད་ཡོན་ཏན་གྱིས༔ འགྲོ་ཁམས་མ་ལུས་སྟོང་པར་མཛད་པ་མོ༔ དཔལ་ལྡན་ཡོན་ཏན་རྒྱ་མཚོར་ཕྱག་འཚལ་བསྟོད༔ ཕྲིན་ལས་གསང་བའི་རོལ་གར་སྣ་ཚོགས་ཀྱིས༔ སྲིད་ཁམས་སྡུག་བསྔལ་བདེ་བར་བསྒྱུར་མཛད་པའི༔ གང་འདུལ་སྒྱུ་འཕྲུལ་དཔག་ཡས་སྟོན་པ་མོ༔ སྣ་ཚོགས་ཕྲིན་ལས་བསྒྱུར་མཛད་མ་ལ་བསྟོད༔ ཀྱེ་ཧོ༔ བདག་ནི་མ་རིག་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་གྱུར་བས༔ མ་ཤེས་འཁྲུལ་བའི་དབང་དུ་གྱུར་ལགས་ན༔ ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུུ་གསོལ༔« ཡི་གེ་བརྒྱ་བ་ཅི་ནུས་བཟླ་བར་བྱ༔ བདུན་པ་ཏིང་འཛིན་འཛབ་སྔགས་བཟླ་བ་ནི༔ »རང་གི་ཐུགས་ཀར་པདྨ་ཟླ་བའི་སྟེང་༔ ཧྲཱི༔ཡིག་དཀར་པོའི་མཐའ་མར་སྔགས་ཕྲེང་གིས༔ བསྐོར་བ་དེ་ལས་འོད་ཟེར་འཕྲོས་པ་ཡིས༔ རྩ་གསུམ་རིག་འཛིན་རྒྱ་མཚོའི་བྱིན་རླབས་དང་༔ བརྟན་གཡོས་ལྷ་ཀླུ་དྲང་སྲོང་མིའམ་ཅི༔ བསྐལ་བར་གནས་པའི་ཚེ་བཅུད་ཀུན་བསྡུས་ཏེ༔ འོད་ཟེར་ཚུལ་དུ་བསྡུས་ནས་ཐུགས་ཀར་ཐིམ༔ རྒས་མེད་ལང་ཚོ་འགྱུར་བ་མེད་པའི་སྲོག༔ འཆི་མེད་ཚེ་ཡི་དཔལ་ལ་སྤྱོད་པར་དམིགས༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུར་ཚེ་བྷྲུཾ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧོ༔ «ཞེས་བཟླ་རིག་འཛིན་གནད་ཀྱི་འཛིན་ཕུར་གདབ༔ ཡང་ཅིག་དམིགས་པའི་འཁྲུལ་འཁོར་བྱ་བ་ནི༔ »རང་གི་ཐུགས་ལས་འཆི་མེད་བདེ་སྟེར་མཿ དམར་གསལ་རྒྱན་མེད་མདའ་དར་ཚེ་བུམ་འཛིན༔ ཏལ་གྱིས་ཐོན་ཞིང་དེ་ལས་དེ་འདྲ་བའི་༔ གྲངས་མེད་འཕྲོས་ནས་ས་གསུམ་གནས་གང་ཞིག་༔ ཧྲཱིཿདང་ཕེམ་ཕེམ་སྒྲ་སྒྲོགས་བརྟུལ་ཞུགས་གར༔ འཕར་སྐྱོད་གཡོ་བས་སྣང་སྲིད་འོད་དུ་ཞུ༔ ཚེ་གཡང་ངོ་བོ་བཅུད་དུ་འཁྱིལ་བ་དེ༔ མདའ་དར་གྱིས་བསྡུས་ཚེ་བུམ་ནང་དུ་བསྐྱིལ༔ དེ་ཡང་གཅིག་ལ་གཅིག་ཐིམ་ཌཱཀྐིའི་སྐུ༔ སྔར་བཞིན་བཀྲག་མདངས་ལྡན་པ་ཐུགས་ཀར་ཐིམ༔ དཀྱིལ་འཁོར་ལྷ་ཚོགས་གཟི་བརྗིད་འོད་བཀྲག་འབརཿ མི་ཤིགསརྡོ་རྗེའི་སྲོག་ལ་དབང་ཐོབ་དམིགས༔ «རླུང་བཟུང་སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ གསང་བའི་ཡང་སྙིང་འབྲུ་གཅིག་དག་ལ་གཟབ༔ ཐུན་མཐར་མདའ་དར་ཚད་བཞག་གདུང་ཤུགས་བསྐྱེད༔» ཧྲཱི༔ དབུས་ཕྱོགས་གཡོ་བ་མེད་པའི་ཞིང་ཁམས་ནས༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ དཀར་མོ་འབུམ་ཕྲག་གཡོ་བའི་ཌཱཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱ༔ ཤར་ཕྱོགས་མེ་ལོང་ཡེ་ཤེས་ཞིང་ཁམས་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ སྔོན་མོ་འབུམ་ཕྲག་གཡོ་བའི་ཌཱཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ ཎི༔ ནུབ་ཕྱོགས་སོར་རྟོགས་ཡེ་ཤེས་ཞིང་ཁམས་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ དམར་མོ་འབུམ་ཕྲག་གཡོ་བའི་ཌཱཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ ས༔ བྱང་ཕྱོགས་བྱ་གྲུབ་ཡེ་ཤེས་ཞིང་ཁམས་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ ལྗང་མོ་འབུམ་ཕྲག་གཡོ་བའི་ཌཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ༔ མི་ཤིགས་རྡོ་རྗེ་ཚེ་ཡི་དངོས་གྲུབ་དེ༔ རང་རིག་རྡོ་རྗེའི་ཁམས་སུ་ལྷུན་གྲུབ་པའི༔ གཡུང་དྲུང་རྟག་བརྟན་འདུས་མ་བྱས་པའི་ཁམས༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་གཟིགས་ཡུལ་བྲལ༔ བཛྲ་ཀཱ་ཝ་ཙི་རཀྵ་ཀུ་རུ་བྷྲཱུཾ༔ «ཏིང་འཛིན་གནད་ཀྱིས་རྡོ་རྗེའི་ཚེ་མཆོག་སྦ༔ ཐུགས་རྗེ་ལྡན་པའི་སློབ་དཔོན་གང་ཞིག་གིས༔ མོས་གུས་ལྡན་པའི་རྡོ་རྗེའི་སློབ་མ་ལ༔ བརྩེ་སྒྲུབ་ཚེ་དབང་འདི་བྱས་འཆི་ན་བསླུ༔ ཚེ་ཟད་གྱུར་ཀྱང་ལོ་བདུན་ཚེ་བསྲིང་ནས༔ དུས་མིན་འཆི་བ་བཟློག་པར་ཐེ་ཚོམ་མེད༔ དེ་ཕྱིར་ཉམས་སུ་ལོངས་དང་རྟགས་མཚན་གསལ༴ ས་མ་ཡཱཿ རྗེས་སུ་ཚོགས་ཀྱི་རིམ་པ་བྱེད་པ་ནི༔ ཚོགས་རྫས་ཐབས་ཤེས་རྫས་རྣམས་འདུ་བགྱིས་དེ༔ དང་པོ་བྱིན་གྱིས་བརླབས་པའི་རིམ་པ་ནི༔ »ཧྲཱི༔ བདག་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལས༔ འོད་ཟེར་ཚུལ་གྱིས་ཡི་གེ་རཾ་ཡཾ་ཁཾ༔ འཕྲོས་པས་ཡེ་ཤེས་མེ་རླུང་ཆུར་གྱུར་ནས༔ ཚོགས་རྫས་ཉེས་སྐྱོན་དྲི་མ་བསྲེགས་གཏོར་བཀྲུས༔ རཾ་ཡཾ་ཁཾཿ «ལན་གསུམཿ» སླར་ཡང་ཐུགས་ལས་ཨོཾ་ཨཱ༔ཧཱུྃ་འཕྲོས་པས༔ སྦྱངས་སྤེལ་བསྒྱུར་ནས་ཟག་མེད་ཡེ་ཤེས་ཀྱི༔ བདུད་རྩིའི་རང་བཞིན་མཆོད་པའི་རྫས་སུ་གྱུར༔ ཨོཾ་ཨཱ༔ཧཱུྃ༔ «ལན་གསུམ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་གདུང་བའི་བླ་མས༔ »ཧྲཱི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་དང་༔ རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་གནས༔ སྤྲུལ་པའི་ཞིང་མཆོག་གཡུ་ལོ་བཀོད་པ་ནས༔ ཨཱརྱ་ཏཱ་རེ་འཆི་མེད་མཆོག་སྦྱིན་མ༔ རིགས་བཞིའི་ཌཱཀྐི་འབུམ་ཕྲག་འཁོར་དང་བཅས༔ མཛེས་སྡུག་ཉམས་ཀྱི་འཇོ་སྒེག་དཔུངས་སེ་དཔུང་༔ གསུང་དབྱངས་རྡོ་རྗེའི་སྒྲ་དབྱངས་ལྷངས་སེ་ལྷང་༔ རྗེས་བརྩེའི་ཐུགས་བསྐྱེད་དགོངས་པ་དུངས་སེ་དུང་༔ རིན་ཆེན་དར་དཔྱངས་རྒྱན་ཆ་པུ་རུ་རུ༔ མཁའ་འགྲོའི་བརྡ་སྐད་སྣ་ཚོགས་དི་རི་རི༔ གནས་འདིར་ཐུགས་རྗེའི་དགོངས་ལ་གཤེགས་སུ་གསོལ༔ ཚོགས་ཁང་རང་བཞིན་སྤྲུལ་པའི་གནས་མཆོག་འདིར༔ སྒྲུབ་པོའི་གང་ཟག་དད་ལྡན་མོས་པའི་བུ༔ ཚོགས་རྫས་རང་བཞིན་ཤ་ལྔ་བདུད་རྩི་ལྔ༔ བཞེས་ཕྱིར་དགྱེས་པ་ཆེན་པོས་གནས་འདིར་གཤེགས༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ «གསུམ་པ་ཚོགས་ཕུད་འབུལ་བ་ནི༔» ཧྲཱི༔ རྒྱལ་བའི་ཡུམ་གྱུར་འཆི་མེད་བདེ་སྟེར་མ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་རྣམས་ལ༔ དམ་རྫས་ཚོགས་ཀྱི་མཆོད་པ་འདི་ཕུལ་བས༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ག་ན་ཙཀྲ་པཱུ་ཙ་ཧོ༔ «བཞི་པ་བཤགས་པ་འབུལ་བ་ནི༔ »ཧོ༔ སྒོ་གསུམ་རྣམ་གཡེང་བག་མེད་གྱུར་བ་ཡིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་དང་འགལ་བ་ཅི་མཆིས་པ༔ མཐོལ་ལོ་བཤགས་སོ་ཚངས་པ་སྩལ་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔« ལྔ་པ་བསྒྲལ་ཞིང་བསྟབ་པ་བྱ་བ་ནི༔» ཧྲཱི༔ བདག་ཏུ་འཛིན་པའི་རུ་ཏྲ་ཉམས་པའི་གཟུགས༔ རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྒྲལ༔ བདག་མེད་ཤ་ཁྲག་རུས་པའི་ཚོགས་མཆོད་དེ༔ སྐྱེ་མེད་ཡུམ་ཆེན་ཞལ་དུ་བསྟབ་བོ་བཞེས༔ ནྲྀ་ཏྲི་ཤ་ཏྲུཾ་ཧ་ལ་པཉྩ་པཱུ་ཙ་ཧོ༔ «དྲུག་པ་ལྷག་མ་བསྔོ་བ་ནིཿ» ཧཱུཾ༔ དཀྱིལ་འཁོར་མཐའ་ལ་གནས་པའི་གིང་ལིང་ཀ༔ ལྷག་སྡུད་འབར་མ་དབང་ཕྱུག་ཐམས་ཅད་ཀྱི༔ ལྷག་མའི་གཏོར་མ་བཀའ་ཡིས་ཕ་འབབ་འདི༔ བཞེས་ལ་སངས་རྒྱས་བསྟན་པའི་ཕྲིན་ལས་བསྒྲུབས༔ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ «བདུན་པ་ཐུགས་དམ་བསྐུལ་བའི་རིམ་པ་ནིཿ» ཧཱུཾཿ བཞེངས་ཤིག་བཞེངས་ཤིག་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་སེམས་ཅན་དོན་ལ་དགོངས༔ མ་གཡེལ་ཐུགས་རྗེའི་བརྩེ་བའི་ཤུགས་ཕྱུངས་ལ༔ འགྲོ་རྣམས་སྐྱོབས་པའི་དུས་ལ་ད་བབས་སོ༔ ནད་མཚོན་མུ་གེའི་གདོན་གྱིས་མནར་བ་དང་༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས༔ སྐྱོབ་པའི་ཞལ་བཞེས་ཡོད་པ་ད་དགོངས་ལ༔ དམིགས་མེད་མཁའ་ལྟར་ཡངས་པའི་ཐུགས་ཀློང་ནས༔ བརྩེ་བའི་ཕྲིན་ལས་གློག་ལྟར་བསྐྱོད་མཛོད་ལ༔ མི་མཐུན་ནད་རིམས་ཞི་བའི་ཕྲིན་ལས་མཛོད༔ དུས་མིན་འཆི་བ་བཟློག་པའི་ཕྲིན་ལས་མཛོད༔ འགལ་སྦྱོར་དམག་ཇག་མཚོན་གྱི་ཆད་པ་སོལ༔ ལོ་ལེགས་འབྲུ་འཕེལ་ཆར་ཆུ་དུས་སྨིན་པའི༔ བདེ་སྐྱིད་རྫོགས་ལྡན་གསར་བའི་སྒོ་འཕར་ཆེར༔ འགྲོ་རྣམས་བདེ་བར་སྤྱོད་པའི་ཕྲིན་ལས་མཛོད༔ «བརྒྱད་པ་ཆད་ཐོ་དམ་ཚིག་བསྒྲག་པ་ནི༔ »ཀྱེ༔ སྔོན་ཚེ་བར་དང་ཐ་མའི་དུས་དག་ཏུ༔ འོག་མིན་ལྷ་གནས་དུར་ཁྲོད་བརྒྱད་དག་ཏུ༔ ཆོས་སྐུའི་སྟོན་པ་དྲི་མ་མེད་པ་དང་༔ ལོངས་སྐུ་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་གར༔ སྤྲུལ་སྐུའི་སྟོན་པ་དགའ་རབ་རྡོ་རྗེ་དང་༔ ཧེ་རུ་ཀ་དཔལ་པདྨ་ཐོད་ཕྲེང་སོགས༔ གསང་ཆེན་ཌཱཀྐིའི་ཐུགས་ཐིག་ཞལ་ཕྱེས་ཚེ༔ དམ་བླང་སྡེ་བརྒྱད་དྲེགས་ཚོགས་ཐམས་ཅད་དང་༔ ཁྱད་པར་མ་མགོན་གཟའ་བདུད་བསྙོ་ཁ་སོགས༔ རང་རང་སོ་སོར་གཉེར་གཏད་ཁས་བླངས་རྣམས༔ དྲན་པར་གྱིས་ལ་བཀའ་ཡི་གཏོར་མ་བཞེས༔ དེ་རྗེས་སྤྲུལ་པའི་ཞིང་ཁམས་ཆེན་པོ་ནས༔ སྤྲུལ་སྐུ་བདུད་འདུལ་རྒྱལ་པོ་ཧེ་རུ་ཀའི༔ གསང་སྔགས་སྦྱོར་སྒྲོལ་ལམ་བཟང་བླ་མེད་ཀྱི༔ ཞལ་ཕྱེས་སྨིན་གྲོལ་ལམ་ལ་བཀོད་པའི་ཚེ༔ དྲེགས་པའི་གཙོ་བོ་གཉན་ཆེན་སྡེ་བཞི་སོགས༔ ལྷ་ཀླུ་སྡེ་བརྒྱད་ཟོ་དོར་ཐམས་ཅད་ལ༔ བཀའ་བསྒོ་དམ་བཞག་རང་རང་ཁས་བླངས་བཞིན༔ དེང་དུས་རིག་འཛིན་སྔགས་འཆང་བདག་ཅག་གིས༔ བྱང་ཆུབ་སེམས་བཟུང་གསང་ཆེན་བླ་མེད་ཀྱི༔ ལམ་ཞུགས་འགྲོ་རྣམས་བདེ་ལ་འགོད་བྱའི་ཕྱིར༔ ཐ་ཚིག་བསྐུལ་ལ་དམ་རྫས་གཏོར་མ་འབུལ༔ འདི་བཞེས་གང་བསམ་འགྲུབ་པའི་ཕྲིན་ལས་དང་༔ སངས་རྒྱས་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག༔ «དགུ་བ་བཤལ་ཆུའི་གཏོར་མ་གཏོང་བ་ནི༔» ཀྱེ༔ བོད་ཆེན་ཁ་བ་ཅན་གྱི་ཡུལ་སྐྱོང་བའི༔ གནོད་སྦྱིན་མ་བཞི་བདུད་མོ་སྨན་མོ་བཞི༔ བྲན་གཡོག་འཁོར་བཅས་བཀའ་ཡི་གཏོར་མ་ལོངས༔ ཕྱི་རྐྱེན་འབྱུང་བཞིའི་གནོད་པ་དགྲ་ལ་བཟློག༔ ནང་རྐྱེན་དུས་ཀྱི་གཡོ་འཁྲུགས་རྒུད་པ་སོལ༔ གསང་རྐྱེན་ཉམས་གྲིབ་རྩ་རླུང་འདུ་འཁྲུགས་སོལ༔ ནད་ཡམས་མུ་གེ་སད་སེར་བཙའ་ཐན་བཟློག༔ སྔོན་ལས་ཕྲལ་རྐྱེན་བྱང་ཆུབ་བར་ཆད་ཀུན༔ མྱུར་དུ་ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ མ་མ་ཧྲིཾ་ཧྲིཾ་བཱ་ལིངྟ་ཁཱ་ཧི༔ «བཅུ་པ་རྡོ་རྗེ་གྲོ་ཡིས་བརྟུལ་ཞུགས་ནི༔ »ཧཱུཾ༔ སྟོང་གསུམ་རྡོ་རྗེའི་བྲོ་རའི་འོག་རོལ་དུ༔ དམ་སྲི་རྒབ་འདྲེ་ཐེའུ་རང་འབྱུང་པོའི་ཚོགས༔ མིང་མེད་ཏིང་འཛིན་འབར་བའི་གཟི་བྱིན་གྱིས༔ བསྐལ་པ་མ་སྟོང་བར་དུ་བྲོ་རྒྱས་བཏབ༔ ཨོཾ་ཨཱ༔ཧཱུྃ་སྟྭཾ་བྷ་ཡ་ནན༔ «དེ་ནས་སྔར་བཞིན་མཆོད་ཅིང་བསྟོད་བྱས་ནས༔ བཅུ་གཅིག་བསྒྲུབ་པོའི་དངོས་གྲུབ་ཞུུ་བ་ནི༔» ཀྱེ༔ ཡེ་ཤེས་མཁའ་འགྲོ་ཚེ་ཡི་མཆོག་སྦྱིན་མ༔ རིགས་བཞིའི་ཌཱཀྐི་གསང་བའི་ཡུམ་ཆེན་བཞི༔ མ་གཡེལ་ཐུགས་དམ་གནད་ནས་དེང་བསྐུལ་ན༔ མཚན་དཔེ་སྐུ་མཆོག་རྡོ་རྗེའི་དངོས་གྲུབ་རྩོལ༔ ལུས་ལ་བསྒྲེས་བྲལ་གཟི་བྱིན་བསྐྱེད་དུ་གསོལ༔ ཚངས་དབྱངས་གསུང་མཆོག་རྡོ་རྗེའི་དངོས་གྲུབ་སྩོལ༔ ངག་ལ་ནུས་པ་འགྲན་བྲལ་སྦར་དུ་གསོལ༔ འཁྲུལ་མེད་ཐུགས་མཆོག་རྡོ་རྗེའི་དངོས་གྲུབ་སྩོལ༔ འགྲོ་བའི་ཅི་བསམ་འགྲུབ་པའི་ཕྲིན་ལས་རྩོལ༔ སྣ་ཚོགས་རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩོལ༔ གང་ལ་གང་འདོད་ནུས་མཐུའི་དངོས་གྲུབ་སྩོལ༔ བདེ་སྟོང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ འཇའ་ལུས་འོད་སྐུར་གྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནི་ཧཱ་རི་ནི་ས་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ «བསྒྲུབ་རྫས་གནས་གསུམ་གདུགས་ཤིང་སྤྱོད༔ བཅུ་གཉིས་ནོངས་བཤགས་བཟོད་གསོལ་བྱ་བ་ནི༔» ཧོ༔ ཡེ་ཤེས་མཁའ་འགྲོ་གསང་བའི་དཀྱིལ་འཁོར་དུ༔ བསྙེན་སྒྲུབ་རྫས་དང་ཡོ་བྱད་མ་ཚང་བ༔ བསྒྲུབ་པ་གཡེལ་དང་ཏིང་འཛིན་བྱིང་རྨུགས་ཀྱིཿ དབང་དུ་གྱུར་གང་འགལ་འཁྲུལ་ཅི་མཆིས་བཤགས༔ གཞན་ཡང་མ་གསང་འཆལ་བར་གྱུར་པ་དང་༔ ཐེ་ཚོམ་ལོག་ལྟ་དམ་ཉམས་ཤོར་བ་ཀུན༔ གནོང་ངོ་འགྱོད་དོ་མཐོལ་བཤགས་སྙིང་ནས་ཞུ༔ དག་ཚངས་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ༔ «ཡི་གེ་བརྒྱ་པ་ཉེར་གཅིག་ལ་སོགས་བཟླཿ བཅུ་གསུམ་ཉེར་བསྡུ་ལྷར་ལྡངས་ནི༔ »ཧོ༔ དབྱིངས་ལས་སྤྲུལ་པའི་ཡེ་ཤེས་དཀྱིལ་འཁོར་ནི༔ དོན་དམ་ཆོས་ཀྱི་དབྱིངས་སུ་བཛྲ་མཱུ༔ དམ་ཚིག་དཀྱིལ་འཁོར་གཙོ་དང་འཁོར་བཅས་ཀྱང་༔ མཐའ་ནས་རང་ཡལ་གཙོ་བོའི་སྐུ་ལ་ཐིམ༔ དེ་ཡང་ཐུགས་སྲོག་ལ་ཐིམ་དེ་ཉིད་ཀྱང་༔ དམིགས་མེད་སྐྱེ་མེད་ངང་དུ་རྗེན་པར་བཞག༔ སླར་ཡང་ཡེ་ཤེས་མཁའ་འགྲོ་ལམ་གྱིས་གསལ༔ «དབུགས་ཐེངས་གཅིག་ལ་ཏཱ་རེ་ཉེར་གཅིག་བཟླ༔ སྤྲོས་པ་བྲལ་ལ་སྤྲོ་བསྡུ་མི་དགོས་ཏེ༔ ཐམས་ཅད་རིག་པའི་ཆོ་འཕྲུལ་ཉག་གཅིག་ངང་༔ རྣམ་རྟོག་སྤྲོས་པ་ལོགས་སུ་དགོས་པ་མེད༔ དེ་ཡང་སྙན་རྒྱུད་བླ་མའི་ཞལ་ལས་ཤེས༔ བཅུ་བཞི་བསྔོ་སྨོན་མཚམས་སྦྱར་བྱ་བ་ནི༔ »ཧོ༔ གསང་ཆེན་བླ་མེད་རྡོ་རྗེ་ཐེག་པ་རུ༔ ཞུགས་ནས་བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་ཀུན༔ མ་གྱུར་འགྲོ་རྣམས་ཚེ་ལུས་འདི་ཉིད་དུ༔ རྣམ་མཁྱེན་རྫོགས་སངས་ཐོབ་པའི་རྒྱུ་རུ་བསྔོ༔ རིག་འཛིན་བདག་ཀྱང་ཚེ་རབས་འདི་ཉིད་དུ༔ སྟོན་པ་མཆོག་གི་ཞབས་ཏོག་མཐར་ཕྱིན་ནས༔ ཟབ་གསང་ལུས་མེད་ཌཱཀྐིའི་བརྡ་ཆོས་རྣམས༔ ཉམས་སུ་བླངས་ནས་སྒྱུ་ལུས་འོད་སྐུར་གྲོལ༔ ནང་གི་སེམས་ཉིད་ཐུགས་ཀློང་དབྱེར་མེད་དུ༔ འདྲེས་པའི་ཀུན་བཟང་རྒྱལ་ས་ལ་སྙེགས་ཤིག༔ «བཅོ་ལྔ་ཤིས་བརྗོད་རིམ་པ་བྱ་བ་ནི༔ »ཀྱེ་ཧོ༔ བླ་མའི་བྱིན་རླབས་མཁའ་ལ་སྤྲིན་ལྟར་འཁྲིགས༔ ཡི་དམ་ལྷ་ཡི་དངོས་གྲུབ་ཆར་རྒྱུན་འབེབས༔ མ་དང་མཁའ་འགྲོ་ནུས་མཐུའི་མེ་ཏོག་བརྟས༔ དམ་ཅན་སྲུང་མའི་ཕྲིན་ལས་གློག་ལྟར་འཁྱུགས༔ ཕྲིན་ལས་རྣམ་པ་བཞི་ཡི་དབྱང་རྔ་ལྡིར༔ འདི་ཕྱིའི་དགེ་ལེགས་བཀྲ་ཤིས་གང་ཡིན་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ འཆི་མེད་ཚེ་ཡི་མཆོག་སྦྱིན་ཏཱ་རེ་མ༔ སྲིད་ཞིའི་རྒུད་པ་སེལ་བའི་གཟི་འོད་ལྡན༔ བྱམས་བརྩེའི་ཕྱག་ཡང་སྐྱོང་བའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ གསང་བའི་ཡུམ་ཆེན་ཕྱོགས་བཞིའི་ཌཱཀྐི་བཞི༔ ཞི་རྒྱས་དབང་དྲག་ཕྲིན་ལས་འབུམ་ཆར་བསྙིལ༔ དོན་ཀུན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀའ་འཁོར་སྤྲུལ་པ་བྱེ་བ་འབུམ་སྡེའི་རིགས༔ ས་གསུམ་ཌཱཀྐི་དྲེགས་ཚོགས་སྤྲུལ་འཁོར་བཅས༔ ནུས་མཐུ་གཟི་འོད་འབར་བའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ བཀྲ་ཤིས་ཉི་མས་སྣང་བས་ཀུན་གསལ་ཞིང་ཿ ཐར་འདོད་གདུལ་བྱའི་རེ་བ་ཡོངས་བསྐང་ནས༔ བཤད་སྒྲུབ་བསྟན་པའི་སྙིང་པོའི་པད་ཚལ་ནི༔ ཕྱོགས་རྣམས་ཀུན་ནས་རྒྱས་པའི་བཀྲ་ཤིས་ཤོག༔« གཞན་ཡང་བཀྲ་ཤིས་རྒྱས་པས་མཐའ་བརྒྱན་བྱ༔ ཨེ་མཿ ཀློང་ཆེན་དགོངས་པའི་གཏེར་ཁ་མཛོདཿ དྲིན་ལྡན་བླ་མའི་ཐུགས་བསྐྱེད་ཀྱིས༔ ཕྱི་བའིམཐུ་ལས་ཉེར་ཐོབ་པ༔ སྒྲོལ་དཀར་སྒྲུབ་ཐབས་ཡིད་བཞིན་ནོར༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་ཆོས༔ གཞན་དང་མི་འདྲ་ཁྱད་འཕགས་སོ༔ ལས་སྐལ་ལྡན་པས་ཟླ་དྲུག་ཏུ༔ བསྒོམ་པས་ཕྱག་རྒྱ་ཆེན་པོའི་པར༔ སྦྱོར་བའི་ཌཱཀྐིའི་ཐུགས་ཐིག་ལས༔ སྟོན་པར་ཕང་བ་སྙིང་གི་ཁྲག༔ རིང་ནས་ཕ་ཕོག་ཐོབ་ན་ཡང་༔ ལོ་གཅིག་བར་དུ་གསང་རྒྱས་བཏབ༔ སླར་ཡང་སྐྱབས་རྗེའི་བཀའ་བསྐུལ་བཞིན༔ གཏེར་མིང་འགྲོ་འདུལ་གླིང་པས་ཕབཿ ཆོས་འདིས་ཤ་ཟ་མཆེད་སྡེ་ལྔས༔ ཐུབ་པར་སྲུངས་ཤིག་ས་མ་ཡཱ༔ བླ་མའི་སྐུ་ཚེ་རྡོ་རྗེའི་ཁམས༔ ཡོངས་གྲུབ་ཆེན་པོར་ཞབས་བརྟན་ནས༔ མཛད་ཕྲིན་བདུད་ཀྱི་བར་ཆད་ལས༔ རྒྱལ་བའི་བྱེད་པོ་དེང་འགྱུར་ཤོག༔ ཞུས་ཤིང་དག་པར་བྱས་སོ། །