DKYD-KABUM-05-CA-019

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ཡང་གསང་མཁའ་འགྲོ་ཐུགས་ཐིག་ལསཿ མཁའ་འགྲོའི་གསང་སྒྲུབ་ནོར་བུའི་བང་མཛོད་བཞུགསཿ «ཡུམ་གྱི་དགོངས་པ་ཀུན་ཏུ་བཟངཿ ཨ་ཏི་རང་བྱུང་དཔལ་ལ་འདུདཿ རྒྱལ་བ་ཀུན་གྱི་ཡུམ་ཆེན་མོཿ མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་བསྟནཿ སྐྱབས་སེམས་ཡན་ལག་བདུན་པ་ནིཿ »ན་མོཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ འགྲོ་བའི་དོན་དུ་སྨོན་འཇུག་སེམས་མཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགསཿ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངསཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོཿ ཨཱཿ སྤྲོས་བྲལ་ངང་ནས་རང་བྱུང་རྩལཿ མཁའ་ལ་འཇའ་ཚོན་ཤར་བ་བཞིནཿ བདག་ཉིད་ཀུན་བཟང་ཡུམ་ཆེན་མོཿ མཐིང་གསལ་སྐྱེ་མེད་ནམ་མཁའི་མདོགཿ ཞལ་གཅིག་ཞི་མ་ཁྲོ་ཡི་ཉམསཿ སྤྱན་གསུམ་དབུས་མ་དབྱིངས་སུ་གཏོདཿ ཐབས་ཤེས་སྤྱན་ཟུང་འབྲུ་ཚུགས་གཟིགསཿ དབུ་སྐྲ་ཐོར་ཅོག་སྐུ་རྒྱབ་ཁེབཿ ཕྱག་གཡས་སེར་རྡོར་རྩེ་ལྔ་ཕྱརཿ གཡོན་པས་གྲི་གུག་དཀུ་ལ་བསྟེནཿ ནུ་འབུར་བྷ་ག་ལང་ཚོ་རྒྱསཿ གཅེར་མོ་རིན་ཆེན་རུས་རྒྱན་སྤུདཿ ཞབས་གཉིས་བདེ་ཆེན་རོལ་སྟབས་བགྲདཿ པདྨ་ཉི་མ་རོ་ཡི་སྟེང་ཿ འོད་དང་གཟི་བརྗིད་འབར་བར་རོལཿ ཤར་ཕྱོགས་ཚེ་ཡི་ལྷ་མོ་དཀརཿ མདའ་དར་དང་ནི་བུམ་པ་འཛིནཿ ལྷོ་རུ་འདོད་དགུའི་དཔལ་སྟེར་སེརཿ ཡིད་བཞིན་ནོར་དང་ཞགས་པ་འཛིནཿ ནུབ་ཏུ་དབང་བྱེད་བདེ་སྟེར་མཿ ཅང་ཏེའུ་གཡས་ལ་དྲིལ་བུ་གཡོནཿ བྱང་དུ་ལས་ལ་དབང་སྒྱུར་ལྗངཿ གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལཿ ཀུན་ཀྱང་ཆ་ལུགས་གཙོ་མོར་མཐུནཿ ཐུགས་ཀའི་འོད་ཀྱིས་འཕྲོ་འདུུ་ལསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམསཿ ཕྱག་འཚལ་ཡུལ་དྲུག་མཆོད་པར་འབུལཿ སྟོང་ཆེན་ཀ་དག་ཀུན་བཟང་མོཿ ཡེ་ཤེས་ལྔར་ཤར་ཡུམ་ལ་བསྟོདཿ ཐུགས་ཀར་དགའ་བ་འཁྱིལ་བའི་དབུསཿ བཾཿཡིག་མཐིང་གསལ་རྭ་བཞི་པོརཿ ཧ་རི་ནི་ས་རང་མདོག་གསལཿ འཕྲོ་འདུ་འོད་ཀྱིས་སྣོད་བཅུད་སྦྱངསཿ དབང་དང་དངོས་གྲུབ་བྱིན་རླབ་བསྡུསཿ སྣང་སྲིད་རྣམ་དག་ཡུམ་ལྔར་ཤརཿ རྩལ་སྣང་དག་པ་རབ་འབྱམས་ངངཿ བཾཿཛྙཱ་ན་ཌཱཀྐི་ནི་ཧ་རི་ནི་ས་སིདྡྷི་ཧཱུཾཿ «བདེ་སྟོང་ཡེ་ཤེས་རྩལ་སྦྱངས་ཤིངཿ འོད་གསལ་ཐོད་རྒལ་ཆེན་པོར་བལྟཿ སྐྱབས་སུ་སྣང་བར་རྩལ་སྦྱངས་ཤིངཿ གང་ལའང་ཞེན་པ་བྲལ་བའི་ཚེཿ མ་ཡི་དངོས་གྲུབ་ཐོབ་པ་སྟེཿ གང་ཤར་འགྲོ་བའི་དོན་ལས་མེདཿ མཁའ་འགྲོའི་ཆོས་ཁམས་རྒྱ་མཚོ་ལསཿ བཅུད་བསྡུས་ཡིད་བཞིན་ནོར་བུའོཿ རྗེས་ལ་མཆོད་བསྟོད་བཟོད་གསོལ་བྱཿ ཡེ་ནས་སྣང་སྲིད་ཡུམ་ལྔའི་ངངཿ སྤྲོས་བསྡུ་མཁན་པོ་ལོག་ན་མེདཿ ཡང་ཞུན་གསེར་གྱི་ཐིག་པ་འདིཿ སྐལ་ལྡན་རྣལ་འབྱོར་ཕོ་མོའི་དོནཿ པདྨ་ཐོད་ཕྲེང་བདག་གིས་བཀོདཿ བློ་ཆུང་དག་གི་སྤྱོད་ཡུལ་མིནཿ བྱིན་རླབ་བདེན་རྫུན་གསལ་བར་ངེསཿ སྒོམ་པ་ཙམ་གྱིས་གྲོལ་བ་སྟེཿ ཇི་སྲིད་བསྐལ་བར་མ་སྟོང་བརཿ ཆོས་འདིས་འགྲོ་དོན་མཐར་ཕྱིན་ཤོགཿ བཀའ་དང་གཏེར་གྱི་སྲུང་མའི་ཚོགསཿ ཐུབ་པར་སྲུངས་ཤིག་ས་མ་ཡཿ རྒྱ་རྒྱཿ ཁ་ཐཾཿ གུ་ཧྱཿ འཇའ་ལུས་རྡོ་རྗེས་ཕབ་པ་བཞིནཿ རིག་པའི་ཡེ་ཤེས་ཀྱིས་བྲིས་སོཿ »ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷཱུཔྤེ་ཨ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱ་ཤཔྟ་པཉྩ་ཏཀྟ་བྷ་ལིང་ཏ་པཱུ་ཙ་ཧོཿ ནད་གདོན་འཇིགས་བརྒྱད་ཤནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་བསོད་དཔལ་འབྱོར་པུཥྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཁམས་གསུམ་སྲིད་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གནོད་བྱེད་དགྲ་བགེགས་མ་ར་ཡ་ཕཊཿ རིག་འཛིན་བླ་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨ་ཨཱ། ཨ་ཨཱ། ཨུ་ཨཱུ། རྀ་རྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧཀྵཿ ཨོཾ་ཡེ་དྷརྨ་ཧ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏ་ཧྱ་ཝ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧ་ཤྲ་མ་ཎ་ཡེ་སྭཱ་ཧཱཿ བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་ཕྱུར་ནས་ཡར་འཕེལ་བར་གྱུར་ཅིག །ཧོ་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ན་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རིག་འཛིན་བླ་མའི་གོ་འཕང་མངོན་སུམ་དུ་ཐོབ་པ་དང༌། ཐུན་མོང་གི་དངོས་གྲུབ་ཕྲིན་ལས་རྣམ་པ་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། །