DKYD-KABUM-04-NGA-022
༄༅། །གསོད་བྱེད་མེ་ཡི་སྤུ་གྲི་ལསཿ རྒྱུན་ཁྱེར་རྡོ་རྗེ་ཕ་ལམ་བཞུགསཿ ༄༅། «།ཐུགས་ཀྱི་བདག་ཉིད་ཧེ་རུ་ཀཿ གུ་རུ་སེང་གེའི་ང་རོ་ལཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ ཕྲིན་ལས་བྱ་ཁྱུང་སྒྲུབ་པའི་བཅུདཿ གནད་ལས་གནད་བསྡུས་རྒྱུན་ཁྱེར་ནིཿ ཕ་ལམ་རྡོ་རྗེ་མཚོན་འཁོར་བསྟནཿ »སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་ལསཿ བདག་སོགས་ཁམས་གསུམ་འགྲོ་ཀུན་སྐྱབས་སུ་མཆིཿ ཀ་དག་གདོད་མའི་གཞི་ཐོག་མ་གྲོལ་བརཿ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ སྐུ་གསུམ་རྒྱལ་བ་རྒྱ་མཚོ་བཅོམ་ལྡན་འདསཿ ཡེ་ཤེས་ལྔ་ཡི་ཐུགས་རྗེའི་ཤུགས་བསྐྱེད་ལཿ འཁྲུལ་པའི་སྣང་བ་རྨི་ལམ་སད་པ་བཞིནཿ དག་པ་རབ་འབྱམས་ཆེན་པོར་བྱིན་ཕོབ་ཅིགཿ སྟོང་ཆེན་མ་བཅོས་བརྗོད་བྲལ་ངང་ཉིད་ལསཿ སྙིང་རྗེ་རབ་ཁྲོས་རྒྱུ་ཡི་ཡི་གེ་ཤརཿ གནམ་ལྕགས་ལས་གྲུབ་སྲིད་པ་ཨེ་དབྱིངས་སུཿ གདུག་པའི་ཀླུ་གཉན་ས་བདག་རྒྱལ་བསེན་བསྣོལཿ སྟེང་དུ་རྒྱུ་ཡིག་ཡོངས་གྱུར་ཧེ་རུ་ཀཿ ཁྲག་འཐུང་རྒྱལ་པོ་སྟོབས་འདུས་ག་རུ་ཊཿ མཐིང་ནག་ཕ་ལམ་ལུས་ལ་རྡོ་རྗེའི་མཆུཿ སྤྱན་གསུམ་དམར་ཟླུམ་སྨིན་མ་སྨ་ར་དངཿ རལ་པ་ལྕགས་བསྲེགས་ཞུན་མར་མེ་སྟག་འཕྲོསཿ རྣོ་དབལ་རྭ་གཉིས་དམ་བཅའ་བཞི་དང་ལྡནཿ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་གདུག་པ་ཟཿ ལག་གཉིས་གདོལ་པ་ཀླུ་བདུད་ཕོ་མོ་ཡིཿ སྐེ་ནས་བཟུང་ཞིང་མཆུས་གཟིར་ཁྲག་ཏུ་སྐྱུགཿ རལ་གྲིའི་གཤོག་པ་སྤུ་གྲིའི་སྤུ་ཆུང་དངཿ མཚོན་ཆེན་མཇུག་སྒྲོ་བ་སྤུ་རྡོ་རྗེའི་ཕྱེདཿ རྐང་གཉིས་གནམ་ལྕགས་བྱ་སྡེར་འབར་བ་ཡིསཿ རྒྱལ་བསེན་ཀླུ་གཉན་གདུག་པའི་སྙིང་ལ་འཛིནཿ ཡེ་ཤེས་མེ་རི་མེ་དཔུང་འབར་བའི་དབུསཿ ཁྲོ་ཁྱུང་རྡོ་རྗེའི་ཚྭ་ཚྭས་བུ་ཡུག་འཚུབསཿ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་རྫོགསཿ རྭ་བར་ཡིད་བཞིན་ནོར་བུ་འབར་བའི་རྩེརཿ རིགས་ཀྱི་བདག་པོ་སྟོན་པ་རྡོ་རྗེ་འཆངཿ ཚེ་ཡི་ལྷ་མཆོག་ཡབ་ཡུམ་རྣམ་པར་བཞུགསཿ ཐུགས་ཀར་བྱིན་རླབས་ཡེ་ཤེས་སེམས་དཔའ་ནིཿ གུ་རུ་སེང་གེ་སྒྲ་སྒྲོགས་མཐིང་གསལ་མདངསཿ གཅེར་བུ་རྒྱན་མེད་སྡིགས་མཛུབ་བཀའ་ནན་རྒྱཿ ཐུགས་ཀར་ཉི་ཟླའི་ག་འུར་ཧཱུྃ་མཐིང་ལཿ སྔགས་ཕྲེང་མེ་ཡི་མདོག་ཅན་གཡས་སུ་འཁོརཿ བསྐྱེད་དུ་མེད་དེ་ཡེ་ནས་ལྷའི་རང་བཞིནཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་ཕྱིརཿ སྤྱན་འདྲེན་བཞུགས་སུ་གསོལ་བའི་སྤྲོས་པ་བྲལཿ གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་སོ་ཅོགཿ རྣམ་དག་མཆོད་པའི་ཕྱག་རྒྱ་ཆེན་པོར་ཤརཿ སྤང་བླང་འཛིན་ཞེན་བྲལ་བའི་ངང་ནས་རོལཿ འཁོར་འདས་དབང་བསྒྱུར་བདག་ལ་བསྟོད་པར་བགྱིཿ སྔགས་ཀྱི་ཕྲེང་བས་འོད་ཟེར་ཞིང་ཀུན་ཁྱབཿ བྱིན་རླབས་བསྡུས་ཤིང་འགྲོ་བའི་ལས་ཉོན་སྦྱངསཿ ཡེ་ཤེས་ཐུགས་རྗེ་མེ་ཡི་རྣོ་དབལ་ལྕེསཿ གདུག་པ་ཅན་རྣམས་བསྲེགས་སྦྱངས་རྣམ་ཤེས་སྤརཿ མ་བཅོས་སྤྲོས་བྲལ་འདུས་མ་བྱས་པའི་ངངཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཱ་ཛ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊཿ «གསང་བའི་སྙིང་པོ་ཆུ་བོའི་རྒྱུན་བཞིན་བཟླཿ སྤྲོས་མེད་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་སྟེཿ སྐུ་གསུང་ཐུགས་དང་དབྱེར་མེད་མངོན་འཚང་རྒྱཿ ཕྲིན་ལས་ལྷུན་གྲུབ་སྟོང་ཉིད་རྡོ་རྗེའི་ལུསཿ ཐོགས་པ་མེད་པའི་རྫུ་འཕྲུལ་དབང་ཐོབ་བོཿ ས་མ་ཡཱཿ རྒྱཿ ལས་ཚོགས་རིམས་ནད་སྲུང་བའི་ཁ་བསྒྱུར་ནིཿ» བདག་ཉིད་ཁྱུང་ཆེན་ཐུགས་ཀ་ནསཿ གཡུ་ཡི་བྱ་ཁྱུང་ལྗང་གསལ་མདོགཿ རང་འོད་མེ་དཔུང་འབར་བ་འཕྲོསཿ རིམས་དང་འགོ་པའི་ནད་བདག་རིགསཿ བསྲེགས་ཤིང་རྒྱ་མཚོའི་ཕ་མཐར་བསྐྲདཿ ཁ་རླངས་ཟེར་དང་གནོད་པ་སྦྱངསཿ «བྱ་ཁྱུང་ལྗང་གུས་ལུས་བསྲུང་བསམཿ »ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་སརྦ་ཛྭ་རེ་དུཥྟི་རམ་ཤིག་གཏོར་མ་ར་ཡ་ཕཊཿ «སྔགས་ཆུ་འདྲེ་འཇིགས་ལ་བཏབ་ནཿ ཐེངས་ཆོག་མན་ངག་ཟབ་མོའོཿ ཐུན་མཐར་སྟོང་ཚིག་མཆོད་བསྟོད་ནིཿ »ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགསཿ ཕྱི་ནང་གསང་བའི་མཆོད་པ་འབུལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆག་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་བོ་དྡྷི་ཨ་ལ་ལ་ཧོཿ བཅུད་བསྡུས་རྡོ་རྗེ་ཕ་ལམ་འདིཿ བདག་འདྲ་ཨ་ཙར་དམར་པོ་ཡིསཿ ཡོན་ཏན་འདུས་པའི་རྒྱུད་ཆེན་ལསཿ གནད་ལས་གནད་དུ་བསྡུས་པ་སྟེཿ དབང་རབ་བདེ་བའི་ཌཱཀྐི་མའིཿ ཉམས་ལེན་གསང་བ་གཅིག་བརྒྱུད་དོཿ ས་མ་ཡཿ གུ་ཧྱཿ ཁ་ཐཾཿ «སྐུ་གསུང་ཐུགས་ཀྱི་རྒྱཿ རྒྱ་རྒྱ་རྒྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་ཌཱཀྐིའི་བཀའ་རྒྱ་བཀྲོལ་ལྟར་ཁྱུང་གཤོག་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་སློབ་བུ་རསྨིའི་མིང་འཛིན་གྱི་བགྱིས་པ་ཟབ་མོཿ