DKYD-KABUM-03-GA-014

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༼༈ྂ༽ཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ བླ་སྒྲུབ་སྙིང་གི་དྭངས་མ་བྱིན་རླབས་འགུགས་པའི་ལྕགས་ཀྱུ་བཞུགསཿ སྐྱབས་ཀུན་འདུས་པའི་བདག་ཉིད་ལཿ བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ འགྲོ་ཀུན་ཡང་དག་སར་འགོད་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ སྭ་བྷ་ཝ་ཡིས་སྟོངས་པར་སྦྱངསཿ ཆོས་ཀུན་འོད་གསལ་སྟོང་པའི་ངངཿ རྟེན་ཅིང་འབྲེལ་འབྱུང་སྣང་ཆ་ལསཿ ཡིད་འཕྲོག་བཀོད་པས་མངོན་འཕགས་པཿ ཀུན་ཏུ་གཟིགས་ཀྱི་ཞིང་ཁམས་དབུསཿ པད་ཟླའི་གདན་ལ་རང་ཉིད་ནིཿ ཌཱཀྐི་མཚོ་རྒྱལ་དཀར་དམར་མདངསཿ ཕྱག་གཉིས་རྡོ་རྗེ་བྷནྡྷ་བསྣམསཿ དར་དང་རིན་ཆེན་རྒྱན་རྫོགས་བཞེངསཿ མདུན་མཁར་སེང་ཁྲི་པད་ཟླའི་སྟེངཿ རྩ་བའི་བླ་མ་པདྨ་འབྱུངཿ རིགས་ཀུན་ཁྱབ་དག་ཞི་འཛུམ་བཞདཿ ཕྱག་གཡས་གསེར་རྡོར་ཐུགས་ཀར་བསྣམསཿ གཡོན་པས་བྷནྡྷ་ལྟེ་བར་འཛིནཿ ཟ་ཧོར་ཆས་ཅན་རོལ་སྟབས་བཞུགསཿ གནས་གསུམ་ཡི་གེའི་འོད་ཟེར་གྱིསཿ རྩ་གསུམ་ལྷ་ཚོགས་སྤྲོ་བསྡུས་བདགཿ ཀུན་འདུས་དཔའ་བོ་གཅིག་པུར་གསལཿ གཞན་དོན་འབད་མེད་ལྷུན་གྲུབ་པའིཿ ཕན་པའི་ཡོན་ཏན་བརྗོད་ལས་འདསཿ རྩ་བའི་བླ་མ་འགྲོ་བའི་མགོནཿ ཁྱེད་ལས་རེ་ས་གཞན་མེད་པསཿ སྒོ་གསུམ་ཕྱག་འཚལ་གསོལ་བ་འདེབསཿ ལུས་དང་ལོངས་སྤྱོད་མཆོད་པར་འབུལཿ ཚེ་རབས་སྡིག་བསགས་མཐོལ་ཞིང་བཤགསཿ བྱང་ཆུབ་སྤྱོད་ལ་རྗེས་ཡི་རངསཿ ཆོས་འཁོར་བསྐོར་ཞིང་རྟག་བཞུགས་གསོལཿ བསོད་ནམས་དགེ་ཚོགས་བྱང་ཆུབ་བསྔོཿ མཎྜལ་འབུལ་དང་གསོལ་འདེབས་བརྩོནཿ རྗེས་ལ་ངང་བརྟན་སྔགས་འདི་བསྒྲངསཿ ཨོཾ་གུ་རུ་ཛྙཱ་ན་དཱི་པ་སརྦ་སིདྡྷི་ཧཱུྃཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་མེ་པྲ་ཡཙྪ་ཏུཿ ཅི་ནུས་བཟླས་མཐར་དབང་ཡིད་བླངསཿ གུ་རུའི་གསང་གསུམ་རྡོ་རྗེའི་ཡི་གེའི་འོདཿ རང་གི་གནས་གསུམ་ཐིམ་པས་སྒྲིབ་གཉིས་དགཿ དབང་དང་མཆོག་ཐུན་དངོས་གྲུབ་ཐོབ་པར་བསམཿ ཆོས་ཟད་གདོད་མའི་བཙན་ས་ཟིན་པར་ཤོགཿ བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་གྱུརཿ མི་ཤིགས་དྭངས་མ་འོད་གསལ་དབྱིངས་སུ་ཨཱཿ རྣམ་དཀར་དགེ་ཚོགས་བསོད་ནམས་སྙིང་པོ་འདིཿ དམིགས་མཐའ་བྲལ་བའི་སེམས་ཅན་ཡོངས་ལ་བསྔོཿ ཡང་གསང་རྡོ་རྗེའི་ཐེག་པའི་དོན་རྟོགས་ནསཿ རིགས་བདག་བླ་མའི་གོ་འཕང་མྱུར་ཐོབ་ཤོགཿ ཤེས་བྱའི་དོན་ལ་མ་རྨོངས་པའིཿ བླ་མ་དམ་པ་སྐྱེ་རྒུའི་གཉེནཿ ཚེ་རབས་ཀུན་ཏུ་བཤེས་མཛད་ནསཿ དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོགཿ ས་མ་ཡཱཿ ཞེས་འདི་རྒྱལ་བའི་སྤྱི་གཟུགས་ཀྱིཿ མངའ་བདག་བཀའ་དྲིན་འཁོར་མེད་ཀྱིཿ བླ་མའི་རྣལ་འབྱོར་དགོངས་པའི་གཏེརཿ གཏེར་བཅུད་འདུས་པ་རྡོ་རྗེའི་ཚིགཿ རང་བྱུང་ཀློང་ལས་རྡོལ་བའི་ཆོསཿ བྱིན་བརླབས་སྤྲིན་གྱི་རོལ་མོ་འདིཿ སྔོན་སྦྱངས་རྣམ་དཀར་ལས་ཀྱིས་འབྲེལཿ སློབ་བུ་ལུང་གི་མཚན་འཆང་བཿ དེ་དང་སྐལ་ལྡན་འགའ་ཞིག་གིཿ རྟེན་འབྲེལ་སྒོ་འཕར་འབྱེད་པའི་དུསཿ ལྷ་དང་བླ་མས་གནང་བ་ཐོབཿ ཡོངས་ལ་ཕན་པའི་ཉམས་སྣང་འབྱུངཿ དེ་དུས་ཐོལ་བྱུང་ཐོགས་མེད་བྲིསཿ འགྲོ་ཀུན་གདོད་མའི་གཞི་ལ་གྲོལཿ རང་རིག་བླ་མ་རྟོག་པར་ཤོགཿ རྣལ་འབྱོར་ས་ར་ཧི་ཏས་སྤེལཿ དགེ་ལེགས་འཕེལ།