DKYD-KABUM-03-GA-013

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

རྐྂཿ སཾ གུ ཧྱ ཌཱ ཀྐི ནི ཧྲི ད ཏི ལ ཏྲེཿ གུ རུ ས དྷ མ ནྱོ ཙི ཏྟཱ སྟི ཿ །།«རྐྂཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ བླ་མ་ཞི་སྒྲུབ་ཐུགས་རྗེའི་ཟླ་འོད་བཞུགསཿ རྐྃཿ གུ་རུ་པདྨར་ན་མོཿ མ་འོངས་བསྐལ་པའི་ཐ་མ་ལཿ སེམས་ཅན་སྡུག་ལ་སྤྱོད་པའི་དུསཿ ཆོས་གཞན་བྱིན་རླབས་ཆེ་མོད་ཀྱངཿ སྐུ་གསུམ་སྟོན་པ་ཐམས་ཅད་ཀྱིསཿ ཕྲིན་ལས་གཅིག་ཏུ་སྤྲུལ་པ་ནིཿ ང་ཉིད་པདྨ་སྃ་བྷ་ཝཿ བྱིན་རླབས་ནུས་པ་གློག་ལྟར་མྱུརཿ དེ་ཕྱིར་རང་གི་སྒྲུབ་པ་བསྟནཿ དཀྱིལ་འཁོར་ཡུལ་དུས་དང་བསྟུན་པརཿ ང་ཡི་སྣང་བརྙན་བྱིན་ལྡན་བཀྲམཿ གཏོར་མ་སྨན་རག་མཆོད་པར་བཤམསཿ སྤྲོས་མེད་ལུས་དཀྱིལ་དག་ཀྱང་རུངཿ དང་པོ་ཚོགས་ཞིང་གསལ་གདབ་ནིཿ »མདུན་གྱི་ནམ་མཁར་དག་ཞིང་དབུསཿ བླ་མ་མཚོ་སྐྱེས་རྡོ་རྗེའི་སྐུཿ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགསཿ རྩ་བ་གསུམ་གྱིས་བསྐོར་བར་བསྒོམཿ «གཉིས་པ་སྐྱབས་སུ་འགྲོ་བ་ནིཿ »ན་མོཿ བདག་དང་ཁམས་གསུམ་སེམས་ཅན་རྣམསཿ སྐུ་གསུམ་རྒྱལ་བ་འདུས་བའི་དཔལཿ གུ་རུ་པདྨ་སཾ་བྷ་ཝཿ རྣམ་གསུམ་དད་པས་སྐྱབས་སུ་མཆིཿ «གསུམ་པ་སེམས་བསྐྱེད་པ་ནིཿ» འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིར༔ གྲངས་མེད་ཡང་ནས་ཡང་འཁོར་ཚེཿ ཕ་མར་གྱུར་པའི་སེམས་ཅན་རྣམསཿ སངས་རྒྱས་ཐོབ་ཕྱིར་སེམས་མཆོག་བསྐྱེདཿ «བཞི་བ་ཡན་ཡག་བདུན་པ་ནིཿ »ཧོ། པདྨ་འབྱུང་གནས་སྤྲུལ་པའི་སྐུརཿ གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོདཿ ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་བཤགསཿ དཔག་མེད་དགེ་ལ་རྗེས་ཡི་རངསཿ ཟབ་གསང་ཆོས་འཁོར་བསྐོར་བར་བསྐུལཿ མ་གྱུར་འགྲོ་དོན་བཞུགས་གསོལ་འདེབསཿ དུས་གསུམ་དགེ་བ་ཡོངས་སུ་བསྔོཿ «ལྔ་བ་གསོལ་བ་འདེབས་པ་ནིཿ »ཨེ་མ་ཧོཿ ཆོས་སྐུ་ཀུན་བཟང་སྣང་མཐའ་སྤྱན་རས་གཟིགསཿ པདྨ་འབྱུང་གནས་མཁར་ཆེན་བཟའ་མཚོ་རྒྱལཿ བཻ་རོ་ཆོས་རྒྱལ་རྗེ་འབངས་ཉི་ཤུ་ལྔརཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལཿ དབང་སྒྱུར་ཁྲག་འཐུང་ལས་ཀྱི་ཧེ་རུ་ཀཿ གསང་བའི་ཡུམ་མཆོག་ཐུགས་སྲས་ཆོས་ཀྱི་བདགཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ བླ་མ་མཆོག་གིས་རྗེས་སུ་ཉེར་བཟུང་ནསཿ ཡི་དམ་ཞལ་མཐོང་དངོས་གྲུབ་རྣམ་གཉིས་ཐོབཿ མཁའ་འགྲོ་གྲོགས་འདུས་ཆོས་སྐྱོང་བྲན་དུ་ཁོལཿ མཐར་ཐུག་རྩ་བ་གསུམ་དང་དབྱེར་མེད་ཤོགཿ« དྲུག་པ་བགེགས་ལ་བཀའ་བསྒོ་བ་ནིཿ »ཧཱུྃཿ གསང་སྔགས་བླ་མེད་དཀྱིལ་འཁོར་འདིརཿ བལྟར་མི་དབང་བའི་ལོག་འདྲེན་ཚོགསཿ ལྕགས་རི་ནག་པོའི་ཕ་མཐར་དེངསཿ བཀའ་ལསའདས་ན་བརླག་པར་འགྱུརཿ «དྲག་པོའི་སྔགས་དང་ཐུན་གྱིས་གཟིརཿ བདུན་པ་མཚམས་བཅད་པ་ནིཿ »ཕྱི་སྣོད་རྣམ་དག་རྡོ་རྗེའི་གུརཿ ནང་དབྱིངས་ཡེ་ནས་བླ་མའི་དལཿ རྣམ་པར་རྟོག་པ་དབྱིངས་སུ་དགཿ རེ་དོགས་བྲལ་བར་མཚམས་བཅད་དོཿ བཛྲ་རཀྵ་རཀྵ་ཧཱུྃཿ «བརྒྱད་པ་བྱིན་འབེབས་པ་ནིཿ »རྐྂཿ ཿཿཿ ཧཱུྃཿ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནསཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ གནས་ཡུལ་སྒྲུབ་པ་པོ་རྣམས་ལཿ བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩོལཿ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་བེ་ཤ་ཡ་ཕཻམ་ཕཻམ་ཧཱུྃཿ «དགུ་པ་མཆོད་རྫས་བྱིན་རླབས་ནིཿ »ཨོཾ་ཨཱཿཧཱུྃཿ གཟུགས་སྒྲ་དྲྀ་རོ་རེག་བྱའི་ཡུལཿ རྨད་བྱུང་སྨན་གཏོར་རཀྟའི་རྫསཿ ཀུན་བཟང་མཆོད་སྤྲིན་བླ་ན་མེདཿ ཟག་མེད་ཡེ་ཤེས་བདུད་རྩིར་སྒྱུརཿ སརྦ་པཉྩ་པཱུ་ཙ་ཧོཿ «སྔོན་འགྲོའི་རིམ་པ་ས་མ་ཏིཿ དངོས་གཞི་དང་པོ་ལྷ་བསྐྱེད་ནིཿ »ཧཱུྃཿ སྣོད་བཅུད་སྤྲོས་པ་ཉེར་ཞི་བཿ རང་རིག་དེ་བཞིན་ཉིད་ཀྱི་ངངཿ མ་རྟོག་འགྲོ་ལ་སྙིང་རྗེ་ཤརཿ རྒྱུ་ཡི་རིག་པ་ཧཱུཾ་དུ་གྱུརཿ ཉི་ཟླའི་གདན་བཅས་འོད་ཞུ་བཿ ཡོངས་གྱུར་སངས་རྒྱས་ཀུན་འདུས་དཔལཿ པད་སྡོང་ཉི་ཟླའི་གདན་གྱི་སྟེངཿ གུ་རུ་པདྨ་སཾ་བྷ་ཝཿ དཀར་མོ་མདངས་ལྡན་ཞལ་དཀྱིལ་མཛེསཿ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགསཿ གཡས་པས་གསེར་རྡོར་ཐུགས་ཀར་གཏོདཿ གཡོན་པས་བདུད་རྩིའི་ཐོད་བུམ་བསྣམསཿ སྙན་ཞུ་གསང་ཕོད་ཆོས་གོས་དངཿ ཟབ་བེར་གསོལ་ཞིང་ཁ་ཊྭཱྃ་འཆངཿ བྱིན་རླབས་འཇའ་འོད་ལྡེམས་སེ་ལྡེམཿ རྩ་གསུམ་དཔའ་བོ་མཁའ་འགྲོས་བསྐོརཿ སྒྱུ་མ་ཆུ་ཟླའི་རོལ་གར་ཤརཿ གནས་གསུམ་འབྲུ་གསུམ་དཀར་དམར་མཐིངཿ རང་འོད་འཁྲིགས་པའི་ཞིང་ཁམས་ནསཿ ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐུལཿ རྫུ་འཕྲུལ་སྟོབས་ཀྱིས་མྱུར་དུ་དྲངསཿ «གཉིས་པ་སྤྱན་འདྲེན་པ་ནིཿ »ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལཿ དྷ་ན་ཀོ་ཤ་འོ་མའི་མཚོརཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་ངོ་མཚར་སྤྲུལ་པའི་སྐུཿ མཆོག་དང་ཐུན་མོང་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོརཿ ད་ལྟ་ཨོ་རྒྱན་གནས་སུ་བཞུགསཿ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཅིངཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཨ་ཝེ་ཤ་ཕཻཾ་ཕཻཾ་ཿ «གསུམ་པ་བཞུགས་སུ་གསོལ་བ་ནིཿ »ཧོཿ ཡེ་ནས་དག་པ་སྐུ་གསུམ་ཞིངཿ རང་རིག་པདྨ་སྃ་བྷ་ཝཿ ཆུ་ལ་ཆུ་བཞག་ཇི་བཞིན་ཏུཿ གཉིས་མེད་དགྱེས་པ་ཆེན་པོར་བཞུགསཿ ཏིཥྛ་ལྷནཿ «བཞི་པ་བརྡ་ཕྱག་འཚལ་བ་ནིཿ »ཧོཿ རང་ལས་སྤྲུལ་པའི་དཔའ་བོ་དངཿ མཁའ་འགྲོའི་ཚོགས་ཀྱི་དཀྱིལ་འཁོར་ལྷརཿ གུས་པ་ཆེན་པོས་བརྡའ་ཕྱག་འཚལཿ དགྱེས་པ་བསྐྱེད་ལ་གཟི་བརྗིད་འབརཿ ན་མོ་ན་མ་ཧོཿ «ལྔ་པ་མཆོད་པ་འབུལ་བ་ནིཿ »ཧཱུྃཿ དབང་པོ་དྲུག་ལ་ཤར་བ་ཡིཿ འདོད་ཡོན་ལྷ་མོ་ཕྱི་མཆོད་དངཿ བདུད་རྩི་གཏོར་མ་རཀྟ་ནངཿ བདེ་ཆེན་ཡེ་ཤེས་གསང་བའི་རྫསཿ རིག་འཛིན་བླ་མའི་ལྷ་ཚོགས་ལཿ འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལཿ ཨོཾ་བཛྲ་ཨརྒྷཾ་«ནས་»ཤབྟའི་«བར་»པཉྩ་རཀྟ་བ་ལིངྟ་མ་ཧ་སུ་ཁ་པཱུ་ཙ་ཧོཿ «དྲུག་པ་བསྟོད་པ་ནིཿ »ཧྲཱིཿ པདྨའི་སྦུབས་སུ་པདྨའི་རིགས་ལས་འཁྲུངསཿ དངོས་གྲུབ་མཆོག་བརྙེས་ལས་བཞི་འཁོར་ལོས་སྒྱུརཿ སྐྱེ་འཆི་གཉིས་སྤངས་ཚེ་ཡི་རིག་འཛིན་བརྙེསཿ ཟ་བྱེད་གདུག་པ་སྲིན་པོའི་ཁ་གནོན་མཛདཿ སྙིགས་མའི་འགྲོ་ལ་རྟག་ཏུ་ཐུགས་རྗེས་སྐྱོངཿ སྒྲུབ་པ་པོ་ལ་བྱིན་རླབས་དངོས་གྲུབ་སྩོལཿ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོདཿ པདྨའི་རྗེས་བཟུང་རྒྱ་བོད་རིག་འཛིན་དངཿ ཞི་ཆགས་ཁྲོ་བོའི་རྣམ་རོལ་ཡི་དམ་ལྷཿ ཡེ་ཤེས་དམ་ཚིག་ལས་མཛད་ཌཱཀྐིའི་ཚོགསཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ« བདུན་པ་ཛབ་ཀྱི་དམིགས་པ་ནིཿ »བདག་ཉིད་ཐུགས་ཀར་གསེར་རྡོར་ཁོང་སེང་དབུསཿ ཉི་ཟླའི་གདན་ལ་ཧཱུྃ་ཡིག་མཐིང་གསལ་གྱིཿ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལཿ འོད་ཀྱི་སྐུ་གསུམ་རྒྱལ་མཆོད་བྱིན་རླབས་བསྡུཿ དཀྱིལ་འཁོར་ལྷ་ཚོགས་གསལ་བཀྲག་གཟི་བརྗིད་རྒྱསཿ སྣོད་བཅུད་སྦྱངས་ནས་དག་ཞིང་ཆེན་པོར་གྱུརཿ སྒོ་གསུམ་ལྷ་སྔགས་ཆོས་ཉིད་ཁྱབ་བརྡལ་ངངཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ «རེས་འགའ་ལྷ་ལ་གསལ་སྣང་བསྟན་པ་དང༔ རེ་འགའ་རིག་པ་ཡེ་གྲོལ་ངང་ཉིད་དུཿ འབུམ་ཕྲག་བཅུ་གསུམ་གྲངས་དང་དུས་བསྙེན་ཚདཿ མཚན་མའི་བསྙེན་པ་རྟགས་མཐོང་བར་དུའོཿ གུ་རུའི་ཞལ་མཐོང་གསུངས་ཐོས་དབང་བསྐུར་དངཿ ལུང་སྟོན་ངོ་སྤྲོད་འཛིན་པ་གྲོལ་བ་སོགསཿ སྣ་ཚོགས་རྟགས་མཚན་དངོས་ཉམས་རྨི་ལམ་དུཿ རབ་འབྲིང་ཐ་མའི་བློ་མི་སྐབས་བསྟུན་འབྱུངཿ སྐབས་སུ་བྱིན་རླབས་རྣོ་སོ་གདགས་པ་ནིཿ »བདག་ཉིད་ཐུགས་ཀའི་འོད་ཀྱི་ཞིང་ཁམས་བསྐུལཿ སྐུ་གསུམ་རྒྱལ་སྲས་རྩ་གསུམ་དཔའ་བོ་དངཿ ཌཱཀྐི་སྤྲིན་ཕུང་གཏིབ་བཞིན་སྤྱན་དྲངས་བསྟིམསཿ རྡོ་རྗེ་གར་བསྒྱུར་མཁའ་འགྲོའི་བརྡ་སྐད་སྒྲོགསཿ ཆོས་ཉིད་ཉམས་ཀྱི་སྣང་བ་རབ་འུར་ཞིངཿ སྲིད་པ་གསུམ་ཡང་ཡོམ་ཡོམ་ཤིག་ཤིག་གྱུརཿ གཏད་མེདརིག་པ་སྤྲོས་བྲལ་ཆོས་ཉིད་ངངཿ ཨོཾ་ཨཱཿཧཱུྃ། བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃཿ «བཟླ་ཞིང་ཉམས་དང་སྦྱར་བ་རོལ་གར་བསྒྱུརཿ སྣང་བའི་རྫུན་ཕུག་རྡེག་ཅིང་འཛིན་པ་གྲོལཿ ཞིང་སྦྱོང་མཆོག་དང་ཐུན་མོང་དངོས་གྲུབ་ཐོབཿ ཚེ་ག་ཅིག་པདྨ་ང་དང་དངོས་ཞལ་མཇལཿ རིག་འཛིན་རྣམ་བཞིའི་ས་ལ་མངོན་འཚང་རྒྱཿ ཤིན་ཏུ་ཟབ་པའི་མན་ངག་ཨེ་མ་ཧོཿ ཐུན་མཐར་འཛབ་མཇུག་བསྡུ་ཞིང་མཆོད་བསྟོད་བྱ༔ ང་ཡི་གསོལ་འདེབས་དག་ལ་ནན་གྱིས་འབདཿ རྗེས་ལ་ཚོགས་ཀྱི་མཆོད་པ་ནིཿ བཟའ་བཅའ་བཏུང་བ་ཐབས་ཤེས་རྫསཿ གང་འབྱོར་སེར་སྣའི་མ་བསླད་པརཿ མཐའ་གཉིས་མ་ལྟུང་འདུ་བྱ་ཞིངཿ དང་པོ་བྱིན་གྱིས་རླབས་པ་ནིཿ »རཾ་ཡཾ་ཁཾཿ« ལན་གསུམཿ »བདག་ཉིད་ཐུགས་ལས་ཡེ་ཤེས་ཀྱིཿ མེ་རླུང་ཆུ་འཕྲོས་ཚོགས་མཆོད་རྫསཿ དངོས་འཛིན་དྲི་མ་ཡོངས་སྦྱང་ཞིངཿ སླར་ཡང་འབྲུ་གསུམ་བྱིན་ནུས་བཅུདཿ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་བདུནཿ གཉིས་པ་ཚོགས་མགྲོན་སྤྱན་འདྲེན་ནིཿ »ཧྲཱིཿ ཟངས་མདོག་དཔལ་གྱི་རི་བོ་ནསཿ གུ་རུ་པདྨ་སཾ་བྷ་ཝཿ རྩ་གསུམ་དཔའ་བོ་མཁའ་འགྲོས་བསྐོརཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ གནས་ཁང་ཚོགས་མཆོད་སྒྲུབ་པ་པོརཿ བྱིན་གྱིས་རློབས་ལ་དགྱེས་པ་བསྐྱེདཿ བཛྲ་སརྦ་ས་མ་ཡ་ཛཿཛཿ «གསུམ་པ་བཞུགས་གསོལ་ཕྱག་འཚལ་ནིཿ »རིག་འཛིན་བླ་མའི་ལྷ་ཚོགས་རྣམསཿ གཞལ་ཡས་དཀྱིལ་འཁོར་དམ་པ་འདིརཿ ཐུགས་རྗེ་བརྩེ་བས་དགྱེས་པར་བཞུགསཿ གུས་པ་ཆེན་པོས་བརྡ་ཕྱག་འཚལཿ ཏིཥྛ་ལྷནཿ ན་མོ་ཧཱུྃཿ «བཞི་པ་ཚོགས་ཕུད་འབུལ་བ་ནིཿ »ཧཱུྃཿའོད་ཕུང་འབར་བའི་ཚོགས་མཆོད་འདིཿ རྗེ་བཙུན་གུ་རུ་རིན་པོ་ཆེཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ ཐུགས་རྗེའི་དགོངས་ལ་བཞེས་སུ་གསོལཿ གྷ་ན་ཙཀྲ་པཱུ་ཙ་ཧོཿ «ལྔ་པ་ཐུགས་དམ་སྐོང་བཤགས་ནིཿ »ཧཱུྃཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་དངཿ ཨརྒྷཾ་ལ་སོགས་ཕྱི་མཆོད་རིགསཿ སྨན་རཀ་གཏོར་མ་ནང་མཆོད་རྫསཿ བདེ་སྟོང་གསང་བའི་མཆོད་པ་དངཿ བསྐང་རྫས་འདོད་ཡོན་དཔག་མེད་ཀྱིསཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐངཿ སོ་ཐར་བྱང་སེམས་རིག་འཛིན་གྱིཿ སྡོམ་དང་བསླབ་པ་དམ་ཚིག་ཉམསཿ བཤགས་སོགས་ཚང་པའི་དངོས་གྲུབ་སྩོལཿ «ཡི་གེ་བརྒྱ་བ་ལན་གསུམ་བརྗོདཿ དྲུག་པ་བསྟབས་པ་འབུལ་བ་ནིཿ »ཧཱུྃཿ ཆགས་སྡང་བདག་ཏུ་འཛིན་པའི་དགྲཿ གཟུང་འཛིན་རྣམ་རྟོག་ལས་བྱུང་བགེགསཿ རིག་པའི་ཡེ་ཤེས་མཚོན་ཆས་བསྒྲལཿ རྩ་གསུམ་ལྷ་ཚོགས་ཞལ་དུ་བསྟབསཿ ཀ་དག་སྤྲོས་བྲལ་ཀློང་དུ་སྤོརཿ ཧ་ལ་པཉྩ་ཁཱ་ཧིཿ «སླར་ཡང་ཕུར་ཚུགས་གསོལ་བ་བཏབཿ རྣལ་འབྱོར་ཕོ་མོ་ཚོགས་ལ་རོལཿ རྡོ་རྗེ་གླུ་དང་གར་གྱིས་མཆོདཿ བདུན་པ་ལྷག་གཏོར་བསྔོ་བ་ནིཿ བྱིན་གྱིས་བརླབས་ཅིང་བཤུགས་གླུ་སྒྲོགསཿ »ཀྱེ། ལྷག་སྡུད་མཁའ་འགྲོ་འབར་མ་དངཿ ཀིང་ལིང་དབང་ཕྱུག་ཚོགས་དང་བཅསཿ ཕམ་འབབ་ཚོགས་ལྷག་འདི་ལོངས་ལཿ རྣལ་འབྱོར་རྐྱེན་སྲུང་ཕྲིན་ལས་སྒྲུབཿ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧིཿ« བརྒྱད་པ་ཆད་ཐོ་གཏོར་འབུལ་ནིཿ བྱིན་གྱིས་བརླབས་ལ་ངར་བསྐྱེད་ཅིངཿ »ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ པདྨ་ཐོད་ཕྲེང་སྤྱན་སྔ་རུཿ ཁས་བླངས་དམ་བཅས་དབང་བསྐུར་བསཿ བཀའ་ཡི་སྲུང་མ་དམ་ཅན་སྡེཿ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅསཿ རྒྱན་ལྡན་དམ་རྫས་གཏོར་མ་ལོངསཿ སྔོན་གྱི་ཐ་ཚིག་དྲན་གྱིས་ལཿ གང་བཅོལ་ལས་ཀུན་ཐོགས་མེད་སྒྲུབ༔ མ་ཧཱ་པཉྩ་བ་ལིངྟ་ཁཱ་ཧིཿ «དགུ་པ་བསྟན་མ་སྐྱོང་བ་ནིཿ» ཧཱུྃཿ བོད་ཁམས་སྐྱོང་བའི་དམ་ཚིག་ཅནཿ བསྟན་མ་ཆེན་མོ་བཅུ་གཉིས་དངཿ ཟོ་དོར་དཀར་ཕྱོགས་སྐྱོང་བའི་རིགསཿ བཤལ་ཆུ་བདུད་རྩི་གཏོར་མ་ལོངསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ མ་མ་ཧྲཱིང་ཧྲཱིང་པཉྩ་ཁཱ་ཧིཿ «རྗེས་ལ་མཐའ་སྡུད་རིམ་པ་ནིཿ» ཧཱུྃཿ རྣམ་རྟོག་བར་ཆད་དགྲ་གདོན་དངཿ དམ་སྲི་རྒབ་འདྲེ་འབྱུང་པོ་ཀུནཿ གཏོར་གཞུང་རི་རབ་འབར་བའི་འོགཿ མནན་ནོ་ནམ་ཡང་མ་ལྡང་ཅིགཿ སྟཾ་བྷ་ཡ་ནནཿ «བསྐུལ་ཞིང་དངོས་གྲུབ་ལེན་པ་ནིཿ »ཧོ༔ རྗེ་བཙུན་པདྨ་སཾ་བྷ་ཝ༔ ཐུགས་དམ་གཉན་པོ་གནད་ནས་བསྐུལཿ དམ་གཙང་རྣལ་འབྱོར་སྒྲུབ་པ་པོརཿ དངོས་གྲུབ་སྩོལ་བའི་དུས་ལ་བབསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིཿ དབང་དང་བྱིན་རླབས་སྩལ་དུ་གསོལཿ ཨོཾ་ཨཱ༔ཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཀཱ་ཡ་ཝཱཀྐ་ཙིཏྟ་གུརྞ་ཀརྨ་སིདྡྷི་ཕ་ལ་ཧོཿ «དེ་ནས་སླར་ཡང་མཆོད་ཅིང་བསྟོད་བྱས་ལཿ བཟོད་གསོལ་སྨོན་ལམ་བཀྲ་ཤིས་བྱཿ བདག་འདྲ་པདྨ་སཾ་བྷ་ཝཿ སྙིགསདུས་འགྲོ་བ་སྐྱོབས་པའི་ཕྱིརཿ རང་གི་སྒྲུབ་པ་ཟབ་མོ་འདིཿ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏདཿ ཌཱཀྐིའི་བརྡའ་རིས་ཆེན་མོར་ཐོབཿ མཐའ་དབྱིངས་ཀློང་སྒྲོམ་རྨུག་པོར་སྦོསཿ མ་འོངས་དུས་ཀྱི་སྙིགས་མ་ལཿ རྟེན་འབྲེལ་དུས་ལ་བབས་པའི་ཚེཿ ང་སྤྲུལ་ལྷ་ལྕམ་གཉིས་དང་འཕྲདཿ འགྲོ་ཀུན་འདྲེན་པའི་དཔལ་དུ་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ བདག་འདྲ་དུས་མཐའི་སྔགས་འཆང་མཁའ་འགྲོའི་གསང་མཛོད་ཀྱི་བདག་པོ་བདེ་བའི་རྡོ་རྗེའི་ཌཱཀྐིའི་བརྡའ་འགྲོལ་གྱི་སྐབས་ཆུ་མོ་ལུག་གི་ལོའི་མཆུ་ཟླ་བར་དག་པར་ཕབ་པའི་ཡི་གེ་འདུ་བྱེད་ཆོས་བདག་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཡོངས་སུ་དགེ་བར་གྱུར་ཅིགཿ སརྦ་མངྒ་ལཾ། དགེའོ།། །།