DKYD-KABUM-06-CHA-038

From Khyentse Lineage - A Tsadra Foundation Project
Revision as of 12:07, 27 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 6, Text 38, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །དགྲ་བླ་གླིང་རྗེ་ནོར་བུ་དགྲ་འདུལ་གྱི་བསྟོད་བསྐུལ་དྲང་སྲོང་ཁྲོས་པའི་རྔམས་གླུ་ཞེས་བྱ་བ་བཞུགས་སོ། །

༄༅། «།དེ་ལ་འདིར་ནི་ཐོག་མར་བསང་གསུར་དངཿ རྐང་གླིང་ཐོད་རྔ་རོལ་ཆེན་ལ་སོགས་པཿ སྤྲོས་བཅས་འདུ་བྱས་སྤྲོས་མེད་རྣལ་འབྱོར་གྱིས༔ ཡང་དག་ལྟ་བའི་ང་རྒྱལ་ལྡན་པ་ཡིས༔ དཔལ་ལྡན་བླ་མ་རྒྱལ་བ་ཀུན་འདུས་རྗེཿ གླིང་རྗེ་སེང་ཆེན་རྒྱལ་པོའི་ངོ་བོ་རུཿ དབྱེར་མེད་དད་གུས་གདུང་ཤུགས་དྲག་པོའི་ངངཿ རྔམས་པའི་དབྱངས་ཀྱིས་འདི་ལྟར་བརྗོད་པར་བྱཿ »ན་མོ་གུ་རུ་བཛྲ་དྷརྨཱ་དྷེ་ཝ་པུཥྤེ་མ་ཎི་རཏྣ་སརྦ་སིདྡྷི་ཕ་ལ་ཧྲཱིཿ སྒེགས་དཔའ་འཇིགས་རུང་སྲིན་པོའི་ཡུལ་གྱི་རྔ་ཡབ་ཟངས་གླིང་ཕོ་བྲང་ནསཿ རྒྱལ་ཀུན་འདུས་ཞལ་འོ་མཚོ་ལས་འཁྲུངས་པདྨ་ཐོད་འཕྲེང་ཐུགས་ལས་སྤྲུལཿ འཛམ་གླིང་འདིའི་གཙོས་ལྷ་མི་ཡོངས་ཀྱི་རྒུད་པ་རབ་སེལ་གླིང་རྗེ་མཆོགཿ བདག་སོགས་གཙུག་རྒྱན་སྲིད་ན་མངོན་མཐོ་དགོས་འདོད་ནོར་བུའི་བང་མཛོད་གཏེརཿ སྒྲུབ་པ་པོ་ལ་ཚེ་ནོར་ལོངས་སྤྱོད་ཡིད་ལ་གང་འདོད་ཆར་ལྟར་སྩོལཿ ཁྱོད་ཞལ་རབ་བརྗིད་མེ་ཤེལ་ལྷུན་པོར་བཀྲག་མདངས་ཀུ་མུད་འབུམ་གྱིས་འཁྱུདཿ གདུག་ཅིང་སྡང་བའི་བླ་རྩལ་འཁུམ་ཞིང་ལོ་ཀའི་མུན་པ་མ་ལུས་བཅོམཿ དྲག་པོའི་སྤྱན་མིག་སྐར་ལྟར་བཀྲ་བའི་རྣམ་ཀུན་གཡེལ་མེད་བྱ་ར་མཛདཿ ཉམས་པའི་གནོད་བྱེད་ཕྱོགས་བཞིའི་བདུད་དགྲས་འགལ་རྐྱེན་གང་བརྩམ་ཟློག་པར་བྱེདཿ མི་འགྱུར་སྐུ་མཆོག་དུང་གི་རི་དབང་མཆོག་ཏུ་གཟུགས་བཟང་སྲིད་ན་རྔམསཿ ཞིང་བཅུའི་དགྲ་བོ་སྲོག་གི་གཤེད་དུ་བཞུགས་པས་སྒྲུབ་པོའི་ཚེ་བསོད་སྤེལཿ དགྲ་བླའི་བེར་སྨུག་ལྷ་ཡི་གོས་མཆོག་རིན་ཐང་བརྒྱ་བ་སྐུ་ལ་གསོལཿ མི་མཐུན་ཕྱོགས་ཀྱི་ཡུལ་སྡེ་སྡོང་ཟླ་དཔུང་དག་བཅས་པ་ཆམ་ལ་འབེབཿ གྲུབ་པའི་རྒྱལ་མོའི་ཚེ་མདུད་རང་བྱོན་སྐུ་ཆིངས་རིན་ཆེན་ལྔ་ལས་གྲུབཿ སྐལ་ལྡན་ཚེ་བསོད་ཕྱྭ་གཡང་སྤེལ་ལ་སྐལ་མེད་མཐུ་རྩལ་འཆང་བར་བྱེདཿ རྡོ་རྗེའི་གོ་ཁྲབ་སིལ་མ་ཐོག་རྒྱུག་མི་མིན་འཕྲུལ་གྱིས་བཞེངས་པ་མནབསཿ སྣང་སྲིད་ལྷ་སྲིན་དྲེགས་པ་ཅན་རྣམས་བྲན་ཏུ་བཀོལ་ཞིང་དབང་དུ་སྡུདཿ དབུ་ལ་རྒྱལ་བས་བྱིན་གྱིས་བརླབས་པའི་རྨོག་དཀར་དར་འཕྲུལ་དགོང་ལ་སྙེགསཿ སྡང་དགྲའི་ཁ་རྗེ་ས་གསུམ་སྨད་ཅིང་རྣལ་འབྱོར་དབུ་འཕང་སྲིད་རྩེར་བསྟོདཿ ཕྱག་གཡས་ཉོན་མོངས་བདུད་སྡེ་འཇོམས་པའི་ཤེས་རབ་རལ་གྲི་ནམ་མཁར་ཕྱརཿ སྲིད་པ་གསུམ་གནས་བསྟན་དགྲའི་དམག་དཔུང་ཐལ་བར་བརླག་ཕྱིར་དྲག་ཏུ་གཟིརཿ ཕྱག་གཡོན་སྒྲུབ་པོར་དངོས་གྲུབ་སྩོལ་ཕྱིར་ཐབས་ཀྱི་བྷནྡྷ་བདུད་རྩིས་བཀངཿ རིག་འཛིན་རྣལ་འབྱོར་བུ་ལྟར་སྐྱོང་ཞིང་གླག་ལྟའི་ཡུལ་དུ་དུག་ཆར་འབེབསཿ ཞབས་ལ་སག་ལྷྭམ་འཇའ་ཚོན་རབ་འབར་མཆོག་ཏུ་མཛེས་པ་གསོལ་བ་ཡིསཿ དམ་སྲི་འབྱུང་པོ་གཟུགས་ཅན་གཟུགས་མེད་རྡུལ་དུ་རློག་ཅིང་དབང་ཐང་འཕྲོགཿ མགུལ་གའུ་རིན་ཆེན་སྣ་ཚོགས་འོད་འབར་མདུན་ན་མཛེས་བཞིན་རྒྱན་དུ་བཅིངསཿ མཁའ་འགྲོ་དམ་ཅན་སྲོག་གི་བླ་རྡོ་དཔའ་རྟགས་རྒྱལ་བའི་དཔང་པོར་བཞུགསཿ ཀླུ་ཡི་བླ་ཞགས་སྦལ་སྦྲུལ་འདོམ་དགུ་དམ་ཉམས་འབྱུང་པོའི་མགུལ་ནས་འཁྱུདཿ རྣམ་མང་འཕྲིན་ལས་འོད་ཞགས་འགྱེད་པས་མི་བསྲུན་རཱུ་ཏྲའི་བླ་ཡིད་འཆིངཿ དུས་གསུམ་སྒྲིབ་མེད་ལེགས་ཉེས་གསལ་སྟོན་དྲི་བྲལ་མེ་ལོང་ཐུགས་ཀར་བཏགསཿ དགྲ་གདོན་འབྱུང་པོའི་སྙིང་རྩ་འདར་ཞིང་བླ་དང་ཡིད་མྱོས་དབང་དུ་བསྒྱུརཿ གཉན་གྱི་བླ་མདུང་ཁམས་གསུམ་དགྲ་འདུལ་བ་དན་འཕྱོ་མཛེས་མཆན་གཡོན་བརྟེནཿ ལྷ་མིར་བཅས་པའི་དྲེགས་ཚོགས་ཟིལ་གནོན་སྟོང་གསུམ་དགྲ་འཇོམས་སྟོབས་པོ་ཆེཿ རྣོ་བའི་མཚོན་ཐོགས་དཔའ་བའི་ཆས་གསོལ་བསམ་པའི་དོན་ཀུན་མྱུར་དུ་སྒྲུབཿ འཛམ་བུའི་ཆུ་གསེར་མཆོག་ལས་གྲུབ་པའི་གསེར་སྒ་ཉི་མ་རང་ཤར་གྱིསཿ མ་རུང་བདུད་སྡེའི་གཉན་ནོན་བྱེད་ཅིང་ལྷ་རྟ་གྱི་ལིང་རྒྱན་ཏུ་སྤྲསཿ བྱོལ་སོང་གཟུགས་ལ་བྱང་སེམས་ཐུགས་བརྙེས་ཆིབ་རྟ་རྐྱང་རྒོད་འཕེར་བོ་ནིཿ སྲིད་གསུམ་ཁྱབ་འཇུག་རྫུ་འཕྲུལ་ཤུགས་ལྡན་རྨིག་བཞིས་ཕྱོགས་བཞིའི་དགྲ་བཞི་འདུལཿ གཡུ་ཡི་སྲབ་དང་གློ་ལེན་གོང་སྨེད་མུ་ཏིག་ནོར་བུའི་རིགས་ཀྱིས་སྤུདཿ དངུལ་དཀར་ཡོབ་ཆེན་ངོ་མཚར་བཀོད་ལེགས་བལ་སྟན་གངས་དཀར་མདངས་འཛིན་མཛེསཿ དྲིལ་གཡེར་རྣམ་མང་སྣ་ཚོགས་རིན་ཆེན་ལྷ་ཀླུའི་རཏྣའི་འཕྱང་འཕྲུལ་གཡོསཿ དགྲ་སྒྲོག་གཅོད་ཅིང་རང་ཕྱོགས་རྣམ་རྒྱལ་བསྲུང་བ་ལེབ་ཆེན་སུམ་ཅུ་དངཿ ཤ་ཟན་ཁྲག་འཐུང་ལྕགས་མདའ་སུམ་ཅུས་དམིགས་པའི་འབེན་དུ་ཨ་ལ་ལཿ གཡས་སུ་སྟག་དོང་དགྲ་བླའི་རྫོང་ཆེན་མི་སྐད་གོ་བའི་ལྷ་མདས་བརྒྱནཿ གཡོན་གྱི་གཟིག་ཤུབས་ཝེར་མའི་བླ་གནས་གཞུ་མོ་གཟའ་བདུད་རང་འཁོར་བཞུགསཿ མ་མོའི་བླ་མཚོན་རྡོ་རྗེའི་བྲག་ཆོད་བརྩེ་གྲོགས་བླ་རྡོ་ཤེལ་གྱི་གྲིཿ གནམ་ལྕགས་ཐོག་མདའ་མཚོན་གྱི་འཕྲུལ་སོགས་ལྷ་ཁྱོད་མཐུ་རྩལ་བསམ་མི་ཁྱབཿ དྲེགས་ལྡན་འབུམ་གྱི་གཙུགས་ན་རབ་གནོན་ངོ་མཚར་མཚན་དཔེ་དབང་པོས་འཁྱུདཿ གང་སྐུའི་གཟི་བརྗིད་ཉི་མ་བྱེ་བས་མ་རུང་གཡུལ་ངོ་བསྲེགས་མཛད་ཅིངཿ ཟབ་མོའི་གསུང་དབྱངས་འབུམ་ཕྲག་དྲུག་ཅུས་སྟོང་གསུམ་ལྡིར་བས་ལོག་འདྲེན་རྣམསཿ སྙིང་རྩ་འགེམ་ཞིང་སྲོག་སྙིང་ཕུལ་ནས་བཀའ་དང་དམ་བཞག་བྲན་དུ་བཀོལཿ སྙིང་རྗེའི་རང་གཟུགས་བདེ་སྟོང་འཕོ་མེད་མི་འགྱུར་ཐུགས་རྗེའི་རང་རྩལ་ལསཿ ཁམས་གསུམ་སྲིད་གསུམ་གཟུགས་ཅན་གཟུགས་མེད་རང་དབང་མེད་པ་ལྷ་མིར་བཅསཿ སྣང་སྲིད་མ་ལུས་ཁྱེད་དབང་མ་གྱུར་ཁྱེད་ལ་མི་འདུ་གང་ཡང་མེདཿ སྤྱོད་པ་ཚུལ་ལྡན་ལྟ་བས་རྒྱུད་གྲོལ་ཡང་དག་བཤེས་ཀྱི་གཉེན་གཅིག་པུཿ ལྷག་པའི་ལྷ་མཆོག་ཁྱོད་ཞལ་སྟོན་ལ་ལུས་དང་གྲིབ་བཞིན་མི་འབྲལ་འགྲོགསཿ དངོས་བཤམས་ཡིད་སྤྲུལ་བསྐང་རྟེན་རྫས་དང་བདུད་རྩི་གསེར་སྐྱེམས་མཆོད་པ་བཞེསཿ པདྨའི་བརྒྱུད་འཛིན་བདག་གི་སྨོན་པ་སྔ་འགྱུར་སྲོལ་འབྱེད་ཤིང་རྟ་ཡིསཿ ཟབ་གསང་ལ་མོས་སྐལ་ལྡན་གང་ཟག་ཐར་བའི་གཙུག་ལག་བཟང་པོར་འདྲེནཿ གདུལ་བྱའི་དད་པའི་ཞིང་ས་གཤིན་པོར་ལུང་རིགས་མྱུ་གུ་རབ་བསྐྱེད་ལཿ ཕན་བདེའི་རྩ་ལག་ངེས་དོན་ཨ་ཏིའི་པད་དཀར་ཕྱོགས་བཅུར་ངོམ་པར་གྱུརཿ འཛིན་སྐྱོང་སྤེལ་མཛད་རྒྱལ་དང་རྒྱལ་སྲས་དགེ་འདུན་འཕགས་ཚོགས་སྤྲིན་ལྟར་གཏིབཿ བླ་མེད་སྙིང་ཐིག་ཡང་ཐིག་ཐུགས་ཐིག་ཡོངས་གྲགས་རང་ལུགས་ནུབ་མེད་སྤེལཿ བསྟན་དང་བསྟན་འཛིན་རྣམས་ལ་སྡང་བའི་རཱུ་ཏྲ་མིང་གི་ལྷག་མར་ཐོངསཿ ཁམས་གསུམ་དབང་སྡུད་སྲིད་གསུམ་མྱུར་འགུགས་ཕ་རོལ་སྤ་སྐོང་ཟིལ་གྱིས་གནོནཿ འདོད་པའི་དོན་ཀུན་མྱུར་འགྲུབ་མཛོད་ཅིག་ཕྲིན་ལས་དམ་པ་ཨེ་མ་ཧོཿ ཀྭྀ་བསྭོ་ལྷ་རྒྱལ་དགྲ་འདུལ་རྒྱལ་པོ་ལྷ་འཁོར་བཅས་ལ་བདག་བསྟོད་དོཿ« ཅེས་པ་འདི་ཡང་དར་མདོའི་སྤྲང་བན་ངསཿ རྔ་ཡབ་གླིང་ནས་པདྨའི་ཐུགས་ལས་སྤྲུལཿ མ་ཧཱ་རཱ་ཛ་སེང་ཆེན་གེ་སར་ལྷཿ ཁྱོད་ལ་དད་ཅིང་བསྟོད་བསྐུལ་འདི་ཕུལ་ནཿ བདག་སོགས་རྣམ་མང་སྲས་པོའི་གཏེར་ཁང་ལྟརཿ ཚེ་བསོད་དཔལ་གྱི་ཕྱུར་བུར་གཏམས་གྱུར་ཏེཿ དགེ་ལེགས་རྒྱ་མཚོའི་ཕ་མཐར་བྱས་པ་དང་ཿ མ་རུང་བསྟན་དགྲ་ཐལ་བར་བརླག་པ་སོགསཿ བསྟན་བགྲོར་འདོད་འབྱུང་ཡིད་བཞིན་དབང་རྒྱལ་ལྟརཿ ས་གསུམ་སྐྱེ་དགུའི་ཉིན་མོར་བྱེད་པར་ཤོགཿ ༈ རྒྱལ་བ་རྒྱལ་མཆོག་རྒྱལ་བ་བདུད་ལས་རྒྱལཿ རྒྱལ་བའི་རྒྱལ་སྲས་རྒྱལ་དབང་པདྨ་རྒྱལཿ རྒྱལ་མཚུངས་རྒྱལ་པོ་རྒྱལ་རིགས་གླིང་རྗེ་རྒྱལཿ རྒྱལ་བསྟན་རྒྱལ་མཚན་རྒྱལ་བའི་ཞིང་འདིར་རྒྱལཿ དགེ་ཞིང་བཀྲ་ཤིས་སརྦ་མངྒ་ལཾ། །གཞི་རྒྱུད་བདེ་སྙིང་པོའི་གཤིས་ལུགས་གང༌། །དམྱལ་མེས་མ་ཚིག་པྲེ་ཏས་མ་ཕོངས་ཤིང༌། །དུད་འགྲོར་མ་འཐུམ་ལྕམ་མོཌཱཀྐི་མ། །ཚེ་འཛིན་དབང་མོས་ཡི་གེར་རིས་སུ་བཏབས། །དགེ་བས་བདག་གཞན་སངས་རྒྱས་སར་འགོད་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །དགེའོ། །དགེའོ། །དགེའོ། །