DKYD-KABUM-04-NGA-028

From Khyentse Lineage - A Tsadra Foundation Project
Revision as of 09:33, 24 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 4, Text 28, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། «།ཕྲིན་ལས་ཕུར་པའི་ལྷ་ལ་འདུདཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལཿ ཆོས་བྱེད་བར་ཆད་མང་བའི་ཚེཿ རྡོ་རྗེ་ཕུར་བ་སྒྲུབ་པའི་ཐབསཿ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ནིཿ »རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ «སོགས་ལན་གསུམཿ» རང་རིག་དེ་བཞིན་ཉིད་ཀྱི་རང་མདངས་ལསཿ སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་འཕྲོསཿ རྒྱུ་ཡི་ས་བོན་ཧཱུྃ་ཡིག་མཐིང་ནག་འབརཿ འཕྲོ་འདུས་འོད་ཞུ་ཡོངས་སུ་གྱུར་པ་ལསཿ རང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུཿ མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་མདངསཿ དབུས་མཐིང་རབ་རྔམ་སྤྱན་དགུ་སྨར་སྨིན་འབརཿ ཕྱག་དྲུག་གཡས་གཉིས་རྡོ་རྗེ་དགྲ་སྟྭ་དངཿ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་རྩེ་གསུམ་འཛིནཿ ཐ་ཕྱར་གནམ་ལྕགས་རི་རབ་ཕུར་བུ་བསྒྲིལཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུའི་སྤྲསཿ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་སྔགས་སྒྲ་སྒྲོགསཿ སྐུ་སྨད་གནམ་ལྕགས་ཕུར་བུ་ཟུར་གསུམ་པཿ རྣོ་ངར་རབ་ལྡན་དམ་སྲི་ཕོ་མོ་ཡིཿ སྙིང་ཀར་གཟིར་ཞིང་ཚེ་བསོད་བཀྲག་མདངས་འདྲེནཿ ཆུ་སྲིན་ཁ་ནས་གནམ་ལྕགས་ཐོག་སེར་འཕྲོཿ འབྲུག་སྟོང་ལྡིར་ཞིང་གློག་འོད་ཕོ་ཉར་འགྱེདཿ སྐུ་ཡི་གནས་བཅུར་ཁྲོ་བཅུ་ཕྲ་ཕྱག་གཏམསཿ ཁྲོ་རྒྱལ་ཡོངས་ཀྱི་ཕྲིན་ལས་གཅིག་བསྡུས་དཔལཿ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་སྐུཿ བསྐྱེད་དུ་མེད་དེ་ཡེ་ནས་ལྷ་ཡི་ངངཿ སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་མི་དམིགས་ཏེཿ བདེ་བ་ཆེན་པོའི་མཆོད་ཆེན་རྟག་ཏུ་མཆོདཿ ཁྱབ་བརྡལ་མ་བཅོས་ངང་ནས་བསྟོད་པར་བགྱིཿ ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེ་བ་རུཿ ཉི་ཟླའི་གདན་ལ་ཧཱུྃ་མཐིང་སྔགས་ཀྱིས་བསྐོརཿ དེ་ལས་འོད་འཕྲོས་རྒྱལ་མཆོད་བྱིན་ནུས་བསྡུསཿ འགྲོ་ཀུན་སྡིག་སྒྲིབ་བྱང་ཞིང་མཐུ་དཔལ་བསྡུསཿ འོད་ཟེར་མེ་སྟག་ཚྭ་ཚྭ་འཕྲོས་པ་ཡིསཿ སྡེ་བརྒྱད་ལོག་འདྲེན་དམ་སྲི་ཀུན་བཏུལ་ཞིངཿ གཉིས་སྣང་གཟུང་འཛིན་དགྲ་བགེགས་ཚར་བཅད་ནསཿ ཆོས་དབྱིངས་ཁྱབ་གདལ་བདེ་བ་ཆེན་པོའི་ངངཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊཿ« ཆོས་ཀྱི་ངང་ནས་སྔགས་འདི་མང་དུ་བཟླའོཿ ཐུན་མཐར་སྟོང་ཚིག་གིས་བསྟོད་མི་དམིགས་ངངཿ འདི་ནི་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ཏེཿ ཕུར་སྒྲུབ་ཡང་བཅུད་པདྨའི་སྙིང་གི་ཁྲགཿ མཁར་ཆེན་མཚོ་རྒྱལ་ཡུམ་མཆོག་ཁྱོད་ལ་གདམསཿ རང་ཉིད་ཉམས་སུ་ལོངས་ལ་མ་འོངས་དུསཿ ང་སྤྲུལ་རིག་འཛིན་དེ་དང་འཕྲད་པར་ཤོགཿ འདི་ཉིད་ཉམས་སུ་ལེན་པའི་ཡབ་ཡུམ་ཟུངཿ བར་ཆད་བདུད་དབང་མི་འགྱུར་པདྨའི་བཀའཿ ཤིན་ཏུ་གསང་ཞིང་རང་གིས་ཉམས་སུ་ལོངསཿ ས་མ་ཡཱཿ རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ