DKYD-KABUM-02-KHA-032

From Khyentse Lineage - A Tsadra Foundation Project
Revision as of 11:22, 17 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 32, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
[edit]
༅། །ཨརྠཧཎཾ སྭོ ྅ ཀྵ ར སྶི པྲད ཡཱ ཏྟཱཾ པྲ ཤྩི ནཾ གར ལཾ བཱ ཥྤ པཱ རཱ ལ ཎཱཾ ཀྛོ ཊི ཀ སྶ ས རྠི ཏ ཿ ཁ རྒཿ པ རཱ མྲྀཥྟ ཚི དུ རོ ཏི སྨ། །༄༅། །འཛིན་པ་རང་གྲིལ་མན་ངག་ལསཿ དྲག་བསྐུལ་དུག་རླངས་འཚུབས་མ་དང་ཿ མཐའ་གཏད་སྤུ་གྲི་རེག་གཅོད་བཞུགསཿ ཿ

«༄༅། །྅྅྅ ཁམས་གསུམ་སྲོག་ལ་དབང་བསྐུར་མཐུ་མོ་ཆེཿ ཤ་ཟ་ཁྲག་འཐུང་ཁྲོས་མའི་རྒྱལ་ལ་འདུདཿ སྙིགས་མ་ལྔ་བསྡོ་དུས་ཀྱི་མར་ཤམ་ནཿ ནག་ཕྱོགས་ཁ་དར་བསྟན་དང་དེ་འཛིན་ལཿ ལོག་ལྟ་དམ་ཉམས་གནོད་སྦྱོར་རྩོམ་པ་མངཿ ཁྱད་པར་ཐུགས་ཐིག་བརྒྱུད་འཛིན་རྣལ་འབྱོར་ལཿ ལོག་ལྟ་སྒྲོ་བཟུང་བསྐུར་དོ་བསྡོ་ཕོད་བཙུགས་པའིཿ བསམ་ངན་སྦྱོར་རྩུབ་དགྲ་བོ་འབྱུང་སྲིད་པསཿ དེ་ཉིད་མངོན་སྤྱོད་དྲག་པོས་མ་བསྒྲལ་ནཿ བསྟན་པ་ཉམས་ཤིང་དེར་འཛིན་ཚོགས་རྣམས་པ་སུནཿ དུས་ངན་སྐྱེ་བོས་བཤུངས་རྒྱུར་གྱུར་པའིཿ རྩུབ་སྤུ་གྲི་རེག་གཅོད་མཚོན་ཆའི་འཁོར་ལོ་འདིཿ བརྟུལ་ཞུགས་ལྡན་པའི་རྣལ་འབྱོར་མཚོན་ཆ་བསྟནཿ སྙིང་འདྲའི་བུ་ལས་གཅིག་བརྒྱུད་དམ་ཚིག་རྒྱཿ རྣལ་འབྱོར་པ་ལ་དགྲ་བྱུང་ནཿ འཛིན་པ་རང་གྲོལ་གྱི་ཉམས་ལེན་འགྱེད་ཆེན་བཞི་དང་བཅས་རྟགས་ཐོན་དུ་བསྒྲུབ་པའམཿ ཡང་ན་གློ་བུར་ལས་བཅོལ་གྱི་ཚེ་ཁྲོས་མའི་ཟིལ་གནོན་ལ་བརྟེན་ནས་གཙོ་བོར་ལས་དམ་ཚིག་ཤ་ཟ་འཇིག་རྟེན་མཁའ་འགྲོའི་ཚོགས་རྣམས་དབང་སྡུད་དམིགས་པ་དྲག་པོ་བྱ་ཞིང་དྲག་གཏོར་དུག་ཁྲག་གིས་ཁྱུགས་པ་ལ་འཁོར་གྲངས་མང་བཅད་ཁ་ཕྱིར་བསྟན་གྲངས་མེད་ཀྱིས་བསྐོར་བ་ལ་ཤ་རུས་ཁྲག་སྣས་བརྒྱནཿ གྲི་རྡོའམ་དུ་རྡོ་ཟུར་ཅན་ལ་དུག་ཁྲག་དང་རོ་སོལ་གྱིས་བྱུགས་པ་དགུ་བཅས་འདུ་བྱས་པ་སྤྲོས་བཅས་དངཿ སྤྲོས་མེད་ལ་རྡོ་ཟོར་གཅིག་པུའི་ཀྱང་རུང་ངོཿ རྣལ་འབྱོར་པ་རྣལ་འབྱོར་ཁྲོས་མའི་ང་རྒྱལ་དང་ལྡན་པའི་ངང་ནས་ཅང་ཏེའུ་གླིང་བུའི་སྒྲ་དང་བཅསཿ »ཕཊཿ རང་རིག་མ་བཅོས་ཟིལ་གནོན་དོན་གྱི་ལྷཿ དམ་པ་རྒྱ་གར་ཨ་ཙར་ནག་པོ་ནིཿ སྤྱན་གསུམ་སྡང་མིག་ཞལ་ནས་ང་རོ་སྒྲོགསཿ དབུ་སྐྲ་ཐོར་ཅོག་ལྷག་མ་ས་ལ་བསྙིལཿ སྐུ་ཆེ་ཡན་ལག་རགས་པ་རི་རབ་ཙམཿ གཡས་པས་གནམ་ལྕགས་ཐོ་བ་ནམ་མཁར་ཕྱརཿ གཡོན་པས་སྤུ་གྲི་རེག་གཅོད་རླུང་འཁོར་བསྐོརཿ མི་ལྤགས་སྟོད་གཡོགས་སྟག་གི་ཤམ་ཐབས་ཅནཿ ཞབས་གཉིས་དཔའ་བོ་རོལ་པའི་སྟབས་སུ་འགྱིངསཿ སྐུ་ལས་རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོསཿ འཁོར་འདས་བརླག་པའི་མཐུ་སྟོབས་ནུས་པར་ལྡནཿ ཡེ་ཤེས་ལས་དང་དམ་ཚིག་ཌཱཀྐི་མཿ ཤ་ཟ་ཁྲག་འཐུང་འཇིག་རྟེན་མཁའ་འགྲོའི་ཚོགསཿ སྔགས་སྲུང་ལ་སོགས་མ་མོའི་དམག་ཚོགས་འབུམཿ ཕོ་རྒྱུད་མགོན་པོ་མོ་རྒྱུད་ལྷ་མོ་དངཿ གཟའ་རྒོད་དམ་ཅན་དྲེགས་པ་སྡེ་བརྒྱད་ཚོགསཿ རང་དབང་མེད་པར་སྐྲག་ཅིང་སྲོག་སྙིང་སྐྱུགཿ ཕྱག་འཚལ་བྲོ་བོར་ལས་ལ་འདུས་པར་གྱུརཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ བྷྱོཿ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོ་ནསཿ རབ་འཇིགས་དྲག་པོའི་གནས་མཆོག་ཨུ་ཙ་ལཿ དྲག་པོའི་ཐོད་མཁར་འབར་བའི་གཞལ་ཡས་ནསཿ ཡུམ་ཆེན་བདུད་འདུལ་ཁྲོས་མ་ནག་མོ་ནིཿ ཐུགས་རྗེ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ སྐུ་ལས་སྤྲུལ་པའི་ཟ་བྱེད་ནག་མོ་འབུམཿ གསུང་ལས་སྤྲུལ་པའི་གསོད་བྱེད་དམར་མོ་འབུམཿ ཐུགས་ལས་སྤྲུལ་པའི་སྒྲོལ་བྱེད་མཐིང་ག་འབུམཿ ཡོན་ཏན་སྤྲུལ་པའི་སྲོག་འཕྲོག་སེར་ནག་འབུམཿ ཕྲིན་ལས་སྤྲུལ་པ་ཕུང་བྱེད་ཐལ་མདོག་འབུམཿ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དངཿ མཐུ་ལྡན་ལྷ་གཉན་གནོད་སྦྱིན་ཀླུ་རིགས་སོགསཿ དཀར་ཕྱོགས་སྐྱོང་རྣམས་གསན་ཅིང་དགོངས་སུ་གསོལཿ བདག་ཅག་འཛིན་པ་རང་གྲོལ་རྣལ་འབྱོར་པཿ གཞོན་ནུའི་དུས་ནས་ཐེག་ཆེན་སྒོར་ཞུགས་ཤིངཿ བཀའ་དྲིན་སུམ་ལྡན་བླ་མ་ཐོད་དུ་ཁུརཿ བཀའ་བཞིན་བསྒྲུབ་ཅིང་ལུས་སྲོག་འབེན་དུ་བཙུགསཿ ཞབས་ཏོག་མཐར་ཕྱིན་བསྐྱེད་རྫོགས་དོན་ལ་སྦྱངསཿ ཁྲེགས་ཆོད་ཐོད་རྒལ་དགོངས་པའི་བཙན་ས་ཟིནཿ དཀའ་བ་དྭང་ལེན་ངལ་བ་ཁྱད་གསོད་ཅིངཿ སེམས་ཅན་དོན་སྒྲུབ་བྱང་ཆུབ་ལམ་ལ་བཀོདཿ གསང་སྔགས་སྦྱོར་སྒྲོལ་བླ་ན་མེད་པའི་ལམཿ ཐེ་ཚོམ་མེད་པར་ཉམས་བླངས་འབྲས་བུ་ཐོབཿ ཀུན་ལ་ཕན་པའི་ལྷག་བསམ་ལྡན་མོད་ཀྱངཿ དོ་བསྡོ་ཕོད་དུ་བཙུགས་པའི་དགྲ་འདི་ལཿ ཐོག་མཐའ་བར་གསུམ་ལུས་ངག་སེམས་མ་ཉེསཿ འདི་ཕྱིར་ཕན་པའི་བསམ་སྦྱོར་བརྩོན་ན་ཡངཿ ཐོག་མར་ཉེས་མེད་བདག་ལ་ངན་སེམས་འཆངཿ བར་དུ་དངོས་སམ་རྒྱུད་ནས་གནོད་སྦྱོར་བརྩོམསཿ ཐ་མ་དགྲ་མཚོན་དུག་གི་སྣ་འདྲེན་བྱེདཿ དམངས་སུ་འབེབ་ཅིང་ལུས་སྲོག་འདོར་བར་ཉེཿ འཁོར་དང་ལོངས་སྤྱོད་སྡེ་རིས་འཕྲོག་པར་རློམཿ དམ་ལྡན་སློབ་མའི་འཁོར་ཚོགས་སྡུག་ལ་སྦྱོརཿ དད་ལྡན་སྦྱིན་བདག་རིགས་གྱུར་སྡུག་བསྔལ་བསྐྱེདཿ ཁྱེད་རྣམས་ཡེ་ཤེས་སྤྱན་གྱིས་མི་གཟིགས་སམཿ བླ་མར་གསོལ་བཏབ་ཡི་དམ་བསྙེན་ཅིང་བསྒྲུབཿ མཁའ་འགྲོ་གཏོར་ཚོགས་སྲུང་མར་མཆོད་སྒྲུབ་ཅིང་ཿ དཀར་ཕྱོགས་ཟོ་དོར་བསྟེན་པ་དོན་མེད་དམཿ ད་ནི་མངོན་སྤྱོད་ཕྲིན་ལས་མ་མཛད་ནཿ བདག་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྲིད་པ་རུ་ལོག་བཀའ་རྟགས་ཕྱག་རྒྱ་ཡིསཿ འཇིག་རྟེན་མ་མོ་མཁའ་འགྲོ་བསྟན་སྲུང་སྡེཿ དྲེགས་པ་སྡེ་བརྒྱད་སྣང་སྲིད་ལྷ་འདྲེར་བཅསཿ སྲོག་སྙིང་ཕྲོག་ཅིང་སྙིང་ཁྲག་ཐང་དུ་བོརཿ ལུས་སེམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགཿ རྣམ་ཤེས་མནར་མེད་དམྱལ་བའི་གནས་སུ་འཕེནཿ བསྐལ་ཆེན་སྡུག་བསྔལ་ཉམས་སུ་མྱོང་བར་བྱེདཿ བདག་ནི་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པཿ ཆོས་སྐུ་གཏད་མེད་རིག་པའི་རྒྱལ་ས་ཟིནཿ ཁྲག་འཐུང་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀཿ ཡེ་ཤེས་ལས་དང་དམ་ཚིག་མཁའ་འགྲོ་མཿ ཁྱེད་རྣམས་ཀུན་གྱི་སྲོག་སྙིང་ང་ལ་ཡོདཿ ཡེ་ཤེས་གྲུབ་ཀྱང་འཇིག་རྟེན་ཚུལ་བཟུང་ལཿ རང་རང་རྟགས་དང་རྫུ་འཕྲུལ་མངོན་ཕྱུངས་ཤིགཿ སྲིད་པ་གསུམ་གྱི་དམག་ཚོགས་ཀུན་བསྡུས་ནསཿ དམ་ཉམས་དགྲ་བོའི་སྟེང་དུ་དམག་དཔུང་ཆོསཿ ལས་བྱེད་མ་མོའི་ཚོགས་ཀྱིས་དམག་སྣ་དྲོངསཿ ཤན་པ་ལག་དམར་ཚོགས་ཀྱིས་སྲོག་སྙིང་ལོངསཿ དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བླ་སྲོག་ཁྱེརཿ འཇིག་རྟེན་མཁའ་འགྲོའི་ཚོགས་ཀྱིས་རྟེན་དང་ཕྲོལཿ སྣང་སྲིད་ལྷ་འདྲེའི་ཚོགས་ཀྱིས་ཆོ་འཕྲུལ་སྟོནཿ ལོ་ཟླ་ཞག་དང་དུས་ཚོད་མ་འགྱངས་པརཿ སྐད་ཅིག་ད་ལྟ་ཉིད་དུ་མྱུར་བར་རྒྱུགཿ ཞེ་སྡང་ཕྱུང་ལ་ང་རྒྱལ་དྲག་པོ་བསྐྱེདཿ མགྱོགས་པ་ཞོན་ལ་རྣོ་མཚོན་ངར་མ་ཐོགསཿ བརྒྱ་བྱིན་གཡུལ་ངོར་ཆས་བཞིན་དཔུང་དང་བཅསཿ མིང་དང་མཚན་མ་མ་ནོར་དམིགས་པའི་དགྲཿ སྲོག་ཆོད་དབུགས་ལོང་སྙིང་ཁྲག་དྲོན་མོ་འཐུང་ཿ རྣམ་ཤེས་རྟེན་དང་ཕྲོལ་ལ་བླ་ཚེ་བསྡུསཿ ཤ་ཁྲག་དོན་སྙིང་ནང་རོལ་རྔམས་ཟས་གྱིསཿ ལོ་ཟླ་ལྟ་ཅི་ཞག་དུས་འགྱངས་གྱུར་ནཿ ཁྱེད་རྣམས་དམ་ཚིག་ཉམས་པའི་བཀའ་ཆད་གཅོདཿ ལྷ་ཡི་དམག་ཚོགས་བྱ་ལྟར་ཉི་ལི་ལིཿ གཉན་གྱི་དམག་ཚོགས་ཐོག་ལྟར་ཤ་ར་རཿ ཀླུ་ཡི་དམག་ཚོགས་རྡུལ་ལྟར་ཕྱུ་རུ་རུཿ སྲུང་མའི་དམག་ཚོགས་སྐར་ལྟར་ཁྲིགས་སེ་ཁྲིགཿ མ་མོའི་དམག་ཚོགས་བུ་ཡུག་ཚུབས་སེ་ཚུབཿ མཁའ་འགྲོའི་དམག་ཚོགས་སྤྲིན་ལྟར་ཐིབས་སེ་ཐིབཿ བདག་ལ་སྡང་བའི་དགྲ་བོ་ལས་ངན་འདིཿ སྐད་ཅིག་ད་ལྟ་ཉིད་དུ་སྒྲོལ་གྱིས་ལཿ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོགཿ ཀྱེ་མ་ཀྱེ་ཧུད་མཁའ་འགྲོ་ཆོས་སྐྱོང་དངཿ སྡེ་བརྒྱད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ རྣལ་འབྱོར་བདག་གི་ར་མདའ་མི་རྒྱུག་གམཿ ཞག་དང་ཟླ་བ་དུས་ཚོད་འདས་གྱུར་ནཿ རྣལ་འབྱོར་རང་ཤ་ཟ་ཞིང་རང་ཁྲག་འཐུངཿ མཛེ་ཡུག་དམེ་མནོལ་དྲག་པོའི་རྫས་ངན་གྱིསཿ ཁྱོད་ཀྱིས་གནས་རྟེན་བརླག་ཅིང་ཕུང་བར་བྱེདཿ དེ་བས་ལས་མ་འགྱངས་ལ་ཕྲིན་ལས་སྒྲུབསཿ «ཅེས་བརྗོད་ཁྲག་སྐྱེ་བས་ཕུལ་ལཿ» ཧོཿ དབྱིངས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཁྱད་པར་དུའང་མ་གཅིག་ཁྲོས་མ་ནག་མོ་བཀའ་འཁོར་སྤྲུལ་པ་ཡང་སྤྲུལ་ཡེ་ཤེས་མཁའ་འགྲོའི་དམ་ཚོགསཿ དམ་ཚིག་མཁའ་འགྲོའི་དམག་ཚོགསཿ ཤ་ཟ་མཁའ་འགྲོའི་དམག་ཚོགསཿ ལས་ཀྱི་མཁའ་འགྲོའི་དམག་ཚོགསཿ འཇིག་རྟེན་མཁའ་འགྲོའི་དམག་ཚོགསཿ ཤུགས་ཀྱི་འགྲོ་བའི༴ མོ་རྒྱུད་མ་མོའི༴ ཕོ་རྒྱུད་མགོན་པོའི༴ དཀར་པོ་ལྷ་ཡི༴ འཆི་བདག་གཤིན་རྗེའི༴ གདུག་པ་གཟའ་ཡི༴ སེར་པོ་གཉན་གྱི༴ དམར་པོ་བཙན་གྱི༴ ནག་པོ་བདུད་ཀྱི༴ སྔོན་པོ་ཀླུ་ཡི༴ མཐུ་ཆེན་གནོད་སྦྱིན༴ དམ་ཅན་སྲུང་མའི༴ ས་བདག་འཛིན་མའི༴ དཀྲུགས་ཤིང་ཐེའུ་རང་གི༴ དྲེགས་ལྡན་རྒྱལ་པོའི༴ གྲོང་རྒྱུག་འདྲེ་མོའི༴ སྣང་སྲིད་ལྷ་འདྲེའི༴ ཤན་པ་ལག་དམར་དམག་ཚོགསཿ ཁྱེད་རྣམས་ལས་མ་འགྱངསཿ མཐུ་མ་ཆུངཿ རྩལ་མ་ཞནཿ བདག་བུལཿ ངོ་སྲུང་དང་ཟས་ཕྱྀར་མ་འབྲངཿ བསོད་ནམས་དབང་ཐང་ལ་ཁག་མ་འགེལཿ སྲུང་བཟློག་རིམ་གྲོ་ལ་སྙེམས་མ་ཚོལཿ རྣལ་འབྱོང་པའི་དགོས་དགྲ་གྱུར་པའི་དམ་ཉམས་ཆྒཻ་མོ་འདི་མིང་འདྲ་བ་ལ་མིང་མ་ནོརཿ རུས་འདྲ་བ་ལ་རུས་མ་ནོརཿ མཚན་མ་འདྲ་བ་ལ་མཚན་མ་མ་ནོར་བར་ཚེ་ཡི་རྟེན་ཕུར་ཕུད་ཅིགཿ སྲོག་གི་ཀ་བ་ཆོག་ཅིགཿ རླུང་རྟའི་མགོ་མཇུག་ལྡོག་ཅིགཿ རྣམ་ཤེས་མར་མེ་སོད་ཅིགཿ འགོ་བའི་ལྷ་དང་ཕྲོལ་ཅིགཿ སྐྱོབས་པའི་མགོན་དང་ཕྲོལ་ཅིགཿ སྲུང་མ་བདུད་དུ་ཕོབ་ཅིགཿ རྫས་སྨན་དྲུག་ཏུ་སྒྱུར་ཅིགཿ ལུས་སེམས་སོ་སོར་ཕྲོལ་ཅིགཿ འདུ་བའི་ནད་ཀྱིས་གཟིར་ལ་སྙིང་ཁྲག་ཁ་རུ་སྐྱུག་ནས་ཧུར་ཐུམ་དྲག་པོས་སོད་ཅིགཿ ཤ་ལ་རྔམས་ཟས་ཀྱིས་ཤིགཿ ཁྲག་ཧུབ་འཐུང་གྱིས་ཤིགཿ དོན་སྙིང་དམར་འདོན་གྱིས་ལ་བསད་རྟགས་དངོས་སུ་སྟོན་ཅིགཿ བཀའ་ལས་མ་འདའཿ དམ་ལས་མ་འགལཿ ལེ་ལོ་མ་འགྱང་བར་སྐད་ཅིག་ད་ལྟ་ཉིད་དུ་རྗེས་མེད་ཐལ་བའི་རྡུལ་དུ་རློག་ཅིགཿ མ་མ་ཌཱ་ཀ་ཌཱ་ཀི་ནི་ཏྲག་རཀྴ་མུ་ཏྲ་མུ་ས་མ་ཡ་དུ་རུ་ཙ་ཤ་ན་ཆེ་གེ་མོའི་སྲོག་ལ་བྲིང་བྲིངཿ ཙིཏྟ་གཏུབ་གཏུབཿ སྙིང་ཁྲག་ཧུབ་ཧུབཿ མཱ་ར་ཡ་རྦད་སོདཿ «ཅེས་རྡོ་གཏོར་དབུ་ཕྱོགས་སུ་འཕངསཿ ལུས་གཅེར་བུ་ཕྱུངཿ མགོ་མཇུག་ལྡོག་ལ་ངུལ་མོ་དང་ཿ རལ་པ་རྡེབསཿ ངུ་འབོད་དང་འོ་དོད་དྲག་པོས་འབོད་ཅིང་མཁའ་འགྲོ་སྲུངས་ལྷ་འདྲེའི་དམག་ཚོགས་སེར་བ་དྲག་པོ་རྒྱུག་པ་ལྟར་དགྲ་བོའི་སྟེང་དུ་སོང་བར་མོས་པས་དེའི་ནུབ་མོ་ནས་བསད་རྟགས་མཐོང་ཞིང་དགྲ་བོ་གློ་བུར་ཧུར་ཐུམ་དུ་འགྱུར་བར་ཐེ་ཚོམ་མེད་དོཿ དགྲ་བོའི་ཟས་ནོར་གང་རུང་ཁོའི་སྲོག་སྙིང་མོས་ནས་ཟ་ཞིང་ལོངས་སུ་སྤྱོད་དོཿ འཛིན་པ་རང་གྲོལ་མན་ངག་ཟབ་མོ་ཡིཿ དྲག་བསྐུལ་གཅོད་མཐུ་དགྲ་བོའི་སྲོག་འཕྲོག་འདིཿ ཨ་ཙར་དམ་པ་ནག་པོའི་མན་ངག་སྟེཿ སྙིགས་མའི་དུས་སུ་ཟབ་ཆོས་སྤེལ་བའི་ཚེཿ ལོག་ལྟ་དམ་ཉམས་དོ་བསྔོ་ཕོད་བཙུགས་པའིཿ དགྲ་བོ་ཕུང་པར་བྱེད་པའི་མཚོན་ཆ་རུཿ ལེགས་འདུས་སྤྲུལ་པའི་གཏེར་གྱི་བདག་མོ་དངཿ འཕྲད་ནས་གཟུགས་ཅན་དགྲ་སྡེའི་དཔུང་ཚོགས་འདོམསཿ ཕྱོགས་ལས་རྣམ་རྒྱལ་འགྲོ་དོན་མཐར་ཕྱིན་ཤོགཿ བཀའ་འདི་འབར་མ་གསུམ་དང་གིང་ཆེན་བཞིཿ སྤུ་གྲི་མཆེད་གསུམ་སྨྱོ་ཁ་ནག་པོ་ཡིསཿ ཐུབ་པར་སྲུངས་ཤིག་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུཧྱཿ ཁཐཾཿ ཨྠིྀཿ ཡང་ཅིག་བསྟན་ལ་སྡང་བའི་དགྲ་བོ་ཡི༴ མི་རྒྱུད་གཏན་བརླག་ཕུང་བར་བྱེད་འདོད་ནཿ དགྲ་བོ་ཟག་རྫས་དྲི་མ་གང་རུང་ངམཿ རྗེས་ས་བསྲེས་པའི་྅྅྅གཟུགས་བྱས་ལཿ རེ་བས་དྲིལ་ཞིང་ཤིང་གི་བར་དུ་གསུམཿ ལ་བཅས་སམ་ནི་ས་གཉན་གང་རུང་ལཿ དམར་འགྱེད་བྱ་ཞིང་ཁྲོས་མའི་ངང་ཉིད་ལསཿ གཉན་མིག་དག་ཏུ་ལིང་ག་མེར་བསྲེགས་ཤིངཿ» ཕཊཿ ས་ཆ་འདིར་གནས་སྣང་སྲིད་ལྷ་འདྲེའི་ཚོགསཿ ཟོ་དོར་མཐུ་ཆེན་ལྷ་གཉན་ས་བདག་དངཿ བཙན་དང་སྨན་མོ་གནོད་སྦྱིན་དགེ་བསྙེན་རིགསཿ བདག་ནི་མ་ཉེས་དམ་ཉམས་དགྲ་བོ་ལནཿ མངོན་སྤྱོད་ལས་འདི་མི་སྒྲུབ་ཐབས་མ་བྱུངཿ ད་ནི་ཁྱོད་ཀྱི་གནས་རྟེན་བཤིག་པར་བྱེདཿ མཛེ་ཤས་རི་བརྩེགས་མཛེ་ཁྲག་རྒྱ་མཚོ་བསྐྱིལཿ དམེ་ཡུག་ཤ་ཁྲག་རུས་པ་གཅལ་དུ་བཀྲམཿ སྡེ་བརྒྱད་དཔུང་ཚོགས་ནད་ཀྱིས་ཐེབས་པར་འགྱུརཿ དེ་བས་ཁྱེད་ལ་མཐུ་དང་རྩལ་ཡོད་ནཿ བདག་ལ་སྡང་བའི་དགྲ་པོ་ཆེ་གེ་མོཿ ཁྱོད་ལ་གཏད་པ་ཡིན་པས་མ་ཤོག་ཅིགཿ མྱུར་དུ་རྣམ་ཤེས་རྟེན་དང་ཕྲོལ་ལ་ཤོགཿ ཕོ་རྒྱུད་ནགས་ལ་མེ་ཆེན་མཆེད་འདྲ་ཐོངསཿ མོ་རིགས་ལོ་ཐོག་སེར་བས་བཅོམ་བཞིན་ཐོངསཿ ཕུང་ཤུལ་ཤལ་བ་རླུང་གིས་གཏོར་བ་བཞིནཿ རྗེས་མེད་ཐོངས་ལ་རྣལ་འབྱོར་འདོད་དོན་སྒྲུབསཿ ཁྱོད་ཀྱིས་མཐུ་སྟོབས་ནུས་པ་རྒྱས་པར་མཛོདཿ བཀའ་ལས་འདའ་ན་ཁྱོད་ཉིད་རྡུལ་དུ་བརླགཿ «ཅེས་བརྗོད་ཅིང་ལུས་གཅེར་བུ་ཕྱུངསཿ ལ་བཙས་བཤིགཿ བྲག་གཉན་ཡིན་ན་བཤིག་སྟངས་བྱ་ཞིངཿ ཤིང་གཉན་ཡིན་ན་སྟྭ་རེས་བརྒྱབ་ཅིངཿ གོས་ས་ལ་རྡེབསཿ སྨྱོ་སྤྱོད་སྣ་ཚོགས་བྱཿ ཁྲག་གི་ཆང་དང་ལྕགས་སྲེག་གིས་སེར་བ་འབེབས་པས་སྡེ་བརྒྱད་རྣམས་སྐྲག་ཅིང་སྔངསཿ དགྲ་ལ་ཤིན་ཏུ་ཁྲོས་ནས་འཕྲལ་དུ་བསད་ཕུང་གི་ལས་བསྒྲུབ་པར་བསམ་མོཿ སྐམ་གཏད་རིམ་པའོཿ གདོལ་པ་ཀླུ་ལ་གཏད་པ་ནིཿ མཛོ་ཡི་ར་རུའི་ནང་དུ་ནིཿ ཕུངས་རབས་ཆད་དུད་པ་དང་ཿ དགྲ་བོའི་ཟག་རྫས་གང་རྙེད་བསྲེསཿ མ་རྙེད་ཁྲག་གི་མིང་ཡིག་འཇུགཿ གདོལ་པ་གནས་པའི་ཆུ་མིག་གམཿ ཡང་ན་མཚོ་ཉན་འགྲམ་དུ་ཕྱིནཿ ཚེར་མ་ཤིང་གི་ཕུར་བུ་ནིཿ འདོམ་གང་ཐོགས་ནས་འདི་སྐད་དོཿ »ཕཊཿ ང་ནི་ཡེ་ཤེས་མཁའ་འགྲོ་མཿ བདུད་འདུལ་ཁྲོས་མ་ནག་མོ་སྟེཿ ཁམས་གསུམ་ཀུན་གྱི་སྲོག་གི་བདགཿ གདོལ་པ་ཀླུ་བདུད་ནག་པོ་ཁྱོདཿ ང་ཡི་བཀའ་ལ་ཚུར་ཉོན་དངཿ ཁྱོད་ཉིད་འཁྲེན་ཅིང་འཁུ་བ་ཡིཿ དོ་བསྡོ་ཕོད་བཙུགས་མ་བསམ་ཀྱངཿ བསྟན་དགྲ་ལས་ངན་སྡིག་པོ་ཆེཿ ཆེ་གེ་མོ་ཞེས་བྱ་བ་ཡིསཿ སངས་རྒྱས་བསྟན་པ་བཤིག་པ་དངཿ དཀོན་མཆོག་དབུ་འཕང་སྨད་པར་བྱཿ གསང་སྔགས་ཆོས་ལ་ཡ་ག་སྒྲོགསཿ ཀླུ་ཡི་གནས་རྟེན་བརླག་གོ་ཟེརཿ སྒྲུབ་པོ་རྣམས་ཀྱིས་རྒྱུད་དཀྲུགས་ཤིངཿ ཉེས་མེད་སེམས་ཅན་སྡུག་ལ་སྦྱོརཿ དེ་ཕྱིར་ཁྱོད་ཀྱི་གམ་དུ་འོངཿ ཁྱོད་ལ་མཐུ་སྟོབས་ཡོད་སྲིད་ནཿ དམ་ཉམས་དགྲ་བོ་ཟས་སྐལ་གཏདཿ མཐུ་མ་ཆུང་ལ་རྩལ་མ་ཞནཿ གཏད་འདི་ལོངས་ལ་དགྲ་བོ་སྒྲོལཿ མི་བརྒྱུད་རྩད་ནས་བརླག་པར་གྱིསཿ «ཅེས་བརྗོད་ཅིང་ཆུ་མིག་གམ་མཚོ་ལ་བྱེ་མ་གཏོར་པས་བྱུང་བའམ། གྲུབ་པ་སོགས་ཀྱི་རྟགས་མཚན་བྱུང་འཕྲལ་ཆུ་མིག་ཡིན་ན་ཁ་ཁུག་དངཿ མཚོ་གཉན་ཡིན་ན་འགྲམ་གཡོན་དུ་ཕུར་པ་གདབ་ཅིང་དེའི་ཤུལ་དུ་གཏད་འཕང་ནསཿ སླར་ཡང་ཕུར་པས་སྟེང་ནས་བརྡབ་ཅིངཿ» ཕཊཿ འཻཿ གདོལ་བ་ཀླུ་བདུད་ནག་པོ་འཛིན་ཤེས་གཏོང་མི་ཤེསཿ ཁྱོད་ལ་དམ་ཉམས་པའི་དགྲ་བོ་ཆྒཻ་མོ་ཞེས་བྱ་བ་འདི་ཉིད་གཏད་པ་ཡིན་པས་མ་ཤོར་བར་ཟོ་ཤིགཿ ལུས་ལ་དུག་ནད་སྣ་དགུ་ཐོངས་ཤིགཿ ཚེ་སྡུས་མདངས་འཕྲོག་སྲོག་ཆོད་དབུགས་ལོང་ལོ་ཟླ་ཞག་དུས་མ་འགྱངས་བར་སོད་ལཿ སླར་ཡང་བུ་ཚ་བརྒྱུད་གཏན་བརླག་ཏུ་ཐོངས་ཤིགཿ མཐུ་མ་ཆུངཿ རྩལ་མ་ཞནཿ ལས་མ་འགྱངསཿ གལ་ཏེ་དགྲ་བོ་ཤོར་བར་གྱུར་ན་ཤ་སྣ་དགུ་དང་རྫས་སྣ་དགུ་ཁྲག་སྣ་དགུ་དང་བསྲེས་ཤིང་ཁྱོད་ལ་ནད་སྣ་དགུ་གཏོང་ཞིངཿ བདག་ཉིད་ཁྲོས་མ་ནག་མོ་རབ་ཏུ་ཁྲོས་ནས་རི་རབ་ཙོག་པུར་འཕེནཿ རྒྱ་མཚོ་ཧུབ་ཀྱིས་རྔུབསཿ བྱ་ཁྱུང་སྤྲུལ་པའི་དམག་ཚོགས་བསྡུས་ནས་ཁྱོད་ཀྱི་གནས་རྟེན་ཕུང་བར་བྱེད་པར་གདོན་མི་ཟ་བསཿ དེ་བས་གཞན་རྐྱེན་རང་ཐོག་ཏུ་མ་ལེན་པར་དགྲ་སྲོག་ཆོད་ལ་མྱུར་དུ་ཕུང་ཞིང་བརླག་པར་གྱིས་ཤིགཿ ཕུ་ཕུ་ཕི་ལིང་ནཱ་ག་དུན་ཨེ་ནན་ཆྒཻ་མོའི་སྲོག་ལ་བྲིང་བྲིང་རྦད་སོདཿ« ཅེས་བརྗོད་ཅིང་ཕུར་ཤུལ་གཏོརཿ ནམ་མཁའ་བྱ་ཁྱུང་གི་ཚོགས་སྤྲིན་བཞིན་འཁྲིགས་པ་དངཿ ཁྲོས་མ་ནག་མོའི་གཟི་བརྗིད་ཀྱིས་ཀླུ་རྣམས་བསྔངས་ཤིང་སྐྲག་ནས་དགྲ་བོའི་སྟེང་དུ་ཕུང་བའི་ལས་ལ་འཇུག་པར་བསམ་ཞིངཿ སྣང་བ་གང་ཤར་གྱི་བརྟུལ་ཞུགས་ཀྱི་མཐའ་སྡུད་པར་བྱའོཿ ཕུང་བྱེད་ཨ་ཙར་ནག་པོ་ཡིསཿ ཀླུ་གཏད་མན་ངག་ཟབ་མོ་འདིཿ མ་འོངས་ལེགས་འདུས་སྤྲུལ་པ་ལཿ བརྩེ་བའི་ལག་ཆར་སྦྱིན་པ་སྟེཿ སྙིང་འདྲའི་བུ་ལ་ཤོར་ར་རེཿ ལྟ་བ་རྟོགས་པའི་རྣལ་འབྱོར་བསཿ ཏིང་འཛིན་དམིགས་གནད་དང་ལྡན་ནཿ ལས་མྱུར་ཤུགས་ཆེ་འཁུ་ལྡོག་བྲལཿ གང་ལ་གཏད་ཅིང་མྱུར་དུ་ཕུངཿ བདེན་རྫུན་ལག་ཏུ་ལོངས་དང་ཤེསཿ ཕ་ཡིས་ནམ་ཡང་མི་བསླུ་བསཿ སྙིང་ལ་གཅེས་པར་ཆོངས་ཤིག་གུཿ བཀའ་འདི་ངུར་བདག་མིང་སྲིང་དངཿ ཀླུ་བདུད་ནག་པོས་ཐུབ་བར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དམ་ཚིགས་སྲོག་གི་རྒྱཿ ཁ་ཐཾཿ གུཧྱཿ ཨྠིྀཿ གཅོད་མཐུ་དགྲ་བོ་ཕུར་བྱེད་སྐོརཿ ཤིན་ཏུ་གསང་བ་བྱ་སྙམ་ཡངཿ ཌཱ་ཀི་མ་ཡིས་བཀས་བསྐུལ་བཞིནཿ དབྱིངས་ཀྱི་རྗེ་མོས་བརྡ་བཀྲོལ་ལྟརཿ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིསཿ བརྡ་རིས་ངོས་ལས་དག་པར་བསྒྱུརཿ ཤིན་ཏུ་གསང་བའི་སྡེ་ཚན་ནོཿ ཡི་གེར་འདུ་བྱེད་དྲག་སྔགས་ལཿ མོས་ལྡན་སྨིའི་མིང་གིས་བགྱིསཿ རྣལ་འབྱོར་བ་ལ་སྡང་བའི་དགྲཿ ཐལ་བའི་རྡུལ་དུ་བརླག་པར་ཤོགཿ དགེའོ།། །།