DKYD-KABUM-02-KHA-027

From Khyentse Lineage - A Tsadra Foundation Project
Revision as of 10:22, 17 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 27, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
[edit]
༅། །སཾ གུ ཧྱ མ རྒྲ ཧ ཎཾ སྭོ ྅ ཀྵ རཱ ཏྟཱི པྲ ཡུ ཥི ཏོ ཛྙཱ ནཾ ཀཱི ལོ བི ཧར ཏི སྨ། །༄༅ ། །ཡང་གསང་འཛིན་པ་རང་གྲོལ་ལསཿ དྲག་བསྲེགས་ཡེ་ཤེས་མེ་ལྕེ་བཞུགས། །

«༄༅། ། ྅྅྅ ན་མོ་ཛྙཱ་ན་ཌཱཀྐི་ནི་ཡེཿ གང་འདུལ་འགྲོ་བའི་དོན་གཉིས་ལྷུན་གྲུབ་པཿ ཡེ་ཤེས་ཌཱཀྐི་ཁྲོས་མ་ལྷ་ལྔ་མའིཿ དྲག་པོའི་མེ་མཆོད་འཇིགས་ཚོགས་འཇོམས་པའི་མེཿ སྦྱོར་བ་དངོས་གཞི་རྗེས་ཀྱི་རིམ་པ་གསུམཿ ཐོག་མར་རྫས་ནི་ཚེར་མ་ཅན་གྱི་ཡམ་ཤིང་མཐོ་གང་བའམ་སོར་དྲུག་པ་བརྒྱའམ་ཉེར་གཅིག་འབྲུ་མར་རམ་རྩི་མར་ཚིལ་རྐང་གི་ངར་བཏབ་པཿ ནས་སྲན་ཡུངས་ནག་གསུམཿ ཁྲག་ཟན་ལྕགས་ཕྱེ་ཟངས་ཕྱེ་དུག་སྣ་གང་རྙེད་དང་བསྲེ་ལ་ལིང་ག་བརྒྱའམ་ཉེར་གཅིག་བཅས་དངཿ སྨན་རག་གཏོར་གསུམ་མཆོད་པ་རྣམ་ལྔ་བཅས་འདུ་བྱཿ ཐབ་གྲུབ་བཞིའི་སྟེང་དུ་ཆོས་འབྱུང་ཁྲུ་གསུམ་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་སྡེ་ལྔའི་ས་བོན་གྱིས་མཚན་པའམ་ཚོམ་བུ་བཀོད་ལཿ སྟེང་དུ་དྲག་པོའི་ཤིང་གི་གྲུ་གསུམ་དུ་བརྩིགཿ འབྲུ་མར་གྱི་ཁུ་བའམ་མར་ཁུཿ མེ་དར་རླུང་གཡབཿ མའི་བརྟུལ་ཞུགས་ཀྱི་རྫས་རྣམས་དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་སྟ་གོན་ལེགས་པར་བྱས་ལཿ བདག་བསྐྱེད་མཁའ་འགྲོའི་ཆོ་ག་གཞུང་བསྲང་ལྟར་བཟླས་པ་མཆོད་བསྟོད་སོགས་གྲུབ་མཐརཿ» ཕཊཿ བདག་དང་བསྲུང་བྱའི་ཤ་ཁྲག་ཉིལ་གྱིས་ཞིགཿ དཀར་དམར་ལྡན་པའི་བདུད་རྩི་རོ་བརྒྱ་ལྡནཿ སྔོན་ལས་འཕྲལ་རྐྱེན་སྡེ་བརྒྱད་ལྷ་གླུ་གཉནཿ ས་བདག་དཀར་ཕྱོགས་སྐྱོང་བའི་ཚོགས་ལ་སྦྱིནཿ བཞེས་ཤིག་རོལ་ཅིག་དགའ་མགུ་ཡི་རང་ཚིམཿ ཐབ་གཞོབ་ཟིལ་གྱིས་ཕོག་སྲིད་སྐུ་བཟུར་ལཿ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པརཿ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ ཕཊཿཕཊཿཕཊཿ «ཆུ་གཙང་གིས་བྲན་ཅིངཿ» ཨོཾ་བཛྲ་ཨམྲྀ་ཏ«་སོགསཿ »སྭ་བྷཱ་ཝ་«སོགསཿ» བསྲེག་རྫས་ཀྱི་དངོས་པོ་སྟོང་པར་སྦྱངསཿ སྟོང་པའི་ངང་ལས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་རྫས་རྣམས་ཤ་ཁྲག་རུས་པའི་རང་བཞིན་དངཿ ལིང་ག་དང་ཡམ་ཤིང་གནས་གདོན་ལུས་གནོན་ནད་བདག་འཁྲུལ་པའི་རང་མཚན་གྱི་གཟུགས་སུ་གྱུརཿ ཕཊཿ ན་མོཿ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་བརྒྱུད་ལྡན་བླ་མ་རྣམས་ཀྱི་བཀའ་བདེན་པ་དངཿ ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོཿ ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནམ་མཁའི་དབྱིངས་ཕྱུགཿ སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་ཤེསཿ ལས་ལ་དབང་བསྒྱུར་ཡེ་ཤེས་ཌཱཀྐྀའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན༴ ཡི་དམ་ཁྲོས་མ་ནག་མོཿ བདེ་ཆེན་དཀར་མོཿ སེར་མོ་དོན་གྲུབཿ དམར་མོ་སྒྲ་སྒྲོགསཿ སྣ་ཚོགས་མཐར་ཕྱིན་འཁོར་ཚོགས་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ ལས་དང་དམ་ཚིག་ཤ་ཟ་མཁའ་འགྲོ་དཔའ་བོ་དཔའ་མོ་གཉེར་འཛིན་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་བསྟན་དང་དེར་འཛིན་གྱི་སྤྱི་དགྲཿ དཔལ་ལྡན་བླ་མའི་སྐུ་དགྲཿ རྣལ་འབྱོར་བདག་གི་དགོས་དགྲཿ ཁྱད་པར་དུ་དམིགས་ཡུལ་བསྲུང་བྱ་འདི་རྣམས་ལ་དང་པོ་ནད་རིམས་བར་ཆད་མི་འདོད་པའི་སྣ་འདྲེན་པཿ བར་དུ་ནད་གདོན་བགེགས་ཀྱི་ཚང་བཅའ་བཿ ཐ་མ་ཚེ་སྲོག་ཁ་རྗེ་དབང་ཐང་ལ་རློམ་པར་བྱེད་པའི་ཕོ་གདོན་མོ་གདོན་ཀླུ་གདོན་ས་བདག་ནད་འདྲེ་གཅོད་སྲི་ཚེ་ལེན་དབུགས་འཕྲོག་གནས་གདོན་ལུས་གདོན་བཀའ་ལ་མི་ཉནཿ དམ་ལ་མི་གནས་དབང་དུ་མི་འདུས་འགྱུར་ལྡོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པ་ཐམས་ཅད་གང་དུ་གནས་ཀྱངཿ ལས་བྱེད་སྤྲུལ་པའི་ཕོ་ཉ་རྣམས་དང་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་རྣོན་པོས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་དང་བྱེའུ་ཁྲས་དེད་པ་བཞིན་དུ་བསྲེག་རྫས་ལིང་ག་སོགས་དམིགས་པའི་རྟེན་རྣམས་དང་དབྱེར་མེད་ཁུག་ཅིགཿ «དམིགས་གནད་དང་ལྡན་པས་ལན་གསུམ་བརྗོད་མཐརཿ »བསྟིམས་ཤིག་དབྱེར་མེད་དུ་སྟིམས་ཤིགཿ ཛཿཧཱུྃ་བྃ་ཧོཿ རང་ཉིད་ཁྲོས་མའི་ཐུགས་ལས་སྤྲུལ་པ་ཡིཿ ལས་བྱེད་ཁྲོ་བོ་ཁྲོ་མོ་དཔག་མེད་ཀྱིསཿ དགྲ་གདོན་གནོད་བྱེད་འགུགས་འཆིང་སྡོམ་སྨྱོས་གཟིརཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་བདག་ལ་ཕུལཿ རྣམ་པར་ཤེས་པ་རྨོངས་འགུམ་བརྒྱལ་བར་གྱུརཿ ནྲྀ་ཏྲི་ཤ་ཏྲུཾ་རྦད་ཐུམཿ «ཐབ་ལ་མེ་སྤར་ཤིང་ཆུ་གཙང་གིས་བྲནཿ »གོས་དཀར་མོ་ཡི་སྤྲུལ་བསྒྱུར་མེ་ལྷ་མོཿ ཁྲོ་མོ་དམར་མོ་མེ་ཡི་ཐོ་ཞགས་ཐོགསཿ གཟུང་འཛིན་བག་ཆགས་དགྲ་གདོན་བསྲེགས་པའི་ཕྱིརཿ དྲོངས་ཤིག་སྭོར་ཅིག་ཡེ་ཤེས་ཆེན་མོའི་མེཿ དམ་ཚིག་ཟིལ་མའི་ཤུགས་ཀྱིས་རྩལ་སྐྱེད་ལཿ ཁམས་གསུམ་བསྲེགས་པའི་ནུས་ལྡན་མེ་དཔུང་དབུསཿ ཡུམ་ཆེན་ཁྲོས་མ་དམར་སེར་མེ་ཡི་མདོགཿ ཁྲོ་མོའི་ཆས་རྫོགས་རང་འདྲའི་འཁོར་ལྔས་བསྐོརཿ གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་འཛིནཿ ཞལ་གདངས་མཆེ་གཙིགས་རྔམས་པའི་ང་རོ་སྒྲོགསཿ མེ་ཕུང་དབུས་ན་གར་སྟབས་ལིང་ངེར་བཞུགསཿ གནས་གསུམ་འབྲུ་གསུམ་འོད་ཀྱི་འཕྲོ་འདུ་ལསཿ ཡེ་ཤེས་ལྷ་ཚོགས་གློག་ལྟར་མྱུར་བར་དྲངསཿ ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་ཕྱོགས་ཨུ་ཙ་ལཿ རབ་འཇིགས་དྲག་པོའི་དུར་ཁྲོད་ཆེན་པོ་ནསཿ མ་གཅིག་ཡུམ་ཆེན་ཁྲོས་མ་ལྷ་ལྔ་མཿ གདུག་པ་འདུལ་ཕྱིར་ཐུགས་དམ་གནད་ནས་བསྐུལཿ ཐུགས་བརྩེས་དགོངས་ཏེ་གནས་འདིར་གཤེགས་སུ་གསོལཿ དགྲ་གདོན་གདུག་པ་འདུལ་བའི་དུས་ལ་བབཿ ཨ་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿ དབྱིངས་ནས་སྤྱན་དྲངས་དམ་ཚིག་པ་དང་འདྲེསཿ གཉིས་མེད་བརྟན་པར་བཞུགས་ལ་བརྡ་ཕྱག་འཚལཿ ཨརྒྷཾ་ལ་སོགས་ཕྱི་ཡི་མཆོད་པ་དངཿ པཉྩ་ཨ་མྲི་ཏ་དང་བ་ལིངྟཿ མ་ཧ་རཀྟ་དུག་གསུམ་ཤ་ཁྲག་རུསཿ འབུལ་ལོ་ལོངས་སྤྱོད་དྲག་པོའི་ཕྲིན་ལས་མཛོདཿ ཨོཾ་བཛྲ་ཨརྒྷཾ་«སོགས་ནས༴ »ཤབྡ་མ་ཧཱ་པཉྩ་རཀྟ་མ་ཏྲཾ་རུ་ཏྲ་ཁཱ་ཧིཿ ཡེ་ཤེས་མཁའ་འགྲོ་དམར་ནག་མེ་ཡི་མདོགཿ གློག་དམར་ལྗགས་བརྐྱང་དགྲ་གདོན་ཁྲག་མཆོད་འབུལཿ དྲག་པོའི་ཕྲིན་ལས་མཛད་ལ་ཆེས་དཔའ་ཞིང་ཿ སྲིད་པ་གསུམ་གྱི་སྲོག་ལ་དབང་བསྒྱུར་ཅིགཿ «ལན་བདུན་གྱིས་བྱོན་སྐྱེམས་འབུལཿ »ལས་བྱེད་སྤྲུལ་པའི་མཁའ་འགྲོ་མསཿ བཀའ་འདས་དགྲ་བགེགས་འབྱུང་བོའི་ཚོགསཿ སྲོག་དབུགས་ཤ་ཁྲག་རུས་པར་བཅསཿ ཁྲོས་མའི་ལྷ་ཚོགས་ཞལ་དུ་སྟོབསཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོརཿ «ཡམ་ཤིང་ཿ མེ་རྫསཿ ལིང་གཿ བསྲེགས་རྫས་རིམ་བཞིན་བཅུ་ཕྲག་གཅིག་གམ་གཉིས་སོགས་ལན་རེ་འབུལ་ཞིངཿ» ཨོཾ་བཛྲ་ཙནྟི་ཨ་ཧ་རི་ནི་ས་ཌཱ་ཀི་ནཱི་སརྦ་དུཥྟཱཾ་མ་ར་ལ་ཕཊཿ «ཅེས་འབུལ་ཞིང་མཚམས་རྣམས་སུཿ» དགྲ་གདོན་དམིགས་པའི་ཡུལ་གྱུར་ཀུནཿ ཤ་ཁྲག་རུས་པ་ནང་རོལ་བཅསཿ ཁྲོས་མ་འཁོར་བཅས་ཞལ་དུ་བསྟབཿ འཁོར་དང་བསྡོངས་ཟླ་རྒྱབ་བརྟེན་བཅསཿ མེ་ལྕེའི་ཁ་ཡི་སྦྲང་བུ་བཞིནཿ ལྷག་མ་མེད་པར་བསྲེགས་པར་བསམཿ «ཏིང་འཛིན་དམིགས་པའི་འཁྲུལ་འཁོར་ནིཿ རྡོ་རྗེ་སློབ་དཔོན་ཞལ་ཤེས་ལྟརཿ ཟས་རྣམས་ཡོངས་སུ་རྫོགས་ཅིང་ཚེཿ སླར་ཡང་མཆོད་ཅིང་བསྟོད་བྱས་ལཿ མེ་ཡི་བརྟུལ་ཞུགས་བསྐྱེད་འདོད་ནཿ དྲག་པོའི་མེ་རྫས་ལག་ཏུ་ཐོགསཿ» ཧཱུྃ་བྷྱོཿ བདུད་འདུལ་ཁྲོས་མའི་སྐུ་ལས་སྤྲུལ་པ་ཡིཿ ཁྲོ་མོའི་དམག་ཚོགས་ཡེ་ཤེས་མེ་ལྕེའི་འོདཿ འཕྲོས་པས་བདུད་བཞི་རྟེན་དང་བརྟེན་པར་བཅསཿ ལྷག་མེད་བསྲེགས་ཤིང་ཉོན་མོངས་དུག་ལྔ་སྦྱངསཿ ལྔ་ལྡན་འོད་ཀྱི་གུར་ཁང་འཁྲིགས་པ་ཡིཿ བསྲུང་བྱར་གྱུར་པའི་ཚེ་བསོད་ཉམས་པ་ཀུནཿ སོར་ཅུད་ཁྲོས་མ་སྡེ་ལྔའི་བྱིན་གྱིས་རློབསཿ ཧཱུྃ་ཕཊ་གད་རྒྱངས་སྒྲོགས་ཤིང་བརྟུལ་ཞུགས་བསྐྱེདཿ ཡི་དམ་ཁྲོས་མ་ལྷ་ལྔ་འཁོར་བཅས་ལཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་བསྒྲུབས་ཟིན་པའིཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཐུགས་དམ་དགྱེས་བསྐང་མཆོག་ཐུན་དངོས་གྲུབ་སྩོལཿ ཨོཾ་བཛྲ་ཨརྒྷཾ་«སོགས་ནསཿ »ཤབྡ་མ་ཧཱ་པཉྩ་བ་ལིང་ཏ་རཀྟ་མ་ཏྲཾ་རཱུ་ཏྲ་ཁཱ་ཧིཿ ཧཱུྃཿ སྤྲོས་བྲལ་ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགསཿ ཐུགས་རྗེའི་རྣལ་རོལ་ཡེ་ཤེས་ལྔའི་རང་བཞིནཿ མ་གཅིག་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ སྐུ་གསུང་ཐུགས་ཡོན་ཕྲི་ལས་ལྔ་ལ་བསྟོདཿ «སླར་ཡང་གཤེགས་སྐྱེམས་འབུལཿ» མདུན་བསྐྱེད་ཡེ་ཤེས་ལྷ་ཚོགས་དབྱིངས་སུ་གཤེགསཿ དམ་ཚིག་བྱིན་རླབས་འོད་ལྔའི་ཐིག་ལེར་གྱུརཿ རང་ལ་ཐིམ་པས་དངོས་གྲུབ་རྣམ་གཉིས་ཐོབཿ རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་བརྟནཿ མངོན་སྤྱོད་དྲག་པོ་བསྒྲུབ་པའི་དགེ་ཚོགས་རྒྱུནཿ འཁྲུལ་སྣང་དབང་གྱུར་འགྲོ་རྣམས་སྒྲོལ་ཕྱིར་བསྔོཿ བདག་ཅག་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ཀུནཿ ལས་ངན་གདུག་པ་འདུལ་བའི་གཤེད་དུ་གྱུརཿ ཡང་གསང་བླ་མེད་འཛིན་པ་རང་གྲོལ་གྱིཿ བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཤོགཿ« བཀྲ་ཤིས་གང་རིགས་ཀྱིས་མཐའ་བརྒྱན་པར་བྱའོཿ བསྲེགས་ཐལ་ཆུ་བོའི་གཞུང་དུ་བསྐྱལཿ ཡང་ན་དགྲ་གདོན་གནས་སུ་གཏོརཿ བདག་བསྐྱེད་ལས་མཇུག་ལྟར་བསྡུཿ མ་གཅིག་ཁྲོས་མ་ལྷ་ལྔ་མའིཿ དྲག་བསྲེགས་ཡེ་ཤེས་མེ་ལྕེ་འདིཿ ཌཱ་ཀྐིའི་བརྡ་རིས་ཆེན་མོར་བཏབཿ འགྲོ་དོན་དུས་ལ་བབས་པའི་ཚེཿ སྐལ་ལྡན་མ་དང་འཕྲད་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུཧྱཿ ཨྠིྀཿ བདག་འདྲ་དུས་མཐའི་གཏེར་སྨོན་ཨ་ཙར་ནག་པོས་བརྡ་རིས་ལས་དག་པར་ཕབ་པའི་རྣོ་མྱུར་བྱིན་རླབས་ཤིན་ཏུ་ཆེ་བས་སྐལ་མེད་ལག་ཏུ་ཤོར་ཏེ་རེ༔ ཡི་གེའི་འདུ་བྱེད་ཉེར་གནས་འོད་ཟེར་མཐའ་ཡས་ཀྱིས་བགྱིས་སོཿ དགེའོ།། །།