DKYD-KABUM-02-KHA-016

From Khyentse Lineage - A Tsadra Foundation Project
Revision as of 09:46, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 16, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༅། །སི གུ ཧྱི ཌཱ སྱ ཙི ཏྟཾ ཏི ལ ཀཱ ཏྭ དྷྭ ནཾ བི ཥ ལི བི ཥྟ རོ ྅ ག྄ མི ཀཱ བི ཧ ར ཏི སྨ། །༄༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ གཅོད་ཡུལ་གདན་ཐོག་གཅིག་མ་བཞུགསཿ

«༄༅། །྅྅྅ བཟང་མོ་མཆོག་ལ་གུས་པས་འདུསཿ བདེ་ཆེན་ཡུམ་གྱི་དགོངས་དོན་མཆོགཿ འཛིན་པ་རང་སར་གྲོལ་བའི་ཆོསཿ སྤྲོས་བཅས་ཚོགས་བསགས་སྒྲིབ་སྦྱང་ཕྱིརཿ ཀུ་སུ་ལུ་པའི་མཆོད་སྦྱིན་གནདཿ གདོན་ཐོག་གཅིག་ཏུ་གྲོལ་བའི་ཐབསཿ བསྟན་ནོ་གུས་པས་ཉམས་སུ་ལོངསཿ དགོས་པའི་ཡོ་བྱད་འདུ་བྱ་ཞིབཿ བླ་མར་རྩེ་གཅིག་འདུན་པར་གཏདཿ ལྟ་བ་རང་གྲོལ་གཉུག་མའི་ངང་ཿ མི་དང་གླིང་བུའི་སྒྲ་སྒྲོག་ཅིང་ཿ ཕཊ་ཅེས་རང་གི་སྙིང་ག་ནསཿ གནམ་ལྕགས་རི་རབ་འབར་བ་འཕྲོསཿ ཞིང་དམིགས་གཉན་ས་ཐོག་ལྟར་བསཿ གནས་གདོན་ལུས་གདོན་ཀུན་མནན་ཞིང་ཿ སྣང་སྲིད་ལྷ་འདྲེའི་དཔའ་ཟིལ་ཆགསཿ འདར་ཞིང་ཉམ་ཐག་གནས་པར་བསམཿ »ཕཊཿ ཨ་ཡིག་སྐྱེ་མེད་རིག་པ་རང་གྲོལ་གཤིསཿ གཟུང་འཛིན་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ ཨོ་རྒྱན་ཡུལ་གྱི་ནུབ་ཕྱོགས་ཨུ་ཙ་ལཿ འཇིགས་རུང་བྱིན་ཆགས་དུར་ཁྲོད་ཆེན་པོའི་དབུསཿ རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མཿ དུར་ཁྲོད་ཆས་རྫོགས་གཡང་གཞི་རྐང་གླིང་འཛིནཿ ཕྱོགས་བཞི་རིགས་བཞིའི་མཁའ་འགྲོ་ལས་བཞིའི་མདོགཿ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོནཿ གནས་གདོན་ལུས་གདོན་གཙོ་བྱས་ལྷ་འདྲེ་ཀུནཿ ཤོག་སྐྱ་རླུང་གིས་བསྐྱོད་བཞིན་མདུན་དུ་འདུསཿ རང་དབང་མེད་པར་སྔངས་སྐྲག་འདར་ཞུམ་ཞིངཿ བདག་གིས་ཅི་གསུངས་བཀའ་ལས་འདའ་མེད་གྱུརཿ ཕཊཿ མདུན་མཁར་འཇའ་འོད་མེ་དཔུང་འཁྲིགས་པའི་དབུསཿ སྐྱབས་གནས་ཀུན་འདུས་བླ་མ་ཧེ་རུ་ཀཿ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས་དང་བཅསཿ སྤྲིན་གྱི་ཕུང་པོ་འཁྲིགས་པ་ཇི་བཞིན་གསལཿ «དེ་ནས་སྐྱབས་སུ་འགྲོ་བ་ནིཿ» ཕཊཿ ན་མོཿ རང་རིག་ཆོས་སྐུའི་རྒྱལ་ས་མ་ཟིན་པརཿ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པཿ སྐུ་གསུམ་འདུས་པའི་ངོ་བོ་བླ་མ་དངཿ ཡུམ་ཆེན་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིཿ «བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནིཿ »ཕཊཿ འཁོར་བ་བདེན་མེད་སྒྱུ་མའི་གྲོང་ཁྱེར་དུཿ རྣམ་པར་འཁྲུལ་པའི་མ་རྒན་རིགས་དྲུག་འགྲོཿ རང་རིག་ཡེ་ཤེས་མ་རྟོགས་དེ་སྲིད་དུཿ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ «མཎྜལ་སྤྲོས་མེད་རང་ལུས་འབུལཿ»ཕཊཿ མ་དག་སྒྱུ་མ་ལུས་ཀྱི་གྲོང་ཁྱེར་སྦུབསཿ རང་རིག་རྣལ་འབྱོར་མར་གྱུར་ནམ་མཁར་འཕགསཿ ལུས་ཀྱི་པགས་པ་དབང་ཆེན་ས་གཞིར་གདལཿ ཤ་ཁྲག་རུས་པ་ནང་རོལ་དབང་ལྔ་དངཿ དོན་སྣོད་རི་རབ་ལྷ་གནས་གསེར་རི་བདུནཿ རོལ་མཚོ་གླིང་བཞི་གླིང་ཕྲན་ལྕགས་རིར་བཅསཿ ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་སྤྲུལ་ནསཿ བླ་མ་ཡུམ་ཆེན་རྒྱལ་བ་སྲས་བཅས་དངཿ རྩ་གསུམ་དཔའ་བོ་ཌཱ་ཀིའི་ཚོགས་ལ་འབུལཿ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱངཿ མ་རིག་འཁྲུལ་པའི་སྒྲིབ་པ་ཡོངས་དག་ནསཿ ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་མཆོག་ཐོབ་ཤོགཿ གུ་རུ་རཏྣ་མཎྜལ་པཱུ་ཙ་ཧོཿ «ཚོགས་ཞིང་གསལ་གདབ་རྒྱུད་བསྐུལ་གསོལ་འདེབས་ནིཿ »ཕཊཿ མདུན་མཁར་ཆོས་དབྱིངས་རྣམ་དག་ཕོ་བྲང་ནསཿ རྒྱན་བཀོད་ཡོངས་རྫོགས་ངོ་མཚར་བཀོད་མཛེས་དབུསཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ ཧེ་རུ་ཀ་དཔལ་རྩ་བའི་བླ་མ་ཉིདཿ དཀར་གསལ་ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལཿ གཡོན་པའི་དངུལ་དཀར་དྲིལ་བུ་ཡུམ་ལ་འཁྱུདཿ སྟག་ཤམ་རུས་པའི་རྒྱན་དྲུག་སྐུ་ལ་གསོལཿ ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་སུ་བཞུགསཿ བདེ་ཆེན་ཡུམ་མཆོག་ཌཱ་ཀི་གསང་ཡེ་མཿ གཡས་པས་གྲི་གུག་དང་བཅས་ཡབ་མགུལ་འཁྱུདཿ གཡོན་པས་མཆོག་ཆེན་མི་རྐང་གླིང་བུ་སྒྲོགསཿ དཔའ་མོའི་ཆས་རྫོགས་ཡབ་དང་གཉིས་མེད་སྦྱོརཿ འཁོར་དུ་བཀའ་བརྒྱུད་བླ་མ་སངས་རྒྱས་སྲསཿ གཡས་སུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དངཿ གཡོན་དུ་ཁྲོས་མ་ལྷ་ལྔ་མཁའ་འགྲོའི་འཁོརཿ རྒྱབ་ཏུ་ཐུབ་དབང་བསྐལ་བཟང་འདྲེན་པ་སྟོངཿ བྱང་སེམས་དགྲ་བཅོམ་ཉན་རང་འཕགས་པའི་སྡེཿ མདུན་དུ་ཏཱ་རེ་ཉེར་གཅིག་ལྷ་མོའི་འཁོརཿ མཐའ་བསྐོར་དམ་ཅན་ཆོས་སྐྱོང་རྒྱ་མཚོའི་ཚོགསཿ ཉི་ཟེར་རྡུལ་ཕྲན་འཁྲིགས་བཞིན་མ་འདྲེས་གསལཿ བླ་མའི་དབུ་ཐོག་སྟོན་པ་དྲི་མ་མེདཿ དེ་སྟེང་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ དེ་ཡི་དབུ་གཙུག་ཀུན་བཟང་རིགས་ལྔའི་འཁོརཿ སྐུ་གསུམ་ལྷ་ཚོགས་མཚོ་ལ་གཟའ་སྐར་བཞིནཿ བདག་དང་འགྲོ་དྲུག་ཁམས་གསུམ་སེམས་ཅན་ཀུནཿ ས་གཞིར་ཁྲོམ་ཚོགས་བཞིན་དུ་འདུས་པ་ལཿ བརྩེ་ཆེན་ཐུགས་རྗེ་ཆེན་པོས་གཟིགས་པར་བསྒོམཿ ན་མོཿ ཆོས་སྐུ་ཀུན་བཟང་རིགས་ལྔ་གངས་ཆེན་མཚོཿ ལོངས་སྤྱོད་རྫོགས་སྐུ་སྟོན་པ་དྲི་མ་མེདཿ བཀའ་དྲིན་འཁོར་མེད་འདྲེན་མཆོག་བླ་མ་རྗེཿ ཞིང་ཁམས་དབང་བསྒྱུར་མ་གཅིག་ཡུམ་ཆེན་མོཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ སྐྱེ་མེད་ཆོས་སྐུ་ས་མནྟ་བྷ་དྲཿ འགགས་མེད་ལོངས་སྐུ་བཛྲ་ཝཱ་ར་ཧཾཿ ཐུགས་རྗེ་སྤྲུལ་སྐུ་བདུད་འདུལ་མ་གཅིག་མཿ ལས་ལ་དབང་བསྒྱུར་ཁྲོས་མ་ནག་མོ་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ རང་སྣང་སྤྲུལ་པའི་རྩ་གསུམ་ཞི་ཆགས་ཁྲོཿ སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་སྡེཿ ཟབ་མོ་གཅོད་ཡུལ་བརྒྱུད་པའི་བླ་མ་དངཿ ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན༴ ཨ་འཐས་སྒྱུ་མ་ལུས་ཀྱི་ཕུང་པོ་འདིཿ མཆོད་སྦྱིན་གནད་དུ་འགྲོ་བར་བྱིན༴ བག་ཆགས་འཁྲུལ་སྣང་སྟོང་པའི་རང་སྒྲ་འདིཿ འགྲོ་དྲུག་ཆོས་ལ་བསྒྱུར་བར་བྱིན༴ དངོས་མེད་འགྱུ་བ་སེམས་ཀྱི་རྣམ་རྟོག་འདིཿ འཛིན་པ་རང་གྲོལ་རྟོགས་པར་བྱིན༴ ལྷ་འདྲེ་གཉིས་སྣང་སེམསཀྱི་ཆོ་འཕྲུལ་འདིཿ བདེན་མེད་སྒྱུ་མར་རྟོགས་པར་བྱིན༴ བདེ་གསལ་མི་རྟོག་ཉམས་ཀྱི་སྣང་བ་འདིཿ གཉུག་མའི་གནས་ལུགས་རང་གྲོལ་བྱིན༴ བྱར་མེད་བློ་འདས་བདེ་སྟོང་ཡུམ་གྱི་ངང་ཿ ཚོགས་དྲུག་རང་གྲོལ་ཆོས་སྐུ་མངོན་དུ་གྱུརཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བྱིན་ཕོབ་ཅིགཿ «སྣང་བ་གཏད་མེད་ངང་དུ་བཞགཿ སླར་ཡང་མཆོད་སྦྱིན་ཚོགས་བསགས་བྱཿ དང་པོ་སྒྲིབ་སྦྱོང་ནག་འགྱེད་ནིཿ» ཕཊཿ མོས་གུས་གསོལ་བཏབ་ཚོགས་ཞིང་ལྷ་རྣམས་ཀྱིཿ སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པསཿ བདག་དང་འགྲོ་དྲུག་སྤྱི་བོ་ནས་ཞུགས་ཤིངཿ ནད་གདོན་སྒྲིབ་གཉིས་བག་ཆགས་དྲི་མ་ཀུནཿ བཀྲུ་ཞིང་བཤལ་བའི་དྲི་ཁུ་དུག་རླངས་མདོགཿ འོག་སྒོ་རྐང་སེན་ནས་འཐོན་བདུད་རྩི་བསྒྱུརཿ འོག་ཕྱོགས་འཆི་བདག་གཤིན་རྗེའི་ཚོགས་རྣམས་དངཿ ལན་ཆགས་གདོན་བགེགས་གནོད་བྱེད་ཁར་སོང་ཞིངཿ ངོམ་ཞིང་ཚིམ་ནས་དགའ་མགུ་ཡི་རངས་ནསཿ ཤ་མཁོན་བུ་ལོན་ལན་ཆགས་ཀུན་བྱང་གྱུརཿ ཕཊཿ «དམིགས་འདུན་རྩེ་གཅིག་མ་ཡེངས་གསལ་ཐེབས་བྱཿ གཉིས་པ་དཀར་འགྱེད་བདུད་རྩིའི་རྒྱ་མཚོ་ནིཿ» ཕཊཿ རང་རིག་དབུ་མའི་ལམ་ནས་ནམ་མཁར་འཕགསཿ རྣལ་འབྱོར་དམར་མོ་རུས་པའི་རྒྱན་དྲུག་གསོལཿ ཕྱག་གཡས་གྲི་གུག་རང་ལུས་ཐོད་པ་བྲེགསཿ སྟོང་གསུམ་བྷནྡྷ་སྐུ་གསུམ་སྒྱེད་པུར་བཙུགསཿ བེམ་རོ་ཐོད་པར་བཞག་ཅིང་སྒྱེད་པུའི་དབུསཿ རླུང་གཡོས་ཨ་ཐུང་སྤར་ཞིང་ཐོད་པ་དྲོསཿ ཤ་ཁྲག་གཞིག་ཅིང་ཐུགས་ཀའི་འོད་ཟེར་གྱིསཿ རིགས་ལྔ་ཡབ་ཡུམ་སྤྱན་དྲངས་སྦྱོར་བ་མཛདཿ བདུད་རྩིའི་རྒྱུན་བབས་བེམ་སྟེང་ཧཾ་ཡིག་ཞུཿ ཤ་ཁྲག་རུས་གསུམ་ཞུ་ཞིང་བདུད་རྩིའི་མཚོརཿ དབྱེར་མེད་འདྲེས་ཤིང་འདོད་ཡོན་སྤྲིན་འཕྲོ་བསཿ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་གྲངས་བརྗོད་ཅིང་ཚོགས་ཞིང་མཆོད་པ་ནིཿ »ཕཊཿ བདག་ལུས་ཟག་མེད་བདུད་རྩིའི་རྒྱ་མཚོ་འདིཿ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་སྲས་དང་བཅསཿ བཀའ་དྲིན་འཁོར་མེད་བླ་མ་ཡུམ་ཆེན་མོཿ མ་གཅིག་ཆོས་ལོངས་སྤྲུལ་སྐུའི་ཚོགས་དང་བཅསཿ ཡི་དམ་རྩ་གསུམ་ཞི་ཆགས་ཁྲོ་བོའི་ཚོགསཿ སྲིད་ཞུའི་མགྲོན་གྱུར་ཚོགས་ཞིང་ལྷ་ལ་འབུལཿ ཚོགས་རྫོགས་སྒྲིབ་དག་བྱིན་རླབས་མཆོག་སྩོལ་ཅིགཿ ཕཊཿ རང་ལུས་ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་འདིཿ མ་མོ་སྔགས་སྲུང་གཟའ་བདུད་རཱ་ཧུ་ལཿ དཔལ་མགོན་མ་ནིང་དམ་ཅན་རྡོར་ལེགས་སོགསཿ ཡེ་ཤེས་འཇིག་རྟེན་བསྟན་སྲུང་རྒྱ་མཚོ་དངཿ དེད་དཔོན་ཆེན་པོ་དྲེགས་པ་སྡེ་བརྒྱད་ཚོགསཿ དཀར་སྐྱོང་ཡུལ་ལྷ་གཞི་བདག་ཀླུ་རིགས་སོགསཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ འབུལ་ལོ་དགྱེས་སྐོང་དངོས་གྲུབ་མཆོག་སྩོལ་ཅིགཿ ཕཊཿ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱ་མཚོ་འདིཿ སྲིད་པའི་རྩེ་མན་མནར་མེད་གཏིང་རུམ་ཡནཿ ལྷ་དང་ལྷ་མིན་མི་ཡི་རིགས་གྱུར་དངཿ དམྱལ་བ་ཡི་དྭགས་དུད་འགྲོའི་རིགས་གྱུར་པའིཿ འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལཿ ཟག་མེད་བདུད་རྩིའི་མཆོད་པ་དཔག་མེད་འབུལཿ དགའ་མགུ་ཡི་རང་སྡུག་བསྔལ་ཀུན་བྲལ་ཞིངཿ མཐར་ཐུག་བྱང་ཆུབ་སེམས་ཀྱི་རྒྱུད་གྲོལ་ཤོགཿ ཕཊཿ བདག་ལུས་བདུད་རྩི་འཛད་པ་མེད་པའི་རྒྱུནཿ འཁོར་བ་ཐོག་མ་མེད་ནས་ད་ལྟའི་བརཿ ཤ་མཁོན་བུ་ལོན་ལན་ཆགས་བདག་གྱུར་མགྲོནཿ ཕོ་མོ་མ་ནིང་རིགས་སུ་གྱུར་རྣམས་དངཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་རིགས་གྱུར་ཀུནཿ གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་རྣམས་ལཿ བསྔོ་ཞིང་སྦྱིན་ནོ་དགྱེས་ཚིམ་ལན་ཆགས་སྦྱངསཿ ཁོང་ཁྲོ་གཞན་གནོད་བསམ་སྦྱོར་ཀུན་ཞི་ཞིངཿ སྟོང་ཉིད་བྱང་སེམས་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ« མགྲོན་བཞིའི་ཚོགས་ལ་དགྱེས་པར་སྦྱིནཿ ཡིད་ཆེས་སྐྱེ་བའི་དམིགས་པ་བྱཿ འདི་ཡི་ཕན་ཡོན་བརྗོད་འདས་སོཿ གསུམ་པ་དྲག་པོའི་དམར་འགྱེད་ནིཿ »ཕཊཿ རང་རིག་ལུས་དབུས་ནས་ཐོན་ནམ་མཁར་འཕགསཿ སྐད་ཅིག་བདུད་འདུལ་ཁྲོས་མ་ནག་མོའི་སྐུཿ མཁའ་ལ་འཇའ་ཚོན་ཇི་བཞིན་གསལ་བ་ཡིཿ ཕྱག་གཡས་གྲི་གུག་བམ་གྱི་པགས་པ་ཕྲལཿ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ རང་ལུས་པགས་པ་དམར་བཤལ་བཏིང་བའི་སྟེང་ཿ ཤ་ཡི་རི་པོ་ཁྲག་གི་རྒྱ་མཚོ་དངཿ ནང་རོལ་རྐང་དང་རུས་པའི་གྲམ་ཁྲོད་གྱུརཿ ཕཊཿ «མི་རྐང་གླིང་བུའི་སྒྲ་ཆེན་རབ་སྒྲོག་ཅིང་ཿ »ཕཊཿ འཁྲུལ་སྣང་བདག་བཟུང་སྒྱུ་ལུས་ཕུང་པོའི་ཁམསཿ གྲངས་མེད་འཁོར་བའི་གནས་སུ་ཆུད་ཟོས་བྱསཿ ད་རེས་སྒྱུ་མ་ལུས་འདིའི་གཅེས་འཛིན་བྲལཿ ཅིས་ཀྱང་མི་བཞག་ལྷ་འདྲེའི་ཚོགས་ལ་སྦྱིནཿ ཕོ་གདོན་རྒྱལ་པོ་མོ་གདོན་བསེན་མོ་དངཿ ཀླུ་གདོན་ས་བདག་གཟའ་གདོན་རྒྱུ་སྐར་དངཿ དམུ་དང་ཐེའུ་རང་གྲོང་རྒྱུག་འདྲེ་མོ་ཡནཿ ཟ་འདྲེ་ཤི་གཤེད་གདོན་བགེགས་འབྱུང་པོའི་ཚོགསཿ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལཿ སྟོང་གསུམ་ཁྱབ་པའི་ཤ་ཁྲག་མཆོད་པར་འབུལཿ ཁྱད་པར་བདག་ལ་གནོད་ཅིང་འཚེ་བ་ཡིཿ བདུད་དང་དམ་སྲི་མ་རུངས་ལོག་འདྲེན་ཚོགསཿ སྲིད་གསུམ་བགེགས་དཔུང་མཁའ་རྒྱུའི་ཡི་དྭགས་རིགསཿ བུ་ལོན་ལན་ཆགས་བདག་པོ་བདག་མོའི་ཚོགསཿ དམིགས་པའི་ཡུལ་གྱུར་མ་ལུས་ཐམས་ཅད་ལཿ ཤ་ཁྲག་པགས་རུས་ཀླད་རྐང་ནང་རོལ་ཚོགསཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་འབུལཿ རང་རང་གང་ལ་གང་འདོད་ཤ་ཁྲག་རུསཿ ཟོ་ཤིག་འཐུང་ཅིག་རོལ་ཞིག་ངོམ་པར་མཛོདཿ ཇི་སྲིད་བྱང་ཆུབ་འབྲས་བུ་མ་ཐོབ་བརཿ མི་ཟད་འདོད་ཡོན་གཏེར་ལ་ལོངས་སྤྱོད་ནསཿ ཁོང་ཁྲོ་གནོད་སེམས་གདུག་རྩུབ་ཀུན་ཞི་ཞིངཿ ཤ་མཁོན་བུ་ལོན་ལན་ཆགས་ཡོངས་བྱང་ནསཿ མཐར་ཐུག་ཡུམ་ཆེན་གདུལ་བྱར་འགྱུར་བ་དངཿ གནས་སྐབས་རྡོ་རྗེའི་དམ་ལས་མི་འདའ་ཤོགཿ ཕཊཿ དམར་སྟོན་གཙོ་བོ་རྣམས་ཀྱི་རྗེས་འབྲང་དངཿ ཁས་ཞན་དབང་ཆུང་ཤ་དང་ཁྲག་ལ་སྲེདཿ གློ་བུར་ལྷག་པའི་མགྲོན་རྣམས་ཐམས་ཅད་ལཿ སྟོང་གསུམ་ཁྱབ་པའི་དམར་མཆོད་དཔག་མེད་འབུལཿ ཤ་འདོད་ཤ་ཟོ་ཁྲག་རྔམས་ཁྲག་ལ་འཐུངཿ རུས་འདོད་རུས་འཆོས་པགས་འདོད་པགས་པ་གྱོནཿ ནང་རོལ་ཀླད་པ་རྐང་ཞག་བཅས་པ་ཡིསཿ ཐམས་ཅད་ངོམ་ཞིང་ཚིམ་ནས་དགའ་མགུར་ལྡནཿ མཐར་ཐུག་བྱང་ཆུབ་སེམས་དང་ལྡན་གྱུར་ཅིགཿ ཕཊཿ «བཞི་པ་འདོད་ཡོན་ཁ་འགྱེད་ནིཿ »ཕཊཿ ན་མོཿ རང་རིག་དབུ་མའི་ལམ་བརྒྱུད་ནམ་མཁར་འཕགསཿ ཡེ་ཤེས་ཌཱཀྐིའི་སྐུ་རུ་ལམ་གྱིས་གྱུརཿ སྟོང་གསུམ་ཁྱབ་པའི་བེམ་རོའི་པགས་པ་བཤུསཿ ཤ་ཁྲག་རུས་གསུམ་འཇིག་རྟེན་ཁམས་ཁྱབ་ལསཿ ལྷ་མའི་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ བཟའ་བཏུང་གོས་རྒྱན་གནས་ཁང་ཡོ་བྱད་དངཿ ནོར་བུ་རིན་ཆེན་དགོས་འབྱུང་དཔལ་ཡོན་ལྡནཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ལྟ་བུར་གྱུརཿ ཕཊཿ སྐྱབས་གནས་གཅིག་ཆོག་བླ་མ་ཡུམ་ཆེན་དངཿ སངས་རྒྱས་བྱང་སེམས་སྐུ་གསུམ་ཞིང་བཞུགས་པའིཿ སྐྱབས་གནས་དགོན་མཆོག་སྲིད་ཞུའི་མགྲོན་ལ་འབུལཿ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་ཡོངས་བྱང་ཤོགཿ མགོན་པོ་ཕོ་བརྒྱུད་ལྷ་མོ་མོ་རྒྱུད་དངཿ མ་གཟའ་རྡོར་ལེགས་དེད་དཔོན་ཆེན་པོ་སོགསཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འབུལཿ མཉེས་ཤིང་ཚིམ་ནས་དམ་ལས་མི་འདའ་ཤོགཿ སྲིད་རྩེ་མནར་མེད་བར་གནས་རིགས་དྲུག་གིཿ སྙིང་རྗེའི་ཡུལ་གྱུར་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་གང་འདོད་འདོད་ཡོན་དཔག་མེད་སྦྱིནཿ ངོམ་ཞིང་ཚིམ་ནས་སངས་རྒྱས་མྱུར་ཐོབ་ཤོགཿ སྡུག་བསྔལ་འཁོར་བའི་རྒྱ་མཚོར་སྐྱེ་སངས་མངཿ དེ་ཚེ་ཤ་མཁོན་བུ་ལོན་འཁོར་བ་ཡིཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་ལོངས་སྤྱོད་མི་ཟད་གཏེར་ཆེན་སྦྱིནཿ འཁོར་བ་མ་སྟོང་བར་དུ་མི་ཟད་པའིཿ གཏེར་ལ་ལོངས་སྤྱོད་ཤ་མཁོན་ཀུན་དག་ནསཿ མ་གཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ «མཆོད་སྦྱིན་ལྷག་མགྲོན་ལ་སྦྱིན་པཿ »ཕཊཿ དེ་ལྟར་མཆོད་སྦྱིན་ལྷག་ལ་རེ་བ་ཡིཿ ཞ་ལོང་འོན་ལྐུགས་རྗེས་འབྲང་གློ་བུར་ལྷགཿ ཉམས་ཆུང་གཟུགས་ངན་སྟོབས་མེད་འབྱུང་པོའི་རིགསཿ མིང་དང་མཚན་ནས་མ་ཐོན་ཐམས་ཅད་ལཿ བདག་ལུས་འདོད་ཡོན་ཟག་མེད་གཏེར་ཆེན་འདིཿ གང་ལ་གང་འདོད་དགོས་དགུའི་གཏེར་དུ་སྦྱིནཿ ནང་དང་དབུལ་ཕོང་སྡུག་བསྔལ་ཀུན་ཞི་ཞིང་ཿ སངས་རྒྱས་སྲས་ཀྱི་གདུལ་བྱ་འགྱུར་བར་ཤོགཿ ཕཊཿ« དེ་ལྟར་མཆོད་སྦྱིན་ཡོངས་རྫོགས་ནསཿ ལུས་ནི་ཡོངས་སུ་སྦྱིན་པས་སྟོངཿ རང་སེམས་དངོས་མེད་ནམ་མཁར་འདྲེསཿ ཡེ་ནས་ཆོས་སྐུ་ཡུམ་ཆེན་ཀློངཿ འཛིན་མེད་རང་གྲོལ་ངང་དུ་བཞགཿ དེ་ནས་བདུད་བཞི་དབྱིངས་གཅོད་ནིཿ »ཕཊཿ རང་སེམས་འགྱུ་བ་དངོས་མེད་ནམ་མཁའི་ཀློངཿ ཅིར་ཡང་མ་གྲུབ་སྟོང་ཆེན་ཡུམ་གྱི་མཁའཿ རེ་དང་དོགས་པའི་མཚན་མ་ཡེ་ནས་ཞིགཿ ཐོག་བཅས་འབྱུང་བཞི་གཟུགས་ཅན་གཟུགས་མེད་བདུདཿ ཐོག་མེད་ཉོན་མོངས་རྣམ་རྟོག་གྱ་གྱུའི་བདུདཿ དགའ་བྲོད་དངོས་གྲུབ་རྟགས་མཚན་རེ་བའི་བདུདཿ སྙེམས་བྱེད་ཐེ་ཚོམ་གཉིས་འཛིན་འཁྲུལ་བའི་བདུདཿ ཐམས་ཅད་བདག་མེད་ཀུན་བཟང་ཡུམ་གྱི་ངངཿ བྱིན་གྱིས་རློབས་ཤིག་བླ་མ་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་ཁྲོས་མ་ལྷ་ལྔ་མཿ བར་ཆད་སོལ་ཅིག་ཡེ་ཤེས་མཁའ་འགྲོའི་ཚོགསཿ སྐུ་གསུམ་རང་ངོ་ཤེས་པར་བྱིན་གྱིས་རློབསཿ དེ་ལ་འཛིན་རྟོག་མེད་པར་བྱིན་གྱིས་རློབསཿ ལྷ་འདྲེ་སེམས་སུ་ཤེས་པར་བྱིན་གྱིས་རློབསཿ དེ་ལ་སྙེམས་རྟོག་མེད་པར་བྱིན་གྱིས་རློབསཿ ན་ཚ་ལམ་སློང་རྐྱེན་ངན་གྲོགས་སུ་ཤརཿ བར་ཆད་བདུད་དང་འཁྲུལ་པའི་སྣང་བ་ཀུནཿ ཁྱབ་གདལ་ཆེན་པོ་མ་གཅིག་ཐུགས་ཀློང་ཨཱཿ «རྗེས་ལ་བསྔོ་སྨོན་མཚམས་སྦྱོར་ནིཿ »ཕཊཿ དེ་ལྟར་མཆོད་སྦྱིན་དགེ་རྩ་བླ་མེད་པསཿ མཁའ་ཁྱབ་མ་རྒན་སེམས་ཅན་མ་ལུས་ཀུནཿ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་ཐར་ནསཿ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོཿ ཕཊཿ འཛིན་པ་རང་གྲོལ་གདམས་པ་ཉམས་བླངས་མཐུསཿ བླ་མ་དམ་པའི་ཐུགས་དགོངས་ཡོངས་རྫོགས་ཤིངཿ རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་བཅསཿ དགྱེས་སྐོང་དངོས་གྲུབ་ཕྲིན་ལས་ཐོགས་མེད་འགྲུབཿ འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཀུན་ཞི་ཞིངཿ སྣང་སྲིད་ལྷ་འདྲེ་བྱང་ཆུབ་སེམས་ལྡན་ཤོགཿ བདག་ཀྱང་བརྟུལ་ཞུགས་སྤྱོད་པ་ལམ་དུ་སློངཿ འཛིན་པ་རང་གྲོལ་མན་ངག་ཉམས་སུ་ལོནཿ གཟུགས་མེད་འགྲོ་དོན་མཐའ་རུ་ཕྱིན་ནས་ཀྱངཿ འཁོར་བ་དོང་སྤྲུགས་འཇའ་ལུས་འགྲུབ་པར་ཤོགཿ «ཡུམ་ཆེན་དགོངས་དོན་བདུད་ཀྱི་གཅོད་ཡུལ་ཞེསཿ འཛིན་པ་རང་གྲོལ་ཉམས་ལེན་འགྱེད་ཆེན་བཞིཿ གདན་ཐོག་གཅིག་ཏུ་གྲོལ་བའི་གདམས་པ་ནིཿ གནད་བྱང་མཁའ་འགྲོའི་བརྡ་རིས་ཆེན་མོ་ལསཿ དྲི་མ་མེད་པའི་གསུང་གི་བདུད་རྩིའི་བཅུདཿ བདག་ཉིད་ལས་ཀྱི་དཔའ་བོས་ཕབ་པ་བཞིནཿ ཡི་གེ་འདུ་བྱེད་ཞེན་མེད་རྣལ་འབྱོར་་པཿ རིག་་པའི་ཡེ་ཤེས་ཞེས་བྱས་བགྱིས་པ་ཡིཿ བགྱིས་པའི་འཁོར་བ་དོང་ནས་སྤྲུགས་པར་ཤོགཿ ས་མ་ཡ་རྒྱཿ ཆོས་འདིས་འགྲོ་དོན་འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོཿ དགེའོ།། །།