DKYD-KABUM-02-KHA-010

From Khyentse Lineage - A Tsadra Foundation Project
Revision as of 09:43, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 10, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །ཡང་གསང་འཛིན་པ་དང་གྲོལ་ལསཿ བཀའ་དང་གཏེར་སྲུང་མཆོད་ཐབས་བཞུགསཿ བཀའ་གཏེར་སྲུང་མཆོད་ཐབས་ནིཿ བ་ལིཾ་གཏོར་མ་ཤ་ཁྲག་བརྒྱནཿ ཁྱད་པར་རིན་ཆེན་སྣ་ལྔ་དངཿ ཇ་ཆང་ལ་སོགས་མཐུན་རྫས་རྣམསཿ ལེགས་པར་བཤམས་ལ་འདི་སྐད་དོཿ ཧཱུྃཿ འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རིཿ རྩ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོདཿ སྲིན་པོའི་རྒྱལ་པོ་གཟའ་བདུད་རཱ་ཧུ་ལཿ སྐུ་མདོག་དམར་སྨུག་འཇིགས་རུང་བྱིན་ཆགས་པའིཿ སྤྱན་སྟོང་སྡང་མིག་འབར་བས་དགྲ་ལ་གཟིགསཿ ཞལ་ནས་གདུག་པ་དུག་གི་ཁ་ཕྲུ་འཐོརཿ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེསཿ འཛིན་པ་རང་གྲོལ་བཀའ་ཡི་བྱ་ར་མཛོདཿ དམ་ལྡན་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལཿ དམ་མེད་ལོག་ལྟ་ཅན་གྱི་སྙིང་ཁྲག་བཞེསཿ གཟུགས་ཅན་གཟུགས་མེད་ལོག་འདྲེན་ཚར་བཅད་ནསཿ བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོདཿ བྷྱོཿ ཁཾ་ལས་རྒྱ་མཚོ་འཁྱིལ་པའི་ཀློང་དཀྱིལ་དབུསཿ གདུག་པའི་སྲས་མཆོག་བསྙོ་ཁ་ནག་པོ་ཆེཿ སྨུན་ནག་ཁྲོ་ཉམས་སྲིན་པོའི་གཟུགས་འཆང་བཿ དམ་ལྡན་རྣལ་འབྱོར་དཔའ་བོས་འབོད་ལགས་ནཿ དམ་ཚིག་ཅན་གྱི་ལྷ་མཆོག་གཤེགས་སུ་གསོལཿ དམ་རྫས་བ་ལིཾ་རྒྱན་ལྡན་བདུད་རྩིའི་སྐྱེམསཿ རིན་ཆེན་ལྔ་དང་གསེར་སྐྱེམས་གཡུ་སྐྱེམས་སོགསཿ འབུལ་ལོ་དགྱེས་བསྐང་ཕྲིན་ལས་ཐོགས་མེད་སྒྲུབསཿ ཁྱེད་ལ་ལས་ཀྱི་གཉེར་ཁ་གཏད་པ་ནིཿ འཛིན་པ་རང་གྲོལ་བཀའ་ཡི་བྱ་ར་མཛོདཿ ཁྱད་པར་བླ་མའི་བཀའ་ལ་མི་བརྩི་ཞིང་ཿ གདམས་ངག་རང་གར་སྤྱོད་པའི་དམ་མེད་རྣམསཿ སྙིང་ནང་ཁྲག་གི་ཐིག་ལེ་དྭངས་མ་ནིཿ ཐང་དུ་ཕོབ་ཅིག་བཛྲ་ས་མ་ཡཿ མ་གཡེལ་དམ་ཚིག་ཅན་ཡི་ལྷ་མཆོག་ཁྱོདཿ ཉིན་མཚན་དུས་དྲུག་ཀུན་ཏུ་མེལ་ཚེ་མཛོདཿ ཁྱད་པར་རྣལ་འབྱོར་བདག་ཅག་སྒྲུབ་པ་པོའིཿ གཞི་ལམ་བྱེས་གསུམ་གར་འགྲོ་གར་འདུག་ཡངཿ ཁ་མགོན་རོག་ལྡན་མཐུ་དཔུང་མ་གཡེལ་བརཿ འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོདཿ དྲི་མ་མེད་པའི་གསུང་གི་བདུད་རྩིའི་རྒྱུནཿ གནད་བྱང་མཁའ་འགྲོའི་བརྡ་འཁྲོལ་ཆེན་མོ་ལསཿ བདག་ཉིད་ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིསཿ ཡང་གསང་ཐུགས་ཀྱི་ཐིག་ལེའི་མཐའ་བརྟན་དུཿ ཡི་གེ་ཉེ་གནས་ཡོད་ཟེར་མིང་གིས་བགྱིསཿ མངྒ་ལཾ། ཤུབྷཾ།། །།