SPCD-KABUM-02-KHA-002

From Khyentse Lineage - A Tsadra Foundation Project
Revision as of 15:26, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

བཟོད་པའི་གོ་ཆ་གྱོན་པའི་རིགས་སུམ་ཅུ་རྩ་དགུ་བཞུགས་སོ།། ང་ཡི་བླ་མ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་མཁྱེན་ནོ། །གཞན་གྱིས་མི་སྙན་པའི་ཚིག་བརྗོད་པ་སོགས་ལ་རང་གིས་ཁྲོ་བར་མི་རིགས་པར་བཟོད་པ་དམ་པའི་གོ་བགོས་ཏེ་བསྒོམ་དགོས་པའི་ཚུལ་ནི། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་དང་། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་དང་། བདག་ནི་གྲོལ་བ་དོན་གཉེར་བས། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གང་དག་བདག་བཅིང་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པས། །འདི་ལ་བདག་གེགས་བྱེད་འགྱུར་རམ། །ཞེས་དང་། འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་གནོད་པར་མི་བྱེད་དོ། །དེ་བས་ངལ་བས་མ་བསྒྲུབས་པར། །བྱང་ཆུབ་སྤྱོད་པའི་གྲོགས་ཤེས་ནས། །བདག་གིས་དགྲ་ལ་དགའ་བར་བྱ། །གྲགས་པའི་དོན་དུ་ནོར་གཏོང་ཞིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེས་ཀོ་སུ་ལ་རེ། །བྱེ་མའི་ཁང་བུར་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་སོགས་གསུངས་པ་ལྟར་དོན་དུ་སྐྱེ་བོ་མ་རིག་པས་བསྒྲིབས་པ་བླུན་ཞིང་རྨོངས་པ་དག་གིས་སྐྱོན་ཉིད་ལ་སྐྱོན་མཐོང་མི་ཤེས་པར། ཡོན་ཏན་ལའང་སྐྱོན་དུ་མཐོང་ཞིང་དྲན་ཤེས་བག་ཡོད་ཀྱི་གཉེན་པོ་ཅུང་ཟད་ཙམ་ཡང་མེད་པར་སེམས་དམུ་རྒོད་ལང་ཤོར་དུ་ཐལ་བ། ཅོལ་ཆུང་བ་བྱིས་པ་ལྟ་བུ་དགའ་སྡུག་འགྱུར་སླ་ཞིང་རང་མིག་མ་དག་པས་མ་དག་པ་ལས་ཅི་མཐོང་འཁྲུལ་བས་འཁྲུལ་གཏམ་ལས་ཅི་ཡོད་སྙམ་ནས་སྙིང་རྗེ་ལྷག་པར་བསྐྱེད་ནས་བཟོད་པར་རིགས་སོ། །རིང་བའི་མཆེད་སེམས་ཅན་ཐམས་ཅད། ཉེ་བའི་མཆེད་བསྟན་པའི་སྒོར་ཞུགས་ཚད། གསང་བའི་མཆེད་བླ་མ་དཀྱིལ་འཁོར་གཅིག་གིས་བསྡུས་པ་དམ་ཚིག་ལྡན་པ་རྣམས་ཡིན་པས་ལྷག་པར་བཟོད་པར་རིགས་སོ། །ཚིག་ངན་དྲག་པོ་ཅི་གནོད་སྣ་ཚོགས་ལབ་བྱུང་རུང་ལག་གིས་བརྡུང་རྒྱབ་བྱེད་པ་ནི་མིན་ཅི་སྐྱོན་སྙམ་ནས་བཟོད་པར་རིགས་སོ། །ལག་གིས་བརྡུང་རྒྱབ་ཀྱིས་ན་ཚ་གཟེར་ཟུག་དྲག་པོ་རེ་བྱུང་རུང་འཆི་ནི་མི་འགྲོ་ཅི་སྐྱོན་སྙམ་ནས་བཟོད་པར་རིགས་སོ། །འཆི་བ་ལས་མ་འདས་པ་ཞིག་བརྡུང་བྱུང་རུང་རང་གི་བཟོད་པ་ལ་ཟོལ་མི་འདུག་པས་ངན་སོང་གི་གནས་རིས་ལ་ནི་སྐྱེ་ཐབས་མེད་སྙམ་ནས་བཟོད་པར་རིགས་སོ། །དམན་པ་རང་དང་མཉམ་ཡོང་བའི་དོགས་པ། གོང་མས་གཉའ་མནན་པའི་དོགས་པ། འདྲ་བ་ལ་འགྲན་པའི་ཕྲག་དོག་སོགས་འབྱུང་ཞིང་། དེའང་མི་ཆོས་མཁས་པས་ཕྱི་རོལ་དུ་ཅི་རེད་མི་མངོན་ཀྱང་ག་ལེར་གཞན་ལ་བྱེད་དུ་བཅུག་པའམ། བྱེད་པ་ལ་རྗེས་སུ་ཡི་རང་སྒོམ་པ་སོགས་ཕལ་ཆེའི་གཏིང་ན་ཡོད་འདུག་པས་དེ་དག་ཀྱང་དྲུངས་ནས་འབྱིན་པའི་བཟོད་པར་རིགས་སོ། །རང་གཞན་སུ་ཡིན་ཡང་རུང་མཐོ་དམན་དང་འབྱོར་རྒུད་ན་ཤི་དང་རྐྱེན་ངན། ཡུལ་གཞན་དུ་འགྲོ་བ་སོགས་མི་རྟག་པའི་རང་བཞིན་ལས་མ་འདས་པས་ན། ད་ལྟ་གསོན་པོའི་ཚེ་འདིར་འཁོན་ཞེ་བཟུང་བ་དང་འཐབ་རྩོད་མ་བྱེད་དང་། མི་རྟག་པའི་ཚུལ་གཅིག་ཏུ་སྟོན་ནས་འཆི་བའི་དུས་སེམས་འགྱོད་ཆུང་བ་ཡིན་པས་ན་བཟོད་པར་རིགས་སོ། །གཞན་འཇིག་རྟེན་པའི་སྣང་ངོར་སྙན་གྲགས་འགྲོ་དོན་སོགས་ཆུང་བར་གྱུར་རུང་མི་ངོ་རྒྱུ་ངོ་ལ་ནམ་ཡང་མི་ཕྱོགས་པ་རང་གི་ཆོས་གང་འགྲུབ་དེ་དམ་ཚིག་རྣམ་པར་དག་པས་བསྲུང་བ་གལ་གནད་གཅིག་ཏུ་ཤེས་པས་བཟོད་པར་རིགས་སོ། །རང་ཕྱོགས་ཀྱི་བླ་མ་བཟང་སྟེ་གཞན་ཕྱོགས་ཀྱི་བླ་མ་གཞན་དོན་ཅུང་མེད་པས་རང་འདོད་ཆེ་ཞིང་དག་སྣང་ཆུང་བ་ཡིན་སྙམ་ནས་བཟོད་པར་རིགས་སོ། །དེ་བཞིན་ཆོས་ལའང་ཐེག་པའི་རྣམ་གྲངས་དང་དྲང་ངེས་ལྡེམ་དགོངས་ཀྱི་གསུང་སྣ་ཚོགས་ཡོད་ཤག་རེད་པས་རང་གིས་མ་མཐོང་བའི་གཡང་ས་ཆེན་པོ་ད་དུང་ཡང་ཡོད་ཤག་རེད་སྙམ་ནས་བཟོད་པར་རིགས་སོ། །ཐེག་དམན་གྱིས་ཐེག་ཆེན་སྨད་པ་ལྟ་ཞོག །ཐེག་ཆེན་པས་ཐེག་དམན་ལ་མི་སྨད་དེ་གདུལ་བྱ་སྣ་ཚོགས་འདུལ་ཕྱིར་རྒྱལ་བས་གསུངས་པ་ཡིན་པར་ཤེས་པས་བཟོད་པར་རིགས་སོ། །ཡང་དག་གི་འགྲོ་དོན་ནུས་ན་སེམས་ཅན་ཟད་པའི་དོགས་པ་ག་ལ་ཡོད་སྙམ་ནས་ཕྲག་དོག་གིས་བློ་ངན་ཚིག་རྩུབ་སོགས་ཡོངས་སུ་བོར་ནས་བཟོད་པར་རིགས་སོ། །དཀོན་མཆོག་གསུམ་ལ་དག་སྣང་གི་འདུན་པ་མ་འབྱོངས་ན་སྐྱེ་བོ་ཕལ་པ་ལས་ཀྱང་ཐ་ཆད་པར་འདུག་སྙམ་ནས་བཟོད་པར་རིགས་སོ། །ནང་པ་སངས་རྒྱས་པའི་བསྟན་པ་ཡུགས་གཅིག་ལ་གྲུབ་མཐའ་སོ་སོའི་ཕྱོགས་རིས་ཀྱིས་སྡང་སེམས་ཡོད་སྲིད་ན་ནང་པ་ལ་ཕྱི་རོལ་པས་དམག་འདྲེན་པ་ལའང་ཁག་ཅི་ལ་ཡོད་སྙམ་ནས་བཟོད་པར་རིགས་སོ། །ཐོས་བསམ་སྒོམ་པ་ཕྱོགས་རེ་བའི་རྒྱུད་ཁེངས་ནས་རྩོད་པའི་བརྙས་བཅོས་སྣ་ཚོགས་ཇི་ལྟར་བྱུང་རུང་ཆོས་ཀྱི་ཡོན་ཏན་དང་རང་རྒྱུད་ཀྱི་ཉོན་མོངས་གཉིས་པོ་ཙམ་རྣམ་དབྱེ་མ་ཕྱེད་པས་ཅི་རྩོད་སྙམ་ནས་བཟོད་པར་རིགས་སོ། །ཐ་སྙད་ཚིག་ལ་མཁས་པ་རྣམས་ལ་ང་རྒྱལ་གྱི་ཁེངས་དྲེགས་དང་སེམས་ཀྱི་གནས་ལུགས་རྟོགས་པ་ལ་ཞི་དུལ་དང་བག་ཡོད་རེ་ལོས་ཡོང་སྙམ་ནས་ལྷག་པར་བཟོད་པར་རིགས་སོ། །བཟང་ངན་གྱི་སྐྱོན་ཡོན་རང་རྒྱུད་དུ་མ་ངེས་པར་གཞན་ལ་བབ་ཅོལ་གྱིས་ངན་སྨྲས་ནམ་ཡང་མི་བྱེད་པར་རང་རྒྱུད་བག་ཕབ་པའི་དཔེ་ཞིབ་པར་བླངས་ཏེ་གང་ལའང་བཟོད་པར་རིགས་སོ། །དུས་ནི་རྩོད་དུས་ཆོས་ཀྱང་རྩོད་དུས་སུ་འགྱུར་བས་ན་འཕྲལ་ཡུན་དགེ་བ་དེའི་འབྲས་བུ་ཅི་འབྱུང་སྙམ་ནས་བཟོད་པར་རིགས་སོ། །བདེ་བའི་རྒྱུ་དགེ་བའི་རྩ་བ་གང་དང་གང་འགྲུབ་ཀྱང་ཆུད་ཟོས་སུ་འགྲོ་ཉེན་ཡོད་པ་དང་། མ་ཟད་ཞེ་སྡང་གིས་བསྐྱེད་པའི་སྡུག་བསྔལ་ཆེ་ཤོས་དམྱལ་བ་ཡིན་པས་དེར་ལྷུང་དོགས་ཀྱིས་ལྷག་པར་བཟོད་པར་རིགས་སོ། །དེ་ལྟར་བཟོད་པ་དམ་པ་དང་ལྡན་ན་སྔར་བྱས་ཀྱི་དགེ་བ་རྣམས་ཆུད་མི་ཟ་ཞིང་། ད་ལྟ་སྒྲུབ་པའི་དགེ་བ་ལམ་དུ་སློང་བ་དང་། ཕྱིས་ནས་དགེ་བ་གང་སྒྲུབ་ཀྱི་སྣོད་དུ་རུང་ཞིང་ཀུན་རྫོབ་དང་དོན་དམ་གྱི་ཆོས་ཆེ་ཕྲ་གང་འགྲུབ་ཀྱང་བླུག་བྱེད་ཀྱི་སྣོད་དམ་ཚེ་ཕྱི་མ་ལ་ཁུར་བྱེད་ཀྱི་ལུང་ཐག་ལྟ་བུར་ཡིན་པས་ན་ལྷག་ཏུ་བཟོད་པར་རིགས་སོ། །ཚིག་ལ་སྙན་པོ་མི་འདུག་སྙམ་ན་ཁོ་རང་གི་ཚིག་ཡིན་པ་དང་ཚིག་ནི་བེམ་པོ་རང་ཡིན་པའི་ཕྱིར་རང་ལ་འཕོ་སྟེ་ཟུག་ནི་མི་ཡོང་བས་བཟོད་པར་རིགས་སོ། །རང་གི་སྙན་གྲགས་སོགས་ལ་གནོད་སྙམ་ན་ནི་སྙན་གྲགས་ཀྱིས་ཀྱང་ཚེ་འདིའི་སྲོག་ལ་རྒོལ་ཞིང་ངན་འགྲོར་ཁྲིད་པས་ན་བཟོད་པར་རིགས་སོ། །འོ་ན་ཁྲོ་བར་རིགས་ན་ཕ་རོལ་གྱི་ཚིག་ལ་མི་སྙན་པ་དང་ལེན་བྱེད་མཁན་རང་སེམས་ལས་གཞན་མ་ཡིན་པས་རང་སེམས་ལའང་ཁྲོ་བར་རིགས་སོ། །མི་དགའ་བས་ཁྲོ་བ་ཡིན་ན་རང་སེམས་ཁྲོས་པ་ལའང་ཁྲོ་བར་རིགས་སོ། །མི་སྙན་པ་སོགས་རང་གི་སྔོན་གྱི་ལས་འཕྲོ་རང་ཡིན་པས་སྔོན་ལས་ལའང་ཁྲོ་བར་རིགས་སོ། །ཁྲོ་བར་རིགས་ན་ཐོས་བྱེད་རྣ་བ་ལའང་ཁྲོ་བར་རིགས་སོ། །དེ་ལྟ་བུའི་དོན་མེད་ཅིང་ཆོས་པ་རྣམས་ངོ་ཚ་བའི་རང་བཞིན་ཁོང་ཁྲོས་མྱོས་པ་བས་ཀྱང་སྒོ་གསུམ་ཉམས་ཡང་ཡང་ཕབ་ནས་དཔྱད་པ་ཁ་བསྐོར་ཏེ་ཤིན་ཏུ་བཟོད་པར་རིགས་སོ། །གནོད་འཚེ་མི་བདེ་བ་སོགས་ཀྱི་རྐྱེན་གྱིས་བསྐུལ་ཏེ་སྙིང་རྗེ་དང་སྐྱོ་བ་བསྐྱེད་པའི་རྒྱུ་ཁྱད་པར་ཅན་ཡིན་པས་ཀྱང་བཟོད་པར་རིགས་སོ། །དེ་ལྟར་མི་འདོད་པ་དང་མི་སྙན་པས་ཆོས་ཀྱི་བཟོད་པ་དམ་པ་བསྐྱེད་པའི་རྒྱུ་མ་ནོར་བ་བྱེད་པས་ཀྱང་བཟོད་པར་རིགས་སོ། །རང་གིས་མི་དགའ་བ་དང་ལེན་མ་བྱས་ན་གཞན་གྱིས་ཅི་ལྟར་བྱས་བསྡད་ཀྱང་ཕན་གནོད་མི་འདུག་པས་བཟོད་པར་རིགས་སོ། །ཞེ་སྡང་ལྡན་པས་སྣང་བ་ཐམས་ཅད་དགྲ་རུ་མཐོང་བ་དང་། །སྙིང་རྗེ་ལྡན་པས་དགྲ་གཉེན་དབྱེར་མེད་པ་མར་མཐོང་བས་ཀྱང་བཟོད་པར་རིགས་སོ། །ཆོས་ལ་ཐོས་བསམ་མང་དུ་བྱས་ནས་སྒྲུབ་པ་བྱས་ཡུན་རིང་ནའང་ད་དུང་ཐ་མལ་པའི་ཞེ་སྡང་རང་མཚན་ཅན་འདི་འདྲ་སྐྱེས་པ་ང་ངོ་རེ་ཚ་སྙམ་ནས་མི་ཡི་ཤེས་རྒྱ། སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་བྱ། གསང་སྔགས་ཀྱི་ལྟ་བ་སོགས་གང་རུང་ལྷག་པར་གསལ་འདེབས་རེ་བྱས་ཏེ་བཟོད་པར་རིགས་སོ། །རྐྱེན་བཟང་ངན་དངོས་བརྒྱུད་བར་གསུམ་ནས་བྱུང་ཞིང་འཕྲད་པའི་དུས་རྩོལ་བཅས་རྩོལ་མེད་གང་རུང་གིས་བཟོད་པའི་ཁུར་མ་ཐེག་ན་སེམས་རྒྱུད་ཆོས་དང་མ་འདྲེས་པའི་ཕྱིར་ཆོས་པའི་མཚང་རྟགས་ཐོན་ནས་གཅལ་དུ་བཀྲམ་ཡོང་བས་ཀྱང་བཟོད་པར་རིགས་སོ། །འདི་ལྟར་མི་འདོད་པ་དང་མི་སྙན་པ་བྱུང་དུས་བཅོས་ཐབས་ལ་འབད་ཀྱིས་མི་དགའ་བ་བྱས་པས་ཕན་པ་མི་འགྱུར་བས་བཟོད་པར་རིགས་སོ། །མི་འདུག་ན་ཐལ་ཟིན་པས་དེ་བས་ཀྱང་མི་དགའ་བ་བྱས་མ་བྱས་མེད་པས་བཟོད་པར་རིགས་སོ། །ལར་ནི་དགའ་མི་དགའ་ཐམས་ཅད་སྐད་ཅིག་སྔ་མ་ལ་འགགས་པས་ཁར་སང་ཕན་ཆད་སྣང་བ་དང་མདང་གི་རྨི་ལམ་ལྟར་ལོག་ནས་མི་ཡོང་བས་བཟོད་པར་རིགས་སོ། །དེ་བཞིན་དེ་རིང་གི་སྣང་བ་དང་། དོ་ནུབ་ཀྱི་རྨི་ལམ་དང་འདྲ་བ་ཡིད་རྟོན་ཕེར་བ་མེད་པས་ཀྱང་བཟོད་པར་རིགས་སོ། །གལ་སྲིད་གནོད་པ་ལྟར་སྣང་ཡང་ངེས་པར་བརྟགས་ན་སྒྱུ་མའི་དཔེ་བརྒྱད་ལས་མ་འདས་པས་ན་བཟོད་པར་རིགས་སོ། །དོན་དམ་པར་ཕྱི་ནང་བར་གསུམ་གང་དུའང་གནོད་བྱ་གནོད་བྱེད་ཀུན་དང་བྲལ་བ་ཡིན་པས་ཀྱང་ལྷག་པར་བཟོད་པར་རིགས་སོ། །ཀློང་ཆེན་པའི་མན་ངག་མཛོད་ལས། གཞན་དག་གཡོ་སྒྱུས་བསླུས་པ་རང་ཉིད་བསླུས་པ་ཡིན། །གཞན་ལ་རྒྱལ་ཁ་སྦྱིན་ན་རང་ལ་སྦྱིན་པ་ཡིན། །གཞན་ལ་གདུག་རྩུབ་གནོད་པ་རང་ལ་བསྐྱལ་བ་ཡིན། །གཞན་ལ་ཇི་ལྟར་ཕན་བཏགས་རང་ལ་བཏགས་པ་ཡིན། །གཞན་ལ་ཕྲག་དོག་གཤེ་བཀུར་རང་ལ་བཏབ་པ་ཡིན། །གཞན་དོན་ཚོགས་གཉིས་ཅི་བསགས་རང་ལ་བསགས་པ་ཡིན། །དེ་འདྲའི་གོ་བ་དཀོན་ཏེ་རང་རྒྱུད་སྦྱར་ཤེས་དགོས། །ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་། །སྙིང་རྗེ་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི། །ཉེས་པ་གླེང་ན་བདག་གཞན་ཉམས་འགྱུར་བས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི། །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས། །མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །ཆགས་སྡང་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུགས་འགྱུར་ཞིང་། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས། །དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི། །ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་ཅག་བདེ་བར་བརྩོན། །གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་དང་། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །མི་དགའ་ཅི་ཡོད་དགར་ཅི་ཡོད། །ཐམས་ཅད་ནམ་མཁའ་འདྲ་བ་ཉིད། །བདག་འདྲའི་ཡོངས་སུ་བཟུང་བར་གྱིས། །ཞེས་དང་། བཤེས་སྤྲིངས་ལས། ཇི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་བ་སངས་རྒྱས་ཞལ་གྱིས་བཞེས། །ཞེས་སོགས་གསུངས་པ་ལྟར་ཚིག་ཙམ་དུ་མ་ལུས་པ་གལ་ཆེ་ཞིང་ཆོས་ཀྱིས་གདུལ་བྱ་ངོ་མ་ནི་ཉོན་མོངས་དུག་ལྔ་ཡིན་པར་འདུག་མོད། འོན་ཏེ་དུག་ལྔའི་ནང་ནས་ཀྱང་ཁོང་ཁྲོ་ངན་པ་ནི་གློ་བུར་དབང་མེད་དུ་གློག་ཞགས་འཁྱུག་པ་བཞིན་ལྡང་ཡོང་བས་དགེ་བ་གང་འགྲུབ་ཆུད་ཟོས་སུ་གཏོང་བའི་ཉེན་ཁ་ཆེ་ཤོས་ཡིན་བཞིན་གཟབ་དགོས་པ་རྒྱལ་བའི་བཀའ་དུ་མ་ནས་གསུངས་འདུག་པས། དེས་ན་ཀློང་ཆེན་པའི་སེམས་ཉིད་ངལ་གསོའི་སེམས་བསྐྱེད་ཀྱི་འགྲེལ་བ་ལས་གཅེས་པར་བཏུས་ཏེ་ཅུང་ཟད་རང་ངོར་གོ་བདེ་བའི་ཕྱིར་ཡི་གེར་སྦྱར་བ་ཡིན་པས་ཕྱི་རབས་ཆོས་པ་རྣམས་ཀྱིས་ཅུང་ཟད་ཐུགས་སུ་བཞུགས་པར་གསོལ་ལོ། །ཞེས་པ་འདིའང་ས་མནྟ་བྷ་དྲ་བཛྲས་བྲིས་པ་དགེའོ།། །