DKYD-DZINDROL-039

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཕ་ཅིག་དམ་པ་སངས་རྒྱས་ཀྱིས་མཛད་པའི་སྨོན་ལམ་སུམ་ཅུ་པ་ནི། བདག་གཞན་རྣམས་ཀྱི་རྒྱུད་ལ་བརྒྱུད་ལྡན་བླ་མའི་བྱིན་རླབས་འཇུག་པར་གྱུར་ཅིག །དོན་གྱི་ངོ་སྤྲོད་གནད་དུ་ཆུད་པར་གྱུར་ཅིག །རྟོགས་པ་ཇི་ལྟ་བ་བཞིན་དུ་རྒྱུད་ལ་སྐྱེ་བར་གྱུར་ཅིག །སྟོབས་བཅུ་མི་འཇིགས་ལུང་བསྟན་ཐོབ་པར་གྱུར་ཅིག །ལྟ་སྟངས་གྲུབ་ཅིང་རྟེན་འབྲེལ་འཆར་བར་གྱུར༴ འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར༴ ས་ལམ་གདན་ཐོག་གཅིག་ཏུ་བསྒྲོད་ནུས་པར་གྱུར༴ ཤེས་རབ་ཀྱི་སྤྱན་གྱིས་ཆོད་ཉིད་ཀྱི་བདེན་པ་མཐོང་བར་གྱུར༴ ཡོན་ཏན་ལོ་འདབ་བཞིན་དུ་རྒྱས་པར་གྱུར༴ འབྲས་བུ་དཔག་བསམ་བཞིན་དུ་སྨིན་པར་གྱུར༴ མོས་གུས་རི་རབ་བཞིན་དུ་བརྟན་པར༴ ངེས་པའི་ཤེས་པ་ཐེ་ཚོམ་དང་བྲལ་བར༴ ལས་ཀྱི་འཕྲོ་སད་ནས་སྨོན་ལམ་རྣམ་པར་དག་པར༴ གོ་ཆས་འཇིག་རྟེན་གྱི་དྲི་མ་དག་པར༴ སྒྲུབ་པ་ལ་བར་ཆད་མེད་ཅིང་དཀའ་ཐུབ་བཙན་པར༴ རྩ་རླུང་ཐིག་ལེ་ལས་སུ་རུང་བར༴ རྟག་ཏུ་བསམ་པ་རྣམ་པར་དག་པར༴ བྱང་སེམས་ལ་ཉམས་པ་མེད་པར༴ ཐེག་ཆེན་གྱི་ལྟ་སྒོམ་ཉམས་སུ་མྱོང་བར༴ གཉིས་སྣང་གི་ཤེས་པ་རང་སར་གྲོལ་བར༴ རིགས་ཁྱད་པར་ཅན་དུ་སྐྱེ་བར༴ བརྒྱུད་ལྡན་བླ་མས་རྗེས་སུ་འཛིན་པར༴ ལས་ཀྱི་མཐའ་མི་ལོག་པར༴ ཤེས་རབ་གསུམ་ལ་བློ་སྦྱོང་བར༴ དབང་གི་བྱིན་རླབས་འཇུག་པར༴ བདེ་བ་རྡོ་རྗེ་ལྟ་བུ་ཐོབ་པར༴ རྣམ་ཤེས་རྩ་རླུང་ལ་རང་དབང་ཐོབ་པར༴ རང་ལུས་གཟུགས་སྐུར་འགྲུབ་པར༴ ཆོས་སྐུ་མངོན་སུམ་དུ་རྟོགས་པར༴ སྤྲུལ་སྐུ་ཕྲིན་ལས་ཀྱི་གཞན་དོན་མཐར་ཕྱིན་པར་གྱུར་ཅིག །མངྒ་ལཾ།། །། སྐྱིད་ན་སྐྱིད་པ་ཚོགས་སུ་བསྔོ། །ཚོགས་གཉིས་ཀྱི་ནམ་མཁའ་གང་བར་ཤོག །སྡུག་ན་སྔོན་བསགས་ཀྱི་ལས་ངན་འཛད། །སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཕཊ་ཕཊ་ཕཊཿ ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་ལ་འདུས། །བདུད་བཞི་དབྱིངས་སུ་ཆོད་པར་ཤོག །ཕཊ་ཕཊ་ཕཊཿ ཐོགས་བཅས་ཕྱི་ཡི་ཡུལ་ལ་ཕཊཿ ཐོགས་མེད་ནང་གི་བློ་ལ་ཕཊཿ དགའ་བྲོད་མངོན་པར་ཞེན་ལ་ཕཊཿ སྙེམས་བྱེད་གཉིས་འཛིན་རྟོག་ལ་ཕཊཿ དགྲ་ཆོས་བརྒྱད་རྣམས་རྟོག་ཞི་བར་ཤོགཿ ཕཊཿཕཊཿཕཊཿ འགྱུར་མེད་པདྨ་བི་ཛའི་གསུང་ལས་སོ།། །།