DKYD-DZINDROL-023

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཟབ་མོ་གཅོད་ཀྱི་སྤྱི་བརྒྱུད་གསོལ་འདེབས། །ན་མོ་གུ་རུ། ཡུམ་ཆེན་ཤེར་ཕྱིན་སྟོན་པ་བཅོམ་ལྡན་འདས། །འཇམ་དཔལ་སྨྲ་སེང་རྗེ་བཙུན་སྒྲོལ་མ་དང་། །བདེ་བའི་དངོས་གྲུབ་ཨཱརྱ་དེ་བ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དམ་པ་སངས་རྒྱས་བསོད་ནམས་བླ་མ་དང་། །ལབ་ཀྱི་སྒྲོན་མ་རྒྱལ་བ་དོན་ཀུན་གྲུབ། ཁུ་སྒོམ་ཆོས་སེང་དོལ་པ་ཟང་ཐལ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱ་ནག་གཅེར་བུ་སངས་རྒྱས་རབ་སྟོན་དང་། །རྟོགས་ལྡན་དགེ་སློང་ཞེན་མེད་རས་པ་མཆོག །སངས་རྒྱས་སྟོན་པ་མཁས་གྲུབ་ཆོས་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བཀྲ་ཤིས་མཚན་དང་རྡོ་རྗེའི་མཚན་ཅན་དང་། །ཀུན་དགའི་མཚན་དང་ཆོས་ཀྱི་རྒྱལ་མཚོ་དང་། །རྒོད་ཕྲུག་རས་པ་དུར་ཁྲོད་རས་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སངས་རྒྱས་བློ་གྲོས་ཆོས་ཀྱི་བློ་གྲོས་དང་། །སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པ་དང་། །མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཏེར་བདག་གླིང་པ་ལོ་ཆེན་དྷརྨ་ཤྲཱི། །འགྱུར་མེད་སྐལ་བཟང་འགྱུར་མེད་བསྟན་འཕེལ་དང་། །བསྟན་འཛིན་ཆོས་རྒྱལ་ཀུན་བཟང་གཞན་ཕན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡི་དམ་ལྷ་ཚོགས་མ་དང་མཁའ་འགྲོ་མ། །མ་མགོན་ལྕམ་དྲལ་ཆོས་སྲུང་དམ་ཅན་དང་། །གཅོད་ཡུལ་བརྒྱུད་པའི་བླ་མའི་ཚོགས་རྣམས་ཀྱིས། །བདག་གི་སྒོ་གསུམ་བྱིན་གྱིས་བརླབས་ནས་ཀྱང་། །གསང་གསུམ་མཐུ་ནུས་ཐོབ་པར་མཛད་དུ་གསོལ། །རང་དོན་ཀུན་ཟད་གཞན་དོན་འབད་མེད་འབྱུང་། །བདུད་བཞི་ཟིལ་ནོན་ས་ལམ་མཐར་ཕྱིན་ཅིང་། །མ་ཅིག་ཡུམ་ཆེན་དགོངས་དོན་མངོན་གྱུར་ནས། །རབ་འབྱམས་ཕྲིན་ལས་འཇུག་པ་མཐའ་ཡས་ཀྱིས། །མ་ལུས་འགྲོ་ཀུན་རྣམ་མཁྱེན་སར་འགོད་ཤོག །ཅེས་པ་ཟབ་མོ་གཅོད་ཀྱི་དགོངས་དོན་ཇི་བཞིན་བརྒྱུད་པའི་གསོལ་འདེབས་དོན་བསྡུས་འདི་རྒྱལ་ཁམས་པ་ཀུན་བཟང་གཞན་ཕན་གྱིས་བྱང་ཕྱོགས་མཚོ་སྔོན་ནས་བྲིས་སོ། །དགེའོ། །དགེའོ། །དགེའོ།། །།