DKYD-DZINDROL-009
ཡང་གསང་འཛིན་པ་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབ་ནི། གཞི་དབྱིངས་མི་འགྱུར་དོན་གྱི་འོག་མིན་ནས། ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མར། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ལྔ་ལྡན་སྒྱུ་འཕྲུལ་དྲྭ་བའི་ཕོ་བྲང་ནས། །ལོངས་སྤྱོད་ཡོངས་རྫོགས་རིགས་ལྔ་གངས་ཆེན་མཚོ། །སྟངས་དཔྱལ་ཉིད་ལས་མི་གཞན་རིགས་ཀྱི་འཁོར། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །གང་འདུལ་སྤྲུལ་སྐུའི་ཞིང་ཁམས་རྒྱ་མཚོ་ནས། །མངོན་རྫོགས་རྒྱལ་པོ་སྟོན་པ་བཅུ་གཉིས་དང་། །ཞི་ཆགས་ཁྲོ་བོའི་འཁོར་ཚོགས་བསམ་མི་ཁྱབ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །བདེ་སྟོང་འགྱུར་བ་མེད་པའི་ཕོ་བྲང་ནས། །ཌཱཀྐིའི་གཙོ་མོ་གསང་བ་ཡེ་ཤེས་ཡུམ། །རྡོ་རྗེ་ཕག་མོ་ཁྲོས་མ་ལྷ་ལྔའི་ཚོགས། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །གསང་ཆེན་དྷུ་མ་ཐ་ལའི་གྲོང་ཁྱེར་ནས། །དགའ་རབ་དཔའ་བོ་སྟོན་པ་དྲི་མ་མེད། །བརྟུལ་ཞུགས་གྲུབ་བརྙེས་ཨ་ཙར་དམར་པོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ཧེ་རུ་ཀཿཡི་ཚོགས་ཁང་ཆེན་པོ་ནས། །ཐོད་ཕྲེང་རིགས་ལྔ་ཤཱནྟ་རཀྵི་ཏ། །པདྨ་ཐོད་ཕྲེང་དགྱེས་ཡུམ་མནྡཱ་ར། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །དུར་ཁྲོད་མཁའ་འགྲོའི་སྤྲིན་ཕུང་འཁྲིགས་པ་ནས། །བརྟུལ་ཞུགས་གྲུབ་བརྙེས་དམ་པ་ནག་པོ་དང་། །ཌཱཀྐིའི་རྗེ་མོ་ལབ་ཀྱི་སྒྲོན་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །ཟབ་གཏེར་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་ནས། །སྔགས་འཆང་གཏེར་ཆེན་ཉི་མ་འོད་ཟེར་དང་། །ཟིལ་གནོན་དཔའ་བོ་རྡོ་རྗེ་ཐོགས་མེད་རྩལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །སྣང་སེམས་རོ་གཅིག་རྟོགས་པའི་ཕོ་བྲང་ནས། །ཧེ་རུ་ཀཿདཔལ་ཁྲག་འཐུང་དཔའ་བོ་དང་། །གསང་བའི་ཡུམ་ཆེན་དྷརྨ་ཏཱ་རེ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །འཁྲུལ་སྣང་རང་སར་གྲོལ་བའི་ཕོ་བྲང་ནས། །ཐུགས་ཀྱི་སྲས་མཆོག་རིག་པའི་རལ་གྲི་དང་། །ཆོས་ཀྱི་བདག་པོ་འོད་ཟེར་མཐའ་ཡས་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར༴ གཉིས་འཛིན་རང་སར་ཞིག་པའི་ཕོ་བྲང་ནས། ཁྱབ་བདག་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། །འཁྲུལ་ཞིག་གཅོད་སྨྱོན་ཆོས་དཔལ་བཟང་པོའི་ཞབས། །གསོལ་བ་འདེབས་སོ་བྱིན་རླབས་ཆར༴ དད་དམ་འགྱུར་བ་མེད་པའི་ཕོ་བྲང་ནས། །སྨིན་གྲོལ་མཆོག་སྩོལ་ཡོན་ཏན་མགོན་པོ་དང་། །ལས་ཅན་བརྒྱུད་འཛིན་རིམ་པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར༴ ༼གཞན་ཡང་འགྲོ་འདུལ་ཆོས་ཀྱི་ཕོ་བྲང་ནས། །མཁས་གྲུབ་དབང་ཕྱུག་བསོད་ནམས་ཆོས་འཕེལ་དང་། །ཐུགས་རྗེའི་མངའ་བདག་བཀྲ་ཤིས་དཔལ་འབྱོར་སོགས། །བྱིན་རླབས་བརྒྱུད་སྲོལ་རིམ་བྱོན་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར༴༽ མཆོག་ཐུན་དངོས་གྲུབ་སྤྲིན་འཐིབས་གཞལ་ཡས་ནས། །ཡི་དམ་ཁྲོས་མ་བདུད་འདུལ་མཁའ་འགྲོའི་ཚོགས། །བཀའ་དང་གཏེར་གྱི་སྲུང་མ་དམ་ཚིག་ཅན། །གསོལ་བ་འདེབས་སོ་བྱིན་རླབས་ཆར༴ དེ་ལྟར་མི་ཕྱེད་གདུང་བའི་ཤུགས་དྲགས་པོའི། །རྣམ་གསུམ་དད་པས་གསོལ་བ་བཏབ་པའི་མཐུས། །སྐྱབས་ཡུལ་རྣམས་ཀྱིས་ཐུགས་རྗེའི་ཤུགས་སྐྱེད་ལ། །གསང་གསུམ་ཡེ་ཤེས་བྱིན་ཆེན་དབབ་ཏུ་གསོལ། །ཨ་འཐས་སྒྱུ་ལུས་གདོས་བཅས་ཕུང་པོའི་ཁམས། །ཟག་པ་རང་ཟད་འོད་ཀྱི་སྐུར་སྨིན་ཞིང་། །ལས་རླུང་འགྱུ་བ་དབུ་མའི་དབྱིངས་སུ་ཐིམ། །གཟུང་འཛིན་ཡེ་གྲོལ་ཆོས་ཟད་མཐར་ཕྱིན་ཤོག ཁྱད་པར་རོ་སྙོམས་ཆེན་པོའི་བརྟུལ་ཞུགས་ཀྱིས། །རེ་དོགས་བླང་དོར་ཞེན་པ་རང་ཟད་དེ། །སྣང་སེམས་དབང་བསྒྱུར་འབྲས་བུའི་དེ་ཉིད་མཐོང་། །བློ་བྲལ་རྟོགས་པའི་རྩལ་ཆེན་རྫོགས་པར་ཤོག །དེ་ལས་སླར་ཡང་གདུལ་དཀའི་འགྲོ་རྣམས་ལ། །རླབས་ཆེན་སྦྱོར་སྒྲོལ་མངོན་འབྱུང་སྤྱོད་པ་ཡིས། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་ཀྱི། །མཛད་སྤྱོད་རྒྱ་མཚོ་མཐའ་རུ་ཕྱིན་པར་ཤོག །མདོར་ན་བཟང་ངན་ལས་ཀྱིས་འབྲེལ་བ་ཀུན། །ཤ་ཟ་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རིར། །པདྨ་ཐོད་ཕྲེང་སྲས་ཀྱི་ཐུ་བོ་རུ། །སྐྱེས་ནས་ཚོམ་བུ་གཅིག་ཏུ་འཚང་རྒྱ་ཤོག །ཡང་ཟབ་འཛིན་པ་རང་གྲོལ་གྱི། །གསོལ་འདེབས་བྱིན་རླབས་ཆར་འབེབ་འདི། །གཏེར་ཆེན་འོད་གསལ་རྡོ་རྗེ་ཡི། །བཀའ་གནང་རྟེན་འབྲེལ་མི་བཟློག་ཙམ། །ཚུལ་འདིར་མོས་ལྡན་རྣལ་འབྱོར་པ། །འཇིགས་མེད་ཡོན་ཏན་མགོན་པོ་ཡིས། །གང་ཤར་ཐོལ་བྱུང་ཚུལ་དུ་བཀོད། །དགེ་བས་འཁོར་བ་དོང་སྤྲུག་ཤོག །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།གོང་གི་རྟགས་བར་གྱི་ཤྭ་ལོ་ཀ་ཡང་རྫོགས་སྤྲུལ་ལྔ་པ་མན་ནས་རང་ལ་སྨིན་བྱེད་ཐོབ་པའི་བརྒྱུད་རིམ་ལྟར་པད་བཀོད་སྒམ་སྤྲུལ་ལམ་དྭགས་སྤྲུལ་མིང་པས་ཞལ་སབ་ཞུས་པའོ། །